བསོད་ནམས་རྡོ་རྗེ། མཚོ་སྔོན་བོད་ཡིག་གསར་འགྱུར 2012-03-05
རྗེས་ལུས་སློབ་མའི་གྲུབ་རྐྱེན་གླེང་བ།
(1)དེང་རབས་སྤྱི་ཚོགས་ནས་ཐོན་པའི་རྒྱུ་རྐྱེན། བཅོས་སྒྱུར་སྒོ་འབྱེད་ཀྱི་རྦ་རླབས་དྲག་ཏུ་འཕྱུར་བ་དང་བསྟུན་ནས་ཚོང་ཟོག་དཔལ་འབྱོར་གོང་དུ་འཕེལ་ཏེ་ཁྲ་ཁྲ་རིག་རིག་གི་ལས་རིགས་སྣ་མང་ཐོན་པ་སྟེ། དཔེར་ན་གླུ་གར་ཁང་དང་བརྙན་ཕབ་ཁང་། དྲ་ཁང་སོགས་བྱུང་བ་རེད། དེ་དག་གིས་ཕྱོགས་གཅིག་ནས་སློབ་མའི་མཐོང་རྒྱ་ཇེ་ཆེ་དང་སློབ་མའི་བསམ་བློའི་འཚོབ་ཕུན་ཚོགས་སུ་བཏང་མོད། ཕྱོགས་གཞན་ཞིག་ནས་འཕྲུལ་སྣང་ཇེ་མང་དང་ལད་ཟློས་ཇེ་ཆེ། ད་དུང་སློབ་མས་སློབ་གྲྭ་ནས་སློབ་སྦྱོང་བྱེད་པར་བགེགས་བཟོ་་མ་ཟད། ལེ་ལོ་རྣམ་གཡེང་གི་ཕྱོགས་སུ་ཁ་ལོ་བསྒྱུར་ཏེ་འཁྱམ་ཉུལ་སྒྱིད་ལུག་དང་མི་དྲན་དགུ་དྲན། མི་ལས་དགུ་ལས་སུ་གྱུར་པ་རེད།
(2)སློབ་གྲྭ་དང་དགེ་རྒན་ལས་ཐོན་པའི་རྒྱུ་རྐྱེན། སློབ་གྲྭའི་ཡང་དག་མིན་པའི་སྒྲིག་ལམ་དང་དགེ་རྒན་ཁྲོད་གནས་པའི་ནོར་འཛོལ་གྱི་རྣམ་འགྱུར་དང་བྱེད་ཐབས་དེ་དག་ནི་སློབ་མ་ཇི་སྙེད་ཅིག་རྗེས་ལུས་སློབ་མའམ་སློབ་སྦྱོང་ལ་ཞན་པའི་སློབ་མར་འགྱུར་བར་ཐད་ཀར་འབྲེལ་བའི་རྒྱུ་རྐྱེན་རེད། གཙོ་བོ་དགེ་རྒན་གྱིས་སློབ་མར་རྒྱུས་ལོན་མི་བྱེད་པར་སྤྱོད་པ་རྩུབ་ཅིང་ནམ་རྒྱུན་སློབ་མའི་སྐྱོན་མཚང་འདྲུ་བ། ལུས་ཆད་གཅོད་པ། སློབ་ཁྲིད་ལ་ཉན་དུ་མི་འཇུག་པ་དེ་དག་གིས་རྗེས་ལུས་སློབ་མ་རྣམས་རྒྱ་ཡན་ལང་ཤོར་དུ་བཏངས། འདི་ལྟ་བུའི་སློབ་མས་ཤེས་ཡོན་སྦྱོང་བ་ཕར་ཞོག དེ་ལས་ལྡོག་སྟེ་སློབ་ལ་སུན་སྣང་དང་གང་འདོད་སློབ་བྱོལ་སོགས་བྱས་ཏེ་སློབ་གྲྭའི་སྒྲིག་ལམ་དང་འགལ་བའི་བྱ་ངན་སྣ་མང་བསྒྲུབས་པ་རེད།
(3)ཁྱིམ་ཚང་སློབ་གསོའི་ནོར་འཛོལ་ལས་བྱུང་བའི་རྒྱུ་རྐྱེན། ནམ་རྒྱུན་བཟའ་འཁོན་དང་སྐད་བཙོག་པོ། གཅར་རྡུང་གཤེ་གཤེ། རྫུན་བཤད་གཡོ་ལེན་བྱེད་པའི་ཁྱིམ་ཚང་གི་བྱིས་པ་མང་ཆེ་ཤོས་ཀྱི་རྣམ་ཤེས་རྒོད་ཅིང་སེམས་ཁམས་རྣལ་མོ་མིན་པ་དང་། ཡང་བཟའ་ཚང་འཐོར་བའི་བྱིས་པ་དང་དྭ་ཕྲུག་ཏུ་ལུས་པའི་བྱིས་པ་རྣམས་ལ་ཕ་མའི་དྲོད་སྐྱིད་དང་བརྩེ་སེམས། སེམས་ཁུར་དང་བྱམས་སྐྱོང་བྲལ་བ། སློབ་མ་ལ་ལའི་ཁྱིམ་ཚང་གི་འབྱོར་བ་བཟང་རྐྱེན། ཕ་མས་ཉིན་རྒྱུན་སྒོར་མོ་དང་ཟས་གོས་གང་འདོད་དུ་བསྟབས་ཏེ་ཚད་མེད་གཅེས་ལངས་སུ་བཏང་བ། གཞན་ཡང་དབུལ་ཕོངས་ཁྱིམ་ཚང་ངམ་གཞི་རིམ་སློབ་མ་ཁག་ཅིག་གིས་སློབ་གྲྭ་གྲོལ་རྗེས་ཁྱིམ་ཚང་གི་ནོར་ཟོག་སྡུད་འཇུག་དང་ལས་ཀ་སྣ་ཚོགས་ལས་རོགས་བྱེད་དགོས་རྐྱེན། བསླབས་ཟིན་པའི་ཤེས་བྱ་བསྐྱར་སྦྱོང་དང་སྲ་བརྟན་བྱེད་པའི་ཁོམ་ལོང་ཤིན་ཏུ་ཉུང་། དེ་བས་སློབ་སྦྱོང་གི་རྗེས་མ་ཆོད་པར་གྲུབ་འབྲས་སྔར་ལས་ཇེ་ཞན་དུ་གྱུར་ཅིང་། རིམ་གྱིས་ལེ་ལོ་སྒྱིད་ལུག་དང་སློབ་ལ་སུན་སྣང་གི་བསམ་ཚུལ་བྱུང་བ་རེད།
རྗེས་ལུས་སློབ་མའི་སྐྱོང་ཐབས་གླེང་བ།
(1)ཁྱིམ་ཚང་དང་སློབ་གྲྭའི་འབྲེལ་བར་ཤུགས་བསྣན་ཏེ་སློབ་གསོའི་ཁོར་ཡུག་ལེགས་པོ་ཞིག་གསར་བཟོ་བྱ་དགོས། ཁྱིམ་ཚང་སློབ་གསོའི་བཟང་ངན་དེས་བྱིས་པའི་མི་ཚེ་གང་བོར་བག་ཆགས་དང་བྱེད་ནུས་གལ་ཆེན་འདོན་གྱི་ཡོད། དགེ་རྒན་གྱིས་ཁྱིམ་བདག་ཚོགས་འདུ་སོགས་བྱེད་ཐབས་སྣ་མང་སྤྱད་དེ་སློབ་མའི་ཁྱིམ་བདག་དང་འབྲེལ་འདྲིས་བྱས་ནས་སློབ་མའི་གནས་ཚུལ་རྒྱུས་ལོན་བྱེད་དགོས་པ་མ་ཟད། བྱིས་པ་སློབ་གྲྭར་གནས་དུས་ཀྱི་སྣང་ཚུལ་ཐམས་ཅད་ཁྱིམ་བདག་ལ་སྙན་སེང་ཞུས་ནས་ཁྱིམ་བདག་གིས་ཁྱིམ་ཚང་སློབ་གསོའི་ཡང་དག་པའི་བྱེད་ཐབས་འཚོལ་བར་རོགས་རམ་བྱེད་དགོས་ལ། ཁྱིམ་བདག་གིས་ཀྱང་སློབ་གྲྭ་དང་དགེ་རྒན་ལ་གཞོགས་འདེགས་བྱས་ཏེ་བྱིས་པར་སློབ་གསོ་གཏོང་དགོས་ཤིང་། ཉིན་རྒྱུན་འཚོ་བའི་ཁྲོད་བཟའ་ཚང་འགྲིག་མཐུན་དང་རྒན་བཀུར་ཆུང་བྱམས། ཞི་དུལ་བག་ཡོད། ལྷག་བསམ་ཟོལ་མེད་ཀྱིས་གཞན་ལ་རོགས་རམ་བྱེད་པའི་སྤྱོད་ལམ་བཟང་པོས་བྱིས་པར་མིག་དཔེ་བསྟན་ནས་ཁོ་ཚོ་བདེ་ཐང་ངང་འཚར་ལོངས་འབྱུང་བར་སྐུལ་འདེད་བྱེད་དགོས།
(2)དགེ་རྒན་གྱིས་རང་འགུལ་ངང་རྗེས་ལུས་སློབ་མའི་ཉིན་རྒྱུན་གྱི་བྱ་སྤྱོད་དང་བསམ་བློའི་སྣང་ཚུལ་ལ་རྒྱུས་ལོན་བྱེད་པར་ཤུགས་བསྣན་ཏེ་ཕྱོགས་ཡོངས་ནས་ཁོཚོར་སེམས་ཁུར་གནང་དགོས། དགེ་རྒན་གྱིས་དུས་རྒྱུན་སློབ་མར་འབྲེལ་འདྲིས་བྱས་ཏེ་རྒྱུས་ལོན་གཏིང་ཟབ་བྱེད་དགོས་ཤིང་། ཁ་བརྡ་བྱེད་པའི་ཁྲོད་སློབ་མར་བྱམས་བརྩེ་དང་ལྡན་པའི་ངང་སེམས་གཏིང་གི་སྐད་ཆ་བཤད་ནས། ཁོ་ཚོས་རང་ཉིད་ཀྱི་བསམ་བློའི་སྐྱོན་ཆ་ངོས་འཛིན་གད་ལེགས་བྱེད་པར་མཛུབ་སྟོན་བྱ་དགོས། དེའི་མཚུངས་སུ་ཁོ་ཚོའི་ལུས་སྟེང་གི་ལེགས་ཆ་ཕྲན་བུ་ཙམ་ཡང་འཚོལ་ཞིབ་དང་གཅེས་འཛིན་གང་ལེགས་བྱེད་པ་མ་ཟད། འོས་འཚམ་གྱིས་གདེང་འཇོག་དང་གཟེངས་བསྟོད་བྱས་ཏེ་ཁོ་ཚོའི་རང་བཀུར་བསམ་པ་གསོ་སྐྱོང་བྱེད་དགོས།
(3)སློབ་གྲྭའི་དོ་དམ་ལ་ཤུགས་བསྣན་ཏེ་དགེ་རྒན་གྱི་ཀུན་སྤྱོད་དང་བསམ་བློ་ཡག་པོ་གསོ་སྐྱོང་བྱ་དགོས། སློབ་གྲྭའི་དོ་དམ་ནི་རྨང་གཞི་དང་དགེ་རྒན་གྱི་བསམ་བློའི་ཀུན་སྤྱོད་ཀྱི་སྤུས་ཚད་ནི་གནད་འགག་ཡིན་པས། དགེ་རྒན་གྱི་སྤུས་མཚག་མཐོ་རུ་བཏང་སྟེ་སློབ་མར་གཅེས་སྐྱོང་བྱེད་པའི་ལས་རིགས་ཀུན་སྤྱོད་ཡག་པོ་ཞིག་གསོ་སྐྱོང་བྱ་དགོས། རྗེས་ལུས་སློབ་མར་མཚོན་ན་ཡང་། ཁོ་ཚོའི་སེམས་སུ་སློབ་གྲོགས་གཞན་དང་འདྲ་བར་འདྲ་མཉམ་དང་བརྩི་འཇོག་གི་རེ་བ་སྦས་ཡོད་ལ། དགེ་རྒན་གྱི་བརྩེ་སེམས་དང་རྒྱུས་ལོན་ཐོབ་འདོད་ཀྱང་ཤིན་ཏུ་ཆེ། དེ་བས་དགེ་རྒན་གྱིས་སློབ་མའི་ལོ་ན་དང་རིག་སྟོབས། རྨང་གཞིའི་ཆུ་ཚད། དགའ་མོས་སོགས་ལ་རྒྱུས་ལོན་བྱས་ཏེ་ཁོ་ཚོའི་མི་གཤིས་དང་རང་བཀུར་བསམ་པར་བརྩི་མཐོང་བྱ་དགོས་པར་མ་ཟད། དགེ་རྒན་རང་ཉིད་ཁོ་ཚོའི་སེམས་ཁོང་གི་སྙིང་ཉེ་བའི་གྲོགས་པོ་བཟང་པོ་ཞིག་བྱས་ནས་སློབ་སྦྱོང་བྱེད་པའི་གོམས་སྲོལ་ཡག་པོ་ཆགས་སུ་འཇུག་དགོས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10