འགུག་གླུ་ཡིད་ཀྱི་ལྕགས་ཀྱུ།
བཀྲ་ཤིས་ཀྱིས་བསྡུས། མགུར་གལུ་ཡིད་ཀྱི་ལྕགས་ཀྱུ། 2012-03-09
༡ མེ་ཏོག་མིག་ལ་མཛེས་བྱུང་།།
ཁམ་བུ་ཁ་ལ་ཞིམ་བྱུང་།།
ཁམ་སྡོམ་འདི་ཡི་གཤམ་ལ།།
མི་ཚེ་སྐྱེལ་ཐབས་ཨེ་ཡོད།།
༢ མེ་ཏོག་ཟེ་འབྲུའི་དཀྱིལ་ལ།།
དྲི་ལེན་བུང་བ་ཡོང་གྲགས།།
ང་རང་ཕྱེ་ལེབ་ཁྲ་མོས།།
ལྟད་མོ་རྒྱང་ནས་བལྟ་ཆོག །
༣ རྩ་རིར་གནས་བསྐོར་འགྲོ་ནས།།
ལག་རྟགས་གནས་སྨྱུག་འཁུར་ཡོད།།
ལག་རྟགས་ཆུང་སྣང་མ་ཤར།།
བྱིན་རླབས་ཆེན་པོའི་སྨྱུག་ཡིན།།
༤ བརྩེ་བ་ལྷ་ལ་མ་གནང་།།
དུང་བ་ཀླུ་ལ་མ་བསྐུར།།
དྲན་པའི་ཞིང་བཀོད་ཅིག་ལ།།
སྙིང་གྲོགས་ང་ཡིས་སྒུག་ཡོད།།
༥ ཚེས་པ་བཅོ་ལྔའི་ཟླ་བ།།
ཟླ་ཟེར་ང་ལ་ཕོག་བྱུང་།།
སྤྲིན་པ་ནག་ལོག་ཅིག་གིས།།
དེ་ལ་བར་ཆད་བརྒྱབ་བྱུང་།།
༦ མཚེའུ་འགྲམ་ལྕང་མའི་ཐོག་ལ།།
འབྲུག་གི་སྒོ་ང་བཞག་ཡོད།།
ལྕང་འདབ་གཡོ་གཡོ་མ་བྱེད།།
སྒོ་ང་ས་ལ་ལྷུང་འོང་།།
༧ མཚོ་མོ་ཡར་སྐྱོད་མར་སྐྱོད།།
རླུང་བུས་སྐྱོད་པ་ཡིན་གྲགས།།
གསེར་བྱ་ཐེ་ཚོམ་མ་ཤོར།།
མཚོ་མོའི་དཀྱིལ་ལ་བབས་ཤོག །
༨ མཚོ་མོ་འདི་ཡི་བདག་པོ།།
བྱ་གཅིག་ངང་པ་སེར་པོ།།
བྱ་རིགས་འདྲ་མིན་སྣ་ཚོགས།།
དོན་མེད་སྐོར་བ་མ་བྱེད།།
༩ མཛེས་པའི་སྟག་མའི་མེ་ཏོག །
ལག་གིས་བཏུས་ཀྱང་མ་མྱོང་།།
ལག་གིས་བཏུ་དགོས་བསམ་དུས།།
མེ་ཏོག་རླུང་གིས་ཁྱེར་ཐལ།།
༡༠ མཛེས་པའི་རྨ་བྱའི་སྒྲོ་རེད།།
སྙན་པའི་ཁུ་བྱུག་སྐད་རེད།།
སྐྱ་ག་ཁྲ་མོའི་སྒྲ་ལ།།
བློ་སེམས་ཤོར་དོན་མི་འདུག །
༡༡མཛེས་ལྡན་མེ་ཏོག་ཁྲ་མོ།།
བཀྲ་དུས་མཆོད་པར་འབུལ་དགོས།།
མེ་ཏོག་ནམ་ཟླས་ཡལ་ན།།
མཆོད་པའི་གྲས་ལ་མི་ཚུད།།
༡༢རྫ་གཅིག་ཁྲ་ཡག་རིག་དུས།།
གནའ་གཡག་སེམས་ལ་དྲན་བྱུང་།།
ཤ་གཅིག་ཞིམ་པོ་མིན་ན།།
སེམས་ལ་དྲན་དོན་མི་འདུག །
༡༣ཞབས་བྲོ་མ་རྒྱག་གོང་ལ།།
རྒྱ་གར་འཇུར་རྟ་ཉོས་ཡོད།།
འཇུར་རྟ་མ་ཟད་བར་ལ།།
ཞབས་བྲོ་མཚམས་འཇོག་མ་བྱེད།།
༡༤ཞིང་ལ་སྲན་མ་བཏབ་ཡོད།།
སྲན་མའི་མེ་ཏོག་ཤར་བྱུང་།།
དུས་དང་མཐུན་པའི་སྦྲང་ཆར།།
སྲན་མར་མགོན་སྐྱབས་མཛད་རོགས།།
༡༥གཞས་གཅིག་གཏོང་དགོས་བསམ་རུང་།།
སྒྲ་སྙན་བཏང་མཁན་མི་འདུག །
ཞབས་བྲོ་རྒྱག་དགོས་བསམ་རུང་།།
རྐང་ལ་ལྷམ་ཆུང་མི་འདུག །
༡༦ཡིད་འོངས་ཁུ་བྱུག་གསུང་སྐད།།
ད་ལོར་གྲག་རྒྱུ་མ་བྱུང་།།
མ་དགོས་འཇོལ་མོའི་སྐད་སྒྲ།།
ལུང་བཞི་ས་བཞིར་ཁྱབ་སོང་།།
༡༧རི་མགོར་སྨུག་པ་མ་འཁྲིགས།།
བྱམས་པའི་ཞལ་རས་མཇལ་དགོས།།
ཆུ་མོས་འུར་སྒྲ་མ་བརྒྱབ།།
བྱམས་པའི་གསུང་སྐད་ཉན་དགོས།།
༡༨ལ་ཁར་ཐང་ཤིང་ཆུང་ཆུང།།
ཞག་གཅིག་གནས་ཚང་གཡར་རོགས།།
རྒྱབ་ལ་འདེད་མཁན་བྱུང་ན།།
ལ་མོ་བརྒྱབ་ཐལ་ཟེར་རོགས།།
༡༩ལ་མོ་མ་འདྲིས་སྐབས་ལ།།
ལབ་རྩེ་གསོ་ཁ་འཚེར་སོང་།།
ལ་མོ་འདྲིས་རྒྱུ་བྱུང་ན།།
ལ་བཙས་ངང་གིས་གསོ་ཆོག །
༢༠ལུས་ལ་སེར་པོ་མནབས་ཚད།།
འགྲོ་བ་འདྲེན་མཁན་ཡིན་ན།།
བྱ་གཅིག་ངང་པ་སེར་པོས།།
འགྲོ་བ་གང་འདྲ་མི་འདྲེན།།