འབའ་ལི་ཐང་གི་ལ་གཞས།

སྐལ་བཟང་ཆོས་འཕེལ།        2011-01-05

འབའ་ལི་ཐང་གི་ལ་གཞས།


རྐྱང་ཨ་འདོ་ཡོད་དེ་ཨེ་ཕྱོགས་མེད།།
སྒ་གསེར་སྒ་ཡོད་དེ་སུ་ལ་རྒྱག །
རོགས་མཐུན་པོ་ཡོད་དེ་ཨེ་ཕྱོགས་མེད།།
གཏམ་སྙན་པོ་ཡོད་དེ་སུ་ལ་བཤད།།
 
རི་མཐུན་པོ་ཟེར་ནི་ཅི་ཡིན་ཏེ།།
ས་གང་ཡིན་ལྟད་མོ་རིག་བསྡད་དོ།།
ཐང་ཆེན་པོ་ཟེར་ནི་མ་ཡིན་ཏེ།།
མེ་ཏོག་གང་མཛེས་འཁྲུངས་བསྡད་དོ།།
 
རོགས་ཨ་མཐུན་བཙལ་ན་རི་འདྲ་འཚོལ།།
རི་འདྲ་ལེ་མཐོན་པོ་ཟེར་བ་མིན།།
རི་འདྲ་བའི་མི་ཞིག་ག་ཡོད་དེ།།
བརླིང་འགྱུར་བ་མེད་པ་རི་འདྲ་དགོས།།
 
མནའ་ཡོད་བུ་དང་ཁུ་བྱུག་བྱ།།
དགའ་ན་ནིང་གྲག་སར་ད་ལོར་གྲག །
མནའ་མེད་བུ་དང་ཕོ་ཐང་སྤྱང་།།
ལ་རེ་རེ་བརྒྱབ་རྗེས་ཕྱི་ལྟས་མེད།།
 
གསེར་རི་ལུང་པ་མདའ་ལྟོང་ཁ།།
ཤ་ཕོ་ཆེན་ཕར་འགྲོ་ཚུར་འོང་རེད།།
ཤ་ཕོ་ཆེན་ཨེ་བྱུང་བལྟས་བལྟས་ནས།།
མགོ་དུང་རྭ་མིག་སྔར་བཀྲ་བསྡད་དོ།།
  • ལེ་ཚན་སྔོན་མ།:ལ་གླུ་རྣ་བའི་བདུད་རྩི།
  • ལེ་ཚན་རྗེས་མ།:བྲག་འགོའི་ལ་གླུ།