སློབ་གསོ་དང་མི་གཤིས་སྐོར་གྱི་བགྲོ་གླེང་།

དཀོན་མཆོག་ཚེ་རིང་།        2012-04-09

དེ་ཡང་སྐྱེས་བུ་སུ་འདྲ་ཞིག་ཡིན་རུང་།སློབ་གསོ་ལས་འཚར་ལོངས་མ་བྱུང་བ་གཅིག་ཀྱང་མེད།འོན་ཀྱང་སློབ་གསོའི་ལེགས་ཉེར་ལ་ཁྱད་པར་ཆེན་པོ་ཡོད་པར་བརྟེན་མིའི་གཤིས་རྒྱུད་ལ་ཡང་དེ་དང་དེ་འདྲ་བའི་ཧེ་བག་ཆེན་པོ་འབྱུང་བཞིན་ཡོད།ཚང་མ་མཐར་གཏུགས་ནས་བཤད་ན་སློབ་གསོའི་ཁོར་ཡུག་གི་ཤུགས་རྐྱེན་ལས་བྱུང་བ་ཞིག་སྟེ།
དང་པོ།ཡང་དག་པའི་སློབ་གསོས་མི་གཤིས་ལེགས་པོ་ཞིག་བསྐྲུན་ཐུབ།
གཅན་རོང་བསྟན་འཛིན་གྱིས་ཡང་དག་པའི་སློབ་གསོའི་ལྟ་ཚུལ་གྱིས་སློབ་མའི་ཕྱོགས་ཡོངས་ཀྱི་སྤུས་ཚད་འཕེལ་རྒྱས་སུ་གཏོང་ལ།ཕྱོགས་རེ་བའི་སློབ་གསོའི་ལྟ་ཚུལ་གྱིས་སློབ་མའི་ཕྱོགས་རེ་བའི་སྤུས་ཚད་ཙམ་ལས་མཐོར་འདེགས་གཏོང་མི་ཐུབ།ཅེས་གསུངས་པ་ལྟར་དེང་སྐབས་རང་རེའི་སྤྱི་ཚོགས་འདིར་སློབ་གསོའི་ཁོར་ཡུག་མི་འདྲ་བའི་མི་རིགས་མང་པོ་ཞིག་མཉམ་དུ་འདུ་འཛོམས་བྱེད་པ་དང་།དེ་དག་ལ་རང་རང་གི་ཐུན་མོང་མ་ཡིན་པའི་གཤིས་ཀ་རེ་ལྡན་སྲིད། ཡང་དག་པའི་སློབ་གསོས་མིའི་གཤིས་ཀ་དེ་ལེགས་པོའི་ཕྱོགས་སུ་བསྒྱུར་ཐུབ་ངེས་པ་དཔེ་མཚོན་ཙམ་ཞིག་བརྗོད་ན།དེང་སྐབས་རང་རེའི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་བྱ་འཕུར་བ་ལྟར་ཕྱིན་པས།མིའི་རྒྱུ་ནོར་སྟོབས་འབྱོར་ཇེ་ཆེར་སོང་གཤིས།ཕ་མ་མང་པོ་ཞིག་གིས་རང་ཉིད་ཀྱི་བུ་ཕྲུག་ལོ་ན་ཆུང་ཆུང་གི་དུས་ནས་ལག་འཁྱེར་ཁ་པར་ཉོ་བ་དང་།སྦག་སྦག་འཁོར་ལོ་ཉོ་བ།རླངས་འཁོར་ཉོ་བ་སོགས་བྱིས་པའི་སེམས་འདོད་ལྟར་ཉོ་བར་མ་ཟད།ད་དུང་རང་ཉིད་ཀྱི་ཕྲུ་གུ་ནི་ཕ་མར་གཅེས་པ་དང་བློ་རིག་བཀྲ་བ།འཇོན་ཐང་ཆེ་བ་སོགས་བསྟོད་པའི་ཚིག་སྙན་མང་པོ་ཞིག་གིས་བརྒྱན་མཐར་ཕྲུ་གུ་དེ་ཉིད་ཀྱི་བསམ་པར་ཡང་སྤྱི་ཚོགས་འདིར་ང་ལས་སྐྱིད་པ་དང་ང་ལས་འཇོན་ཐང་ཆེ་བ་ཞིག་མི་འདུག་སྙམ་པའི་སྤོབས་ཉམས་སྐྱེས་ནས།ཉམ་ཆུང་ལ་ཐུབ་ཚོད་དང་འདྲ་མཉམ་ལ་འགྲན་རྩོད་སོགས་རྒན་བཀུར་གཞོན་གཅེས་ཀྱི་སེམས་པ་དང་བྲལ་ཞིང་འཇིགས་ཉམས་དང་ང་ཆེ་ང་བཙན་གྱི་རང་གཤེད་ཅན་ཞིག་ཏུ་གྱུར་ནས་སུ་ལ་ཡང་མི་བརྩི་བ་དང་སུས་ཀྱང་གཅུན་མི་ཐུབ་པའི་མི་ཐ་ཤལ་ཞིག་ཏུ་འགྱུར་བཞིན་པ་མང་པོ་ཞིག་དྲངས་སུ་ཡོད་པ་རེད།དེ་དག་ཚང་མ་ཨ་མའི་ཁོག་ནས་སྐྱེས་པ་ནས་ལྷན་སྐྱེས་སུ་གྲུབ་པའི་གཤིས་ཀ་ཞིག་མ་ཡིན་པར་སློབ་གསོའི་ཐབས་ལམ་མམ་ཡང་དག་མ་ཡིན་པའི་སློབ་གསོ་ལས་བྱུང་བའི་མཇུག་འབྲས་ངན་པ་ཞིག་རེད།དེ་ལས་ལྡོག་སྟེ་རྒྱུ་ནོར་གྱི་ཆ་རྐྱེན་ཅུང་ཞན་པའམ་རིག་གནས་ཀྱི་ཆུ་ཚད་ཅུང་མཐོ་བའི་སློབ་གསོའི་ཁོར་ཡུག་ལེགས་པོ་ཞིག་ཡོད་ན་ཐོག་མའི་དུས་ནས་ཕྲུ་གུར་ངན་ལོབ་མི་གཏོང་བར་ཕྲུ་གུའི་བྱེད་ལུགས་བྱེད་སྟངས་དང་སྐད་ཆའི་ཤོད་སྟངས།ཐ་ན་གོམས་པའི་འགྲོ་ཕྱོགས་སོགས་ཚང་མར་སྐྱོན་སེལ་གྱིས་ཐོག་མ་ཉིད་ནས་ཕྲུ་གུའི་མི་གཤིས་ཀུན་སྤྱོད་ལ་དོ་སྣང་བྱ་རྒྱུ་གཙོ་ཆེར་འཛིན་པའི་དབང་གིས་མི་གཤིས་ཀྱི་སྤྱོད་པ་བླ་ན་འཕགས་པའི་སྐྱེས་བུ་དམ་པ་ཞིག་ཏུ་ཡང་འགྱུར་སྲིད།དེ་བཞིན་མི་བུ་རྒན་པ་ཞིག་ལ་ཆ་མཚོན་ནས་བརྗོད་ན་ཡང་སློབ་གསོ་མྱང་མ་མྱང་གིས་མིའི་ཀུན་སྤྱོད་ལ་ཁྱད་པར་ཧ་ཅང་ཆེན་པོ་འགྲོ་སྲིད་དེ།“མི་ཞིག་གི་འབྱུང་འགྱུར་གང་འདྲ་ཞིག་ཆགས་མིན་གཙོ་བོ་ཁྱེད་ཚོས་མི་དེ་ལོ་ལྔའི་གོང་མི་གང་འདྲ་ཞིག་ཏུ་གསོ་སྦྱོང་གནང་བར་བལྟ་དགོས།ཁྱེད་ཚོས་མི་དེ་ལོ་ལྔར་མ་སོན་གོང་སློབ་གསོ་ཡང་དག་མ་སྐྱོན་ཚེ།ཕྱིན་ཆད་ཡང་བསྐྱར་སློབ་གསོ་མུ་མཐུད་མ་སྐྱོན་ཐབས་མེད་ཡིན”ཞེས་མྰ་ཁ་ལེན་ཁོས་གསུངས་པ་བཞིན་སློབ་གསོ་ནི་མིའི་རིགས་སུ་གྱུར་པ་གང་སུ་ལ་ཡང་རྒྱུད་དགོས་པའི་ལམ་བུ་ཞིག་ཡིན་ལ།“ཕྲུ་གུ་དཀྱུས་མ་ཞིག་ཡིན་ནའང་སློབ་གསོ་ཡག་པོ་བྱུང་ཚེ།ཕུལ་བྱུང་གི་མི་སྣ་ཞིག་ཏུ་ཆགས་ཐུབ་པའོ”ཞེས་ཨའེ་ལྦེ་ཞིའུ་ཡིས་གསུངས་པ་ལྟར་ཡང་དག་པའི་སློབ་གསོས་མིའི་བསམ་བློ་དང་རིག་གནས་སོགས་གང་ཅིའི་ཐད་འཕེལ་རྒྱས་ཆེན་པོ་འབྱུང་ཐུབ་ལ།དེ་ལྟར་ན་སློབ་གསོས་བསྒྲུབ་འོས་པའི་འོས་གའན་ཡང་གྲུབ་པ་ལགས། སློབ་གསོ་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་མི་རིགས་འཕེལ་རྒྱས་ཀྱི་དགོས་མཁོ་བཅས་ལ་དམིགས་ནས་སྤེལ་བ་ལགས་ཤིང་།གལ་ཏེ་སློབ་གསོས་བསྒྲུབ་དགོས་པ་ནི་སློབ་ཆུང་སློབ་མའི་ཤེས་བྱ་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་ཁོ་ནའམ་དགེ་སློབ་གཉིས་ཀྱི་སློབ་གསོའི་བྱ་གཞག་སྤེལ་བའི་ཐད་ནུས་པ་གང་ལེགས་འདོན་ཕོ་ཆེ་ཙམ་དུ་མངོན་ན།དེ་ནི་འཐུས་ཚང་མིན་པའི་སློབ་གསོ་རྐང་ཆག་ཅིག་ཡིན་ངེས།སློབ་གསོ་ནི་སྤྱི་ཚོགས་ཁྱོན་ཡོངས་ལ་ཕན་པ་བསྒྲུབ་པའི་བྱ་བ་རླབས་པོ་ཆེ་ཞིག་ཡིན་པ་ལས་སློབ་གསོའི་མ་ལག་གི་ཁྱབ་ཁོངས་སུ་གཏོགས་པའི་རིག་ཚན་ཆུང་ཆུང་དུ་དེ་ཁོ་ན་རུ་ངོས་འཛིན་བྱ་མི་རུང་།དེ་ལས་ཀྱང་ལྷག་པར་དུ་སྤྱི་ཚོགས་ཀྱི་དངོས་པོའི་དཔལ་ཡོན་གོང་འཕེལ་འགྲོ་བའི་མཐུན་རྐྱེན་བཟང་པོ་འདི་དང་བསྟུན་ནས་ང་ཚོས་མི་རྣམས་ཀྱི་བསམ་པའི་དཔལ་ཡོན་གྱི་ཆུ་ཚད་ཀྱང་གོང་མཐོར་གཏོང་དགོས་ངེས་ལགས་མོད།འོན་ཀྱང་།དེང་སྐབས་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་མི་མང་པོའི་བསམ་བློའི་ཀུན་སྤྱོད་ཀྱི་ཐད་ནས་ད་དུང་འཕེལ་རྒྱས་ཀྱི་གོམ་ཁ་དལ་དྲགས་པའི་སྐྱོན་འདུག་པས།དགོས་པ་འདིར་དམིགས་ནས་སློབ་གསོ་དང་མི་གཤིས་གཉིས་དབར་གྱི་འབྲེལ་བ་དང་དེ་གཉིས་ཀྱི་ཕན་ཚུན་ལ་ཐེབས་པའི་ཤུགས་རྐྱེན་སྐོར་ཅུང་ཙམ་གླེང་བར་འདོད་དེ། གཉིས་པ།མི་གཤིས་ཀྱིས་སློབ་གསོ་སྤེལ་བར་ཤུགས་རྐྱེན་ངེས་ཅན་ཐེབས་སྲིད།
སློབ་གསོ་ནི་མིའི་རིགས་འཕེལ་རྒྱས་ལ་དགོས་ངེས་ཀྱི་རྒྱགས་ཕྱེ་མེད་དུ་མི་རུང་བ་ཞིག་ལ།མི་གཤིས་བཟང་ངན་གྱིས་ཀྱང་སློབ་གསོར་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་སྲིད་པ་ལགས།གལ་ཏེ་མི་ཞིག་ལ་ཀུན་སྤྱོད་ཚད་ལྡན་ཞིག་མེད་ན་ཁོས་སློབ་གསོའི་བྱ་བཞག་ལ་བརྩི་འཇོག་བྱ་མི་སྲིད་ལ་མི་གཞན་གྱི་ཁོ་དང་ཁོ་འདྲ་བའི་སྤྱི་ཚོགས་ལ་སློབ་གསོ་གཏོང་བར་སྐྲག་སྣང་སྐྱེས་ནས་རང་ནུས་ཡོད་དགུས་འཐབ་རྩོད་བྱ་སྲིད།དཔེ་ཞིག་བཞག་ནས་གསལ་སྟོན་བྱས་ན།གྲྭ་བའམ་རྣལ་འབྱོར་པ་རྫུན་མ་ཞིག་གལ་སྲིད་ས་འཁྱོག་ལུང་ཁུག་ཅིག་ཏུ་རྟག་པར་གྲོང་ཚོའི་མི་རྣམས་མགོ་བསྐོར་ནས་འཚོ་བ་རོལ་བཞིན་པའི་སྐབས།གློ་བུར་དུ་ཤེས་ལྡན་པ་ཞིག་གིས་གནས་ཚུལ་དེ་རྟོགས་ནས་བརྟག་དཔྱད་ཞིབ་འཇུག་སྒོས་ཁོར་སློབ་གསོ་ལེགས་པོ་ཞིག་བཏང་རུང་།ཁོས་ད་དུང་གྲོང་ཚོའི་མི་རྣམས་ལ་མཐུན་སྒྲིལ་གོང་བུར་བསྒྲིལ་ནས་སློབ་གསོ་རྫུན་པ་གཏོང་མཁན་ལ་འཐབ་རྩོད་བྱ་དགོས་ཞེས་ཤོད་སྲིད་ལ།གནས་ཚུལ་དེ་འདྲ་ནི་དེང་སྐབས་གྲོང་ཚོ་ཁ་ཤས་སུ་དངོས་སུ་འཕྲད་མྱོང་འདུག་ལ།དེ་མིན་ན་དཔལ་དོན་གྲུབ་རྒྱལ་གྱི་《སྤྲུལ་སྐུ》དང་ཞི་བདེ་ཉི་མའི་《མོ་སྟོན་ཕག་མགོ》སོགས་ཀྱང་འབྱུང་གཞི་མེད་འགྲོ་བས།མི་གཤིས་ངན་པ་དག་གིས་སློབ་གསོ་ལ་མདུང་རྩེ་ཁ་སྤྲོད་ཀྱི་འཐབ་མོ་བྱེད་སྲིད་ལ།སློབ་གསོ་མྱོང་དུ་འཇུག་པ་ནི་ཁོ་ཚོའི་འཚོ་བའི་གཞི་རྟེན་མེད་པར་བཟོ་བའི་རྒྱུ་རུ་ཆགས་སྲིད་པས།ཁོ་ཚོར་མཚོན་ན།སློབ་གསོ་ནི་ནམ་ཡང་ཁས་ལེན་མི་ཐུབ་པའི་དོན་དག་གཅིག་པུ་དེའོ།།དེ་བཞིན་མི་གཤིས་ཀུན་སྤྱོད་བཟང་བའི་སྐྱེས་བུ་ཞིག་ལ་མཚོན་ན།ཁོས་རང་ཉིད་ཀྱི་ཁོར་ཡུག་ནང་གནས་པའི་མི་རྣམས་ལ་སློབ་གསོའི་རྨང་གཞི་ལེགས་པོ་ཞིག་བསྐྲུན་ཐུབ།མ་གཞི་ཁོ་བོར་སློབ་གསོ་གཏོང་བའི་ཡོན་ཚད་མེད་རུང་།ཁོའི་ཡིད་དུ་འོངས་པའི་ཀུན་སྤྱོད་དེས་མི་ཚང་མས་ཁོས་བཤད་པ་ལ་ཉན་ཞིང་།ཁོས་བྱས་པའི་བྱ་བར་བརྩི་འཇོག་དང་ཡིད་ཆེས་བྱེད་སྲིད་པས།མཇུག་མཐར་ཁོ་ནི་ཁོར་ཡུག་ཆུང་ཆུང་དེའི་སློབ་གསོའི་དེད་དཔོན་ལྟ་བུ་ཞིག་ཆགས་སྲིད་པ་རེད།རྒྱུ་མཚན་གང་ལགས་ཞེ་ན།ཀུན་སྤྱོད་གཙང་བས་གཞན་གྱི་ཡིད་དུ་འཐད།ཅེས་གསུངས་པ་ལྟར་མི་ཚང་མས་ཡིད་དུ་འཐད་པའམ་ཚང་མའི་བློ་ངོར་བབས་པའི་ཡ་རབས་ཚུལ་ལྡན་གྱི་སྤྱོད་པ་བླ་ན་འཕགས་པ་ཞིག་ཡོད་ན།མི་ཚང་མས་དེས་བཤད་པའི་གཏམ་ལ་ཉན་པ་སྤྲོ་ཞིང་།སློབ་གསོར་ཕན་ནུས་ངེས་ཅན་འདོན་ཐུབ་ཅེས་པ་ཡང་འདི་རིགས་ལ་བརྟེན་ནས་བརྗོད་པ་ལགས་ཤིང་།སློབ་གསོའི་རྨང་གཞི་ཡང་མི་གཤིས་དང་འབྲེལ་ནས་ཡོད་པས།སློབ་གསོ་དང་མི་གཤིས་གཉིས་ཕན་ཚུན་གཅིག་ལ་གཅིག་བརྟེན་ལས་འབྲེལ་བ་ཅི་ཡང་མེད་པ་ཞིག་གཏན་ནས་མིན་པས།ང་ཚོས་སློབ་གསོའི་རྩ་བའི་དམིགས་ཡུལ་དེ་ཡང་མི་གཤིས་ཀུན་སྤྱོད་ཇེ་ལེགས་སུ་གཏོང་རྒྱུ་དེར་དམིགས་ན་མི་མང་པོའི་དམིགས་འདུན་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་སྙིང་དང་དེ་བས་འཚམས་པར་འདོད།།
  • ལེ་ཚན་སྔོན་མ།:མི་གཤིས་དང་ཀུན་མཐུན།
  • ལེ་ཚན་རྗེས་མ།:བོད་ཀྱི་བྱིས་པར་སློབ་གསོ་གཏོང་ཐབས་རིགས་ཤིག་གི་བགྲོ་གླེང་།
  • དོ་སྣང་ཆེ་བའི་རྩོམ།