ཨ་མ་དྲན་པའི་རོལ་དབྱངས།

བྲག་འགོ(བཀྲ་ཤིས་ནོར་བུས་བསྡུས།)        2011-08-26

ཨ་མ་དྲན་པའི་རོལ་དབྱངས།

སྔོ་བསངས་ལྷ་ལམ་དབྱིངས་ནས།དཀར་གསལ་དུང་མདོག་ཟླ་བའི།།འཛུམ་འཛུམ་ཞལ་ངོ་བཞད་ཚེ།ང་ཡི་བྱམས་ལྡན་ཨ་མའི།འཛུམ་ཞལ་ཡིད་ལ་དྲན་བྱུང་།ཙན་དན་ནགས་ཀློང་ཁྲོད་ན།ལྷ་བྱ་ཁུ་བྱུག་སྔོན་མོའི།གསུང་སྙན་ལྷུང་ལྷུང་སྒྲོག་དུས།ང་ཡི་དྲིན་ཆེན་ཨ་མའི།སྐད་ངག་ཡིད་ལ་དྲན་བྱུང་།ཡིད་འོང་སྐྱེད་མོ་ཚལ་ན།བརྩོན་ལྡན་རྐང་དྲུག་བུང་བའི།དགའ་བའི་གར་སྟབས་བསྒྱུར་ཚེ།ང་ཡི་བརྩེ་ལྡན་ཨ་མའི།ཞབས་བྲོ་ཡིད་ལ་དྲན་བྱུང་།ས་མཐའི་གྲུ་ག་ཞིག་ནས།ཨ་མ་དྲན་པའི་དབང་གིས།མིག་མཐའ་མཆི་མས་བརླན་སོང་།།ཡིད་ཀྱི་སྐྱོ་བ་སེལ་ཕྱིར།།སྙན་ལྡན་དབྱངས་རྟ་སྒྲོག་གི །བུ་ངའི་ཨ་མ་དྲན་པའི།།འདུན་པ་འགོག་ཐབས་མི་འདུག། ལྷ་བྱ་ཁྲུང་ཁྲུང་དཀར་མོ།།གཤོག་རྩལ་ང་ལ་གཡོར་དང་།ཕ་ཡུལ་ཆུང་སྐོར་ཕྱོགས་སུ།།དྲིན་ཆེན་ཨ་མར་མཇལ་འགྲོ།།
དྲིན་ཆེན་ཨ་མའི་འཛུམ་ཞལ།།རྒྱང་རིང་མིག་གིས་མི་མཐོང་།།ཨ་མ་དྲན་པའི་སྙིང་གཏམ།འཕྲིན་ཆུང་ནང་དུ་བཀོད་ནས།ཨ་མ་ཕྱོགས་ལ་བསྐུར་ཡོད།།(རྩོམ་སྒྲིག་པ་བདེ་ཆེན་དབང་མོ།)
  • ལེ་ཚན་སྔོན་མ།:བྲག་འགོའི་ལ་གླུ།
  • ལེ་ཚན་རྗེས་མ།:གསར་བརྩམས་ལ་གཞས།