ལ་གླུ་རྣ་བའི་བདུད་རྩི།

ཚེ་རྣམ།        2011-01-05

བྱང་ཨ་ཆེན་ཐང་གི་ཐང་མགོ་ལ།།
ལྷ་བླ་མ་བཞུགས་སའི་གུར་ཅིག་ཕུབ།།
གུར་མགོ་སེར་པོ་གསེར་གྱིས་བརྒྱན།།
གུར་སྐེད་ཁམ་པ་དངུལ་གྱིས་བརྒྱན།།
གུར་མཐའ་དཀར་པོ་དུང་གིས་བརྒྱན།།
དེ་ཡི་ནང་ན་བླ་སྤྲུལ་བཞུགས།།
གུར་སྒོར་ཆོས་ཀྱི་ཆར་པ་འབབ།།
ཆོས་འཕྲིན་ལས་བསྟན་པ་དར་བར་ཤོག །
 
བྱང་ཨ་ཆེན་ཐང་གི་ཐང་དཀྱིལ་ན།།
མགོ་དཔོན་པོ་བཞུགས་སའི་གུར་ཅིག་ཕུབ།།
གུར་མགོ་དཀར་པོའི་དུང་གིས་བརྒྱན།།
གུར་སྐེད་ཁམ་པ་དངུལ་གྱིས་བརྒྱན།།
གུར་མཐའ་སེར་པོ་གསེར་གྱིས་བརྒྱན།།
དེའི་ནང་དཔོན་ལོ་ཁྲིགས་སེ་བཞུགས།།
གུར་སྒོ་ཁྲིམས་ཀྱི་ཆར་པ་འབབ།།
ཁྲིམས་དེའི་མཐུ་རྩལ་རྒྱས་པར་ཤོག །
 
བྱང་ཨ་ཆེན་ཐང་གི་ཐང་སྨད་ན།།
མ་འབྲུག་མོ་བཞུགས་སའི་གུར་ཅིག་ཕུབ།།
གུར་མགོ་སྔོན་པོ་གཡུ་ཡིས་བརྒྱན།།
གུར་སྐེད་དམར་སེར་ངུར་གྱིས་བརྒྱན།།
དེའི་ནང་ན་མ་སྲུ་ཁྲིགས་སེ་བཞུགས།།
གུར་སྒོར་འོ་མའི་ཆར་པ་འབབ།།
ནོར་ལོངས་སྤྱོད་འཕེལ་ཁ་དར་བར་ཤོག །
 
  • ལེ་ཚན་སྔོན་མ།:བོད་ཀྱི་ལ་གླུ།
  • ལེ་ཚན་རྗེས་མ།:འབའ་ལི་ཐང་གི་ལ་གཞས།