ཨ་མདོའི་ཡུལ་དུ་དར་ཁྱབ་ཆེ་བའི་དམངས་གླུའི་སྐོར་རོབ་ཙམ་གླེང་བ།(2)

དཔའ་མཁར་རྒྱལ།        2013-07-11


 གསུམ་པ།ཨ་མདོའི་དམངས་གླུའི་རྣམ་པ།
དེ་ཡང་བྱ་བ་གང་དང་གང་ཡིན་ཡང་མགོ་མཇུག་བར་གསུམ་ཡོད་པ་ཇི་བཞིན་དུ་ཨ་མདོའི་དམངས་གླུ་ལ་ཡང་གོ་རིམ་ངེས་ཅན་ཞིག་ཡོད་དེ།ཐོག་མར་གོང་དུ་བརྗོད་པ་བཞིན་དགའ་སྟོན་གྱི་མགོ་མཇུག་བར་གསུམ་དུ་མགྲོན་པོར་བསུ་བ་བྱེད་པའི་ཁྱིམ་བདག་ཚང་གིས་ཐོག་མར་གླུ་སྐད་དམ་གླུ་སྒོ་ཕྱེ་དགོས་ཤིང་།དེ་ནས་རིམ་བཞིན་གླུ་མགོ་རྩོམ་པའི་སྐོར་དང་།བསྟོད་གླུའི་སྐོར།ཁ་མཚར་གྱི་སྐོར།༼དྲི་བ་དྲིས་ལན་གྱི་སྐོར།དྲིན་ལན་ཞུ་བའི་སྐོར།སྨྲེང་བའི་སྐོར།༽གླུ་ཤགས་ཀྱི་སྐོར།བར་བཤོལ་བའི་སྐོར།དེ་ནས་བཀྲ་ཤིས་འཇོག་པའི་སྐོར་བཅས་སོ།།
ཀ  གླུ་སྒོ་ཕྱེ་བའི་སྐོར།
གོང་དུ་བརྗོད་པ་བཞིན་གླུ་སྒོ་ཕྱེ་བ་ནི་ཨ་མདོའི་དམངས་གླུ་ལེན་པའི་གོ་རིམ་གྱི་ཐོག་མ་ཡིན་ལ་དེ་ཕྱོགས་མང་པོ་ནང་ཕེབས་པའི་མགྲོན་པོའི་ཁྲོད་ཀྱི་གླུ་པ་གླུ་མས་མི་ལེན་ཞིང་མགྲོན་པོ་རྣམས་ལ་བསུ་བ་བྱེད་པའི་ཁྱིམ་བདག་ཚང་གི་ཤ་ཉེའམ་ཚོ་ཁག་དེའི་ནང་གི་གླུ་པ་གླུ་མས་ལེན་པ་ཡིན།དེའི་མཚོན་དོན་གཙོ་བོ་ནི་རྒྱ་ཆེའི་མགྲོན་པོ་དག་ལ་གུས་བཀུར་དང་དགའ་བསུ་བྱེད་པའི་དོན་ཡིན་ལ་གླུ་ཚིག་ནི་གཙོ་བོ་མགྲོན་པོ་རྣམས་ལ་བསྟོད་པ་བྱེད་པའི་སྐོར་ཡིན།གླུ་ཚིག་གི་ནང་དོན་གྱི་ཆ་ནས་དེ་ནི་གཤམ་གྱི་བསྟོད་པའི་སྐོར་དང་མཚུངས་སོ།།
 ཁ  གླུ་མགོ་རྩོམ་པའི་སྐོར།
གླུ་མགོ་རྩོམ་པ་ནི་གླུ་སྒོ་ཕྱེས་ཚར་རྗེས་གླུ་པ་གླུ་མ་སུ་ཡིན་ཡང་ལེན་དགོས་པའི་ལེ་ཚན་གཙོ་བོ་ཡིན་ལ་གླུ་པ་གླུ་མ་ག་གེ་མོས་གླུ་མགོ་བླངས་ཏེ་གྲལ་མང་པོའི་གྲལ་བར་ནས་འཁོར་ནས་འགྲོ་བ་དང་གྲལ་མགོ་ནས་གྲལ་མཇུག་བར་དུ་མཆོད་ཁ་འཕེན་དུ་འཇུག་དགོས།གོ་སྐབས་དེ་དང་བསྟུན་ནས་རང་གི་གླུ་གྲོགས་སམ་རང་གི་དགའ་ཕྱོགས་ཀྱི་གླུ་པ་གླུ་མ་བཙལ་ཆོག་ལ།གལ་ཏེ་རང་གིས་གླུ་གྲོགས་རྙེད་པ་ན་ཆང་དཀར་དེའི་ལག་ཏུ་བཞག་རྗེས་རང་ཉིད་རང་གནས་སུ་ཡོང་ནས་གླུ་གྲོགས་ཀྱི་གླུ་ལེན་པར་སྒུག་ནས་བསྡད་ཆོག གླུ་མགོ་རྩོམ་པའི་གླུ་ཚིག་ནི་དཔེར་ན།ཆོས་ཀྱི་མགོ་མ་ཀ་ཁ༼སྐྱབས་འགྲོ༽ཡིན།།ཆོས་ཀ་ཁ༼སྐྱབས་འགྲོ༽མ་བཏོན་འདོན་སྲོལ་མེད།།ཟས་ཀྱི་མགོ་མ་མཆོད་ཁ་ཡིན།།ཟས་མཆོད་ཁ་མ་འཕང་ཟ་སྲོལ་མེད།།གླུ་ཡི་མགོ་མ་ཁ་མཚར་ཡིན།།གླུ་ཁ་མཚར་མེད་ན་ལེན་སྲོལ་མེད།།ལྟ་བུའོ།།
 ག  བསྟོད་པའི་སྐོར།
འདིའི་སྐོར་ནི་གཙོ་བོ་གླུ་པ་གླུ་མ་དག་གིས་བོད་ཁམས་སྤྱི་དང་ནང་སྒོས་སུ་ཨ་མདོའི་ས་ཁུལ་གྱི་མཐོ་བའི་རི་དང་ཡངས་པའི་ཐང་།དྭངས་མོའི་མཚོ་སོགས་རྟ་ནོར་ལུག་གསུམ་གྱིས་ཁེངས་པའི་རྩྭ་ཐང་དང་འབྲུ་དྲུག་སྣ་ལྔས་བརྒྱན་པའི་ཞིང་གྲོང་།ཡང་ན་མི་རིགས་མཐུན་སྒྲིལ་དང་རིག་གནས་འཛིན་སྐྱོང་གི་བྱ་བཞག་རླབས་ཆེན་སོགས་ལ་བསྟོད་པ་བྱེད་པ་དང་།ཀུན་ལ་བཀའ་དྲིན་ཆེ་བའི་བླ་སྤྲུལ་དང་།བཙན་པོ་གཉའ་ཡིས་གནོན་ཅིང་གཉོམ་ཆུང་མཐའ་ནས་སྐྱོང་བའི་སྔོན་བྱུང་དཔའ་བོ།བཀའ་དྲིན་གཞལ་མཐའ་ཡས་པའི་དྲིན་ཅན་ཕ་མ་སོགས་ལ་བསྟོད་པ་སྟེ།དཔེར་ན།ཤེས་དཀར་པོ་མཆོད་རྟེན་བཞེངས་འདྲ་བོ།།ཤར་རྨ་རྒྱལ་རི་ཡི་ཀ་བ་རེད།།རི་དེ་ལ་རི་རྒྱུད་ཆད་མེད་རེད།།བོད་བསོད་ནམས་ཆེ་བ་དེའི་དོན་རེད།དར་དཀར་པོ་སྐེ་རགས་བཅིངས་འདྲ་བོ།།ས་རྒྱལ་ཁམས་བསྐོར་བའི་རྨ་ཆུ་རེད།།ཆུ་དེ་ལ་ཆུ་སྣ་རང་འཛོམས་རེད།དམངས་མཐུན་སྒྲིལ་ཆེ་བ་དེའི་དོན་རེད།།གོས་སྔོན་པོ་ཐང་ལ་བཏིང་འདྲ་བོ།།མཚོ་སྔོན་པོ་ཁྲི་གཤོག་རྒྱལ་མོ་རེད།མཚོ་དེ་ལ་ཉ་སྲམ་རང་འདུས་རེད།།བོད་རྒྱུ་སྟོབས་ཆེ་བ་དེའི་དོན་རེད།།ལྟ་བུའོ།
 ང  ཁ་མཚར་གྱི་སྐོར།
ཁ་མཚར་ཞེས་པ་ནི་སྤྱིར་བཏང་གི་ཀུ་རེའམ་དགོད་གཏམ་ཞེས་པའི་དོན་དང་ཆ་འདྲ་བ་ཞིག་སྟེ།སྐབས་འདིའི་ཁ་མཚར་ནི་ཨ་མདོའི་ཡུལ་གྱི་དམངས་གླུའི་གྲུབ་ཆ་གཙོ་བོ་ཞིག་ཡིན་ལ།དེ་ཡང་གླུ་པ་གླུ་མས་ཕན་ཚུན་གླུ་ལེན་རེས་བྱེད་སྐབས་བརྗོད་བྱའི་དོན་གཅིག་ལ་དཔེ་དུ་མ་དང་སྦྱར་ཏེ་རྗོད་བྱེད་ཀྱི་རྣམ་པ་མི་འདྲ་བའི་སྒོ་ནས་ལེན་པ་ཡིན།འདིར་མཚོན་བྱེད་ཙམ་དྲངས་ན།བླ་མ་སློབ་མ་ཡོན་བདག་གསུམ།།བླ་མའི་རྒྱུད་ལ་རློམ་སེམས་ཤར།།སློབ་མའི་རྒྱུད་ལ་ལོག་རྟོག་སྐྱེས།།ཡོན་བདག་སེར་སྣའི་མདུད་པ་བཅིངས།།བྱིན་རླབས་འཇུག་པ་དཀའ་མོ་ཡིན།།རྒྱལ་བོ་བློན་པོ་དཔོན་པོ་གསུམ།།རྒྱལ་བོའི་ཁོག་ལ་བློན་པོ་འཛུལ།། བློན་པོས་རྒྱལ་ཁྲིམས་རྒྱུ་ལ་བརྗེ།།དཔོན་པོས་བེ་སང་ཁྲིམས་ལ་སྦྱོར།།བདེ་སྐྱིད་འབྱུང་བ་དཀའ་མོ་རེད།།ཉེ་བོ་བཟང་ས་ཤག་པོ་གསུམ།།ཉེ་བའི་མཐའ་མ་གྱོད་ཀྱིས་སྡང་།།བཟང་སས་རང་མཚང་ཕྱི་ལ་འུར།།ཤག་པོས་མནའ་ཟ་བསླུ་བ་མང་།།ཚེ་མཐའ་ཐུབ་པ་དཀའ་མོ་རེད།།ཞེས་པ་སོགས་དཔེ་འདི་ལྟ་བུ་མཐའ་ཡས་སོ།། ༡.དྲི་བ་དྲིས་ལན་གྱི་སྐོར།༼འདིའི་སྐོར་སྐབས་འགར་གླུ་ཤགས་ཀྱི་སྐོར་ནས་ལེན་སྲོལ་ཡང་ཡོད༽དྲི་བ་དྲིས་ལན་གྱི་སྐོར་ནི་གླུ་པ་གླུ་མ་དག་ལ་མཚོན་ན་ཅུང་ཟད་ལེན་དཀའ་བ་ཞིག་རེད།རྒྱུ་མཚན་ནི་གླུ་པ་ཀ་པས་དྲི་བའི་གླུ་ཞིག་བླངས་ཚེ་གླུ་པ་ཁ་པས་དེ་ལ་གླུ་ལན་འདེབས་དགོས།དཔེར་ན།གླུ་པ་ཁ་པས།སྲིད་པའི་བ་ཆུང་བཤའ་དུས་ཀི།བ་ཁྲག་ཐིགས་གཅིག་བོར་སོང་ཟིག།རྐུ་གི་རྐུན་མ་སུ་ཞིག་རེད།།མ་ཤེས་གླུ་བར་དྲིས་པ་ཡིན།།ཞེས་བླངས་ཚེ།གླུ་པ་ཁ་པས།སྲིད་པའི་བ་ཆུང་བཤའ་དུས་ཀི།བ་ཁྲག་ཐིགས་གཅིག་བོར་སོང་ཟིག།རྐུ་གི་རྐུན་མ་ལྕུང་ཀ་རེད།།རྐུ་མ་ཤེས་ལྕུང་ཀའི་ཁ་ན་ཡོད།།ཞེས་པ་ལྟར་དྲི་ཚིག་ལ་ལན་འདེབས་དགོས་སོ།།
༢.དྲིན་ལན་ཞུ་བའི་སྐོར།
དྲིན་ལན་ཞུ་བའི་སྐོར་ནི་གཙོ་བོ་རང་ལ་བཀའ་དྲིན་ཆེ་བའི་ཕ་མ་དང་བླ་མ།དཔོན་པོ་སོགས་ལ་དྲིན་གཟོའི་ཆེད་དུ་ལེན་པ་ཡིན་ཏེ།དཔེར་ན།ལུག་གཡང་དཀར་ཡན་ན་དྲིན་ཆེན་མེད།སྔ་དྲོ་བལ་དང་པགས་པས་གསོས།།ཕྱི་དྲི་ཤ་དང་ཁྲག་གིས་གསོས།།ལུག་གཡང་དཀར་དྲིན་ལན་འཇལ་ཐབས་མེད།།ཞིང་གྲུ་བཞི་ཡན་ན་དྲིན་ཆེན་མེད།། སྔ་དྲོ་ནས་དང་གྲོ་ཡིས་གསོས།།ཕྱི་དྲོ་བདུད་རྩི་ཆང་གིས་གསོས།།ཞིང་གྲུ་བཞིའི་དྲིན་ལན་འཇལ་ཐབས་མེད།།ཡུལ་ཕ་མའི་ཡན་ན་དྲིན་ཆེན་མེད།།སྔ་དྲོ་བྲང་གི་ནུ་མས་གསོས།།ཕྱི་དྲོ་ཟས་དང་ཟ་མས་གསོས།།ཡུལ་ཕ་མའི་དྲིན་ལན་འཇལ་ཐབས་མེད།།ལྟ་བུའོ།།
༣.སྨྲེང་བའི་སྐོར།
སྨྲེང་བའི་སྐོར་ནི་གཙོ་བོ་གླུ་པ་རང་ཉིད་ཀྱི་སྨྲེང་བའི་སེམས་འགྱུ་ཉན་མཁན་རྣམས་ལ་ཤེས་སུ་འཇུག་ཆེད་སྨྲེང་བ་མཚོན་པའི་གླུ་ཚིག་དང་སྦྱར་ནས་ལེན་པ་ཞིག་སྟེ།དཔེར་ན།སྐྱ་གསལ་ལེ་ནམ་མཁའ་ལངས་དུས་ན།།ང་ད་ལོངས་ཟེར་བའི་ཕ་ཞིག་དགོས།།ཕ་མེད་ན་ནམ་མཁའ་སྟོང་བ་རེད།།དགྲ་བཙན་པོ་ཁིས་ནས་བུད་དུས་ན།།ང་དང་ད་རྒྱུགས་ཟེར་བའི་སྤུན་ཞིག་དགོས།།སྤུན་མེད་ན་མདའ་མོ་སྒྲོ་མེད་རེད།།ནགས་ཀྱིགས་གེ༼སེ༽མུན་པ་འཐིབས་དུས་ན།།ང་ད་འཐུང་ཟེར་བའི་མ་ཞིག་དགོས།།མ་མེད་ན་ཆུ་འཁོལ་འཁྱག་པ་རེད།།ལྟ་བུའོ།།
ཅ  གླུ་ཤགས་ཀྱི་སྐོར།
གླུ་ཤགས་ཀྱི་སྐོར་ནི་ཨ་མདོའི་ཡུལ་གྱི་དམངས་གླུའི་ཁྲོད་ཀུན་ལ་རྒྱུགས་ཆེ་ཞིང་ཉམས་འགྱུར་ལྡན་པ་ཞིག་ཡིན་པས་གླུ་པ་གླུ་མ་རྣམས་ཀྱིས་དོ་སྣང་གལ་ཆེན་བྱེད་པ་ཡིན།གླུ་ཤགས་ལེན་སྐབས་གླུ་གྲོགས་ཕན་ཚུན་བར་ཆ་རྒྱུས་ཡོད་ནའང་ཕན་ཚུན་ངའོ་སྙམ་པའི་ང་རྒྱལ་དང་བཅས་ཏེ་སྒྲོ་སྐུར་གྱི་ལམ་ནས་ཕ་རོལ་བོར་སྐྱོན་མཚང་འབྲུ་བའི་ཟོལ་གྱིས་རང་མཐོ་གཞན་དམན་གྱི་རྣམ་པའི་སྒོ་ནས་ལེན་པ་ཞིག་ཡིན་ཏེ།དཔེར་ན།གླུ་པ་ཀ་པས།ཆོས་ལྷ་ཁང་གྲུ་བཞི་བཞེངས་རྒྱུ་ཡིན།།ཁྱོད་ཤིང་བཟོ་ཡོད་ན་ལྷང་ལ་བུད།།ང་ཤིང་བཟོ་བཙལ་གྱི་ཡོང་ནི་ཡིན།གླུ་ཤགས་ཀྱི་གླུ་སྒོ་འབྱེད་རྒྱུ་ཡིན།།ཁྱོད་གླུ་བ་ཡོད་ན་ལྷང་ལ་བུད།།ང་གླུ་བ་བཙལ་གི་ཡོང་ནི་ཡིན།།ཞེས་བླངས་ཚེ།གླུ་པ་ཁ་པས།རྟ་མདོ་བ་གསེར་གྱི་གདོང་སྲབ་ཅན།།རྟའི་སྲབ་ལ་འཇུས་ནས་མ་ཐུབ་ན།།རྟའི་རྣ་ནས་བཟུང་བས་ཐུབ་རབས་མེད།།ང་ཁྲོམ་པའི་གྲལ་གྱི་གླུ་བ་འདི།།
གླུ་ཁ་མཚར་བླངས་ནས་མ་ཐུབ་ན།།གླུ་ཤགས་ལ་སོང་ནས་ཐུབ་རབས་མེད།།ཅེས་ལེན་དགོས།
ཆ   བར་བཤོལ་བའི་སྐོར།
དེ་ཡང་སྲིད་པའི་ཁ་དཔེར་གཏམ་བཤད་པའི་མགོ་མ་ཀུ་རེ་ཡིན།གཏམ་ཀུ་རེ་མེད་ན་བཤད་སྲོལ་མེད་ཅེས་བརྗོད་པ་ཇི་བཞིན་དུ་གླུ་ཤགས་ནི་ཕལ་ཆེར་ཀུ་རེའི་ཚུལ་དུ་འགྲོ་བ་ཡིན་ལ།དེ་བས་གླུ་ཤགས་མང་ཙམ་བླངས་རྗེས་གཏམ་ཀུ་རེར་མ་སོང་བར་སེམས་ལ་ཨེ་འཛིན་སྙམ་པའི་དུས་སུ་གླུ་པ་གཞན་ཞིག་གིས་གླུ་ཤགས་ལེན་པའི་གླུ་གྲོགས་གཉིས་ལ་བར་བཤོལ་བའི་ཚུལ་གྱིས་གླུ་འདི་ལྟར་ལེན་པའི་སྲོལ་ཡོད་དེ།དཔེར་ན།རྒྱ་སྟག་དམར་པོས་ཁོ་ངར་ཟེར།བྲེ་སེར་འབྲོང་གིས་ཁོ་ངར་ཟེར།།རྫ་ཁྲ་ཡག་ཨ་ལོང་ཡང་དཀྱིལ་ནས།།ཁྱོད་གཉིས་ཀ་ཨ་ན་མ་ན་མེད།།ང་འབྲོང་ཕྲུག་འབུད་ལ་བར་ཞིག་བྱེད།།བར་མེད་རུང་ཁ་ངོ་ཡོད་ནི་བྱོས།།སྟོང་རྒྱལ་གླུ་པས་ཁོ་ངར་ཟེར།།མ་བཟང་བུ་མོས་མོ་ངར་ཟེར།།གྲལ་ཁྲོམ་པ་ཨ་ལོང་ཡང་དཀྱིལ་ནས།།ཁྱོད་གཉིས་ཀ་ཨ་ན་མ་ན་རེད།།ང་གླུ་པ་འབུད་ལ་བར་ཞིག་བྱེད།།བར་མེད་རུང་ཁ་ངོ་ཡོད་ནི་བྱོས།།ཞེས་དང་།ཡང་ན།མི་ཁ་ལྕེ་ཅན་དང་ལ་རྒྱ་ཅན།།ཤགས་ཕར་ལེན་ཚུལ་ལེན་ཁྲོམ་ནས་བྱོས།།ཕ་མཚང་མ་མཚང་མི་ལ་འདྲི།།ཁ་མིང་སྣ་མིང་ཞོར་དུ་བཏགས།།མཚམས་འདི་ནས་འབུད་ལ་བར་ཞིག་བྱེད།།གླུ་ཁ་མཚར་སྐྱིད་པའི་སྣ་འདྲེན་རེད།།བོད་རྟགས་དང་སྟོན་མོའི་རྟེན་འབྲེལ་རེད།།སེམས་སྲེག་རེས་མ་བྱེད་ཞང་འཛིན་ཡིན།།ངོ་དམར་པོར་མ་ལོག་དམན་ས་བཟུང་།།ཤགས་བཙན་པོ་ལེན་རྒྱུར་མཚམས་ཞིག་ཞོག།།ལྟ་བུ་རེད།
ཇ  བཀྲ་ཤིས་འཇོག་པའི་སྐོར།、
  • ལེ་ཚན་སྔོན་མ།:གསར་དུ་བརྩམས་པའི་ཞེ་མཐུན་པའི་གླུ་ཨ་ལོང་རང་འགུག་མ།
  • ལེ་ཚན་རྗེས་མ།:གླུ་ཐོག་མ་དར་ཚུལ་གྱི་སྐོར་རགས་ཙམ་གླེང་བ།