ལ་གཞས་རྣ་བའི་བདུད་རྩི།

གངས་དབང་གིས།        2012-02-07

དྲིན་ཆེན་ཕ་མི་ཁ་ཏ་དེ།།
ལྷ་བྱ་གོང་མའི་གསུང་སྐད་འདྲ།།
ལ་མོ་ཕར་ཕར་བརྒྱབ་དུས་སུ།།
གསུང་སྐད་ཚུར་ཚུར་སྙན་ནས་འོང་།།
 
ཆུང་འདྲིས་ཨ་གསར་ཆེ་བས།།
ཤོག་བུས་གོས་ཤིག་བཙེམས་ཐལ།།
སྐེ་རགས་སྐོར་གསུམ་བཅིངས་བས།།
སྟོད་ཁོག་སྨད་ཁོག་ཆད་ཐལ།།
 
དྲིན་ཕ་མས་ང་ལ་ཁ་ཏ་ཡོད།།
ང་གད་ཁ་གཟར་ཁར་མ་འགྲོ་ཟེར།།
ང་གད་ཁ་གཟར་ཁར་མ་འགྲོ་ན།།
ཤིང་བེ་ལོ་སྐྱེས་ས་གད་ཁ་རེད།།
 
གནམ་ན་སྐར་མས་གང་སོང་།།
སྨིན་དྲུག་འདྲ་ལེ་མི་འདུག །
རྒྱ་གྲོང་མི་ཡིས་གང་སོང་།།
ཕ་མ་འདྲ་ལེ་མི་འདུག །
 
རི་མགོ་མཐུན་པོའི་རྩེ་ལ།།
རས་དམར་ཁ་གང་འཕྱར་འདུག །
ད་ལོར་ཆར་ཆུ་འབེལ་བས།།
རས་དམར་ཚོས་ཁ་ལོག་སོང་།།
 
རྒྱ་གར་རི་ཡིས་ང་མཐོ་ཟེར།།
རྒྱ་ནག་རི་ཡིས་ང་དྲག་ཟེར།།
ང་མཐོ་ང་དྲག་མ་ཟེར་རོགས།།
ཨ་སྔོན་ཞབས་ལ་མཉམ་འཁྲུངས་རེད།།
 
ཁ་གཅིག་སྐོམ་པའི་དུས་ལ།།
ཆུ་ལ་ཧབ་འཐུང་བརྒྱབ་ཡོད།།
ཉ་ཕྲན་ཁོག་ལ་ཚུད་དུས།།
འགྱོད་པ་གཏིང་ནས་སྐྱེས་སོང་།།
 
ལྕང་མ་ཆུ་ནང་བཙུགས་ཡོད།།
གཞོགས་ཕྱེད་བྲག་ལ་བརྟེན་འདུག །
བྲག་སྟེང་བྱ་གཅིག་རྒོད་ཕྲུག །
ལྕང་མར་སྲུང་སྐྱོང་གནང་རོགས།།
 
 
  • ལེ་ཚན་སྔོན་མ།:གསར་བརྩམས་ལ་གཞས།
  • ལེ་ཚན་རྗེས་མ།:འགུག་གླུ་ཡིད་ཀྱི་ལྕགས་ཀྱུ།