ཙིག་གུ་ཚོན་པོ་དང་བྱི་ལ་སྟག་རིས་ཅན།

ལྕགས་ཐར་རྒྱལ།        2012-04-13

ཙིག་གུ་ཚོན་པོ་དང་བྱི་ལ་སྟག་རིས་ཅན།

བྱང་ཐང་ཡངས་པོའི་གཤོང་ས་གཤིན་པོ་ཞིག་ཏུ།འབྲུ་སྣ་ལྔའི་ཞིང་ཁ་སྣུམ་པོ་ཞིག་ཡོད་པ་དང༌།  ཞིང་ཁ་དེ་དང་དེར་གནས་བཅའ་བའི་སེམས་ཅན་མང་པོ་ཞིག་གིས་རང་རང་གི་ཐུན་མོང་མ་ཡིན་པའི་འཚོ་ཇུས་ཀྱི་བྱ་ཐབས་ལ་བརྟེན་ནས་འཚོ་སྡོད་བྱས་ཡོད་ལ།  ཙིག་གུའི་ཁྱིམ་རྒྱུད་ཆེན་པོ་ཞིག་ཀྱང་ས་དེར་གཞིས་ཆགས་ཤིང་འཚོ་བ་དང༌།  དེ་དག་ལས་ཙིག་གུ་རྣམ་རིག་རྒོད་ཅིང་འདུར་རྒྱུགས་ཚ་བ་ཞིག་ཡོད་པ་དེ་ནམ་རྒྱུན་ཞིང་ཁའི་ཕྱུག་པོའི་འབྲུ་མཛོད་ཁང་དང་མེད་པོའི་སྒྱེ་སྣོད་དག་གི་ཁ་སྲུབ་དང་གྲུ་ཟུར་ལ་འཛུལ་ནས་ཁ་ཟས་འཚོལ་གྱི་ཡོད་པས།ཁོ་ལ་ཁ་ཟས་ཕུན་སུམ་ཚོགས་པ་རག་ཐུབ་པ་བྱུང་བས་ཁོའི་ལུས་གཟུགས་ཀྱང་ཙིག་གུ་གཞན་ལས་ཅུང་ཆེ་ཞིང་རྒྱགས་པར་གྱུར་བས།    ཙིག་གུ་གཞན་རྣམས་མ་གྲོས་གཅིག་མཐུན་གྱིས་ཁོ་ལ་འཚོ་ཇུས་བཟང་བོ་འདུག་པས་ཙིག་གུའི་མགོ་བར་གདམས་ན་ཙིག་ཚོགས་ཀྱི་སྣེ་ཁྲིད་ནས་འབྱོར་ཕྱུག་གི་ལམ་ལ་བསྐྱོད་ཐུབ་པ་ངེས་ཅན་རེད་ཟེར་ནས་ཁོ་རང་ཙིག་གུའི་མགོ་བར་གདམས་ཏེ་བསྐོས་ཤིང་ཙིག་དཔོན་ཚོན་པོ་ཞེས་པའི་མཚན་ཡང་གསོལ།
        ཙིག་དཔོན་ཚོན་པོས་ཙིག་གུ་དར་མ་རྣམས་ཁྲིད་དེ་ས་འོག་དོང་ལམ་མང་པོ་བརྐོས་ནས་ཞིང་ཁའི་འབྲུ་མཛོད་ཁང་སོ་སོའི་གྲུ་ཟུར་དང་སྲུབ་ཀར་གཏུགས་པས་ཙིག་གུའི་འཚོ་བ་ཇེ་བཟང་ཇེ་ལེགས་སུ་སོང་ཞིང༌།  ཙིག་གུ་ཚང་མས་ཙིག་གུ་ཚོན་པོའི་ཐབས་ཇུས་ལ་ཡིད་ཆེས་དང་གདེངས་འཇོག་མཐོན་པོ་གནང་གི་ཡོད་པ་རེད།
        ཉིན་ཞིག་ཙིག་གུ་ཚོན་པོས་ཁྱིམ་ཚང་ཕྱུག་པོ་ཞིག་གི་དོ་རྒྱབ་ལ་འཛུལ་ནས་ཟ་འབྲུ་འཚོལ་སྐབས་སྟབས་མ་ལེགས་པར་བྱི་ལ་སྟག་རིས་ཅན་ཞིག་ཡོད་པའི་སྡེར་ཁྱིམ་གྱི་འོག་ལ་ཚུད།ཙིག་གུ་ཚོན་པོས་བྱི་ལའི་སྡེར་ཁྱིམ་གྱི་བཙུར་གནོན་གྱི་འོག་ནས་དབུགས་ཀྱང་འབྱིན་རྔུབ་དཀའ་བར“བྱི་ལའི་རྒྱལ་བོ་ལགས།ང་ཚེ་ཐར་ལ་གཏོང་རོགས།བྱི་ལའི་རྒྱལ་བོ་ལགས།ངའི་སྲོག་ཐར་ན༌།  ངས་ཁྱེད་ལ་རྒྱུ་ནོར་གང་དགོས་སྟེར།ངའི་སྲོག་ཐར་ན།ངས་ཁྱེད་ལ་རྔན་པ་ཅི་དགོས་འབུལ”ཟེར་བར་བྱི་ལ་སྟག་རིས་ཅན་དེས་སྐད་ཆ་དེ་ཐོས་པ་དང་སྡེར་མོའི་སྤར་ཁྱིམ་ཅུང་གློད་ནས“ཧ་ཧ༌།  ཙིག་གུ་ཚེ་ཟད་ཁྱེད་ཀྱིས་ལས་ངན་པ་ཅི་བསགས་ཡོད་པ་ཤེས་སམ།  ཁྱེད་ཚོ་ཙིག་གུ་ངན་པ་འདི་དག་གིས་ཕྱུག་པོའི་མཛོད་ཁང་གི་འབྲུ་རིགས་ལ་གནོད་པ་ཚབ་ཆེན་བཟོས་སོང་བས།དེ་རིང་ངས་ཁྱོད་མི་གཏོང་ཁོ་ཐག་ཡིན”ཞེས་པར་ཙིག་གུ་ཚོན་པོ་ལུས་སིག་སིག་འདར།  མིག་ཆུ་ཙར་ཙར་བཞུར་བཞིན“རྒྱལ་བོ་ཆེན་པོ་ཐུགས་རྗེ་ཅན།  སྙིང་རྗེ་ཅན།  ཁྱེད་ཀྱིས་ཐུགས་རྗེས་གཟིགས་རོགས།  ང་ནི་ཙིག་ཚོགས་ཀྱི་མགོ་བ་ཡིན་པས༌།ཁོ་བོ་ད་ཐེངས་འོངས་པ་ཡང་སྤྱིའི་ཁེ་ཕན་གྱི་ཆེད་དུ་ཡིན་པ་ལས་རང་སྒེར་གྱི་ཆེད་མིན་པའི་ངོར་བལྟས་ནས།ང་ཅིས་ཀྱང་ཚེ་ཐར་ལ་གཏོང་རོགས།”ཞེས་པར་བྱི་ལ་སྟག་རིས་ཅན་དེས་ཁ་སྤུ་གྱེན་ལ་གཟེངས་མཆེ་བ་རྣོན་པོ་དག་ཕྱིར་མངོན་ནས་ངར་སྐད་དང་བཅས་བཤད་རྒྱུར“ཨོ།ལྟས་ངན་ཁྱེད་ད་དུང་མགོ་གཙོ་ཞིག་ཀྱང་ཡིན་བཟོ་འདུག་པས།དེས་ན་ལྷག་པར་དུ་ཁྱེད་གཏོང་མི་རུང༌།  གལ་ཏེ་ཁྱོད་ཕྱིར་བཏང་ན།  ཁྱོད་ཀྱིས་ཙིག་གུའི་དཔུང་ཚོགས་ཁྲིད་འོངས་ནས་འབྲུ་མཛོད་ཁང་འདི་སྟོང་བར་མི་གཏོང་བའི་ངེས་པའང་མེད་པས།ངས་ཁྱོད་ངེས་པར་ཏུ་བསད་ནས་མགོ་སུག་མཛོད་ཁང་གི་སྒོ་ཁར་བཏགས་ན།  གཞན་རྣམས་སྐྲག་ནས་གཅིན་ཡང་འཆོར་སྲིད།”ཞེས་པར་ཙིག་གུའི་སེམས་སུ།  ཨ་ཁ་ཁ།  ད་མ་བཟང་ཐལ།  རང་ཁ་གསེར་གྱི་སྒོ་མོ་ཆེ།   རང་སྲོག་གཅོད་པའི་སྟ་རེ་ཞེས་པའི་དཔེ་ལྟར་ངའི་ཁ་འདིས་ང་རང་ཉིད་སྡུག་ལ་གཏད་སོང་སྙམ་ནས་ཐབས་ཟད་འུ་ཐུག་གིས“བྱི་ལ་རིན་པོ་ཆེ།ངའི་ཁྱིམ་ན་ཕ་མ་རྒས་པོ་དང་ཕྲུ་གུ་དམར་འཇེར་འགའ་ཡང་ཡོད་པས་ང་ཤི་ཚེ་ཁོ་ཚོ་འཚོ་ཐབས་བྲལ་བས།  ཁྱེད་ཀྱིས་སྙིང་རྗེ་དགོངས་ནས་ང་ཚེ་ཐར་ལ་ཐོངས་དང་ངས་བསགས་པའི་ཟ་འབྲུ་ཡོད་ཚད་ཁྱེད་ལ་འབུལ”ཞེས་ཞུ་བ་བྱས་པས་བྱི་ལས“ཧིན།གླེན་རྒན།  ང་རང་བྱི་ལའི་རིགས་འབྲུ་རིགས་ལ་མི་དགའ་བ་ཁྱེད་ཀྱིས་མི་ཤེས་སམ”ཞེས་པར་ཙིག་གུ་ཚོན་པོས་བྱི་ལའི་སྐད་ཆ་འདིའི་ཤུགས་ན་ཁོ་རང་དགའ་ཕྱོགས་ཤིག་ཡོད་པ་གཏོགས་ནས་མྱུར་དུ“སྐུ་ཞབས་བྱི་ལ་ལགས།  མཆོག་ཉིད་ཀྱི་མོས་བ་གང་ཡིན་གསུང་དང་ངས་ཁྱེད་ཀྱི་འདོད་བློ་ཚིམ་པར་བྱེད་ངེས་ཡིན”ཞེས་པར།  བྱི་ལས་སྔར་གྱི་ཁྲོ་གཉེར་ཕྱིར་བསྡུས་སྟེ་གཡོ་སྒྱུའི་མཛུམ་བག་ཤིག་དང་ཆབས་ཅིག་ཏུ“ཧེ་ཧེ་ཧེ།ང་དགའ་ཕྱོགས་ནི་ཁྱེད་ལྟབུའི་ཙིག་གུ་ཚོན་པོ་དག་གི་ཤ་མ་ཡིན་ནམ།ཧ་ཧ་ཧ”ཞེས་པར་ཙིག་གུར་ཁོང་འདར་ཞིག་ཤོར་ཞིང་ཡང་མདང་ཅུང་ཟད་བརྒྱབ་རྗེས་བཤད་རྒྱུར“མཆོག་གིས་ཁོ་བོ་ཚེ་ཐར་ལ་བཏང་ན་ངས་ཁྱེད་ལ་ཙིག་གུ་མང་པོ་ཞིག་ཕུལ་ཆོག”ཞེས་བཤད་པ་དང༌།བྱི་ལ་སྟག་རིས་ཅན་དེས་སྡེར་ཁྱིམ་གློད་རྗེས་ལག་པ་ཡ་གཅིག་གིས་ཙིག་གུ་ཚོན་པོའི་རྔ་མ་རིང་བོ་དེ་ནས་བཟུང་བ་དང་ལག་པ་ཡ་གཅིག་གིས་རང་གི་ཁ་སྤུ་རིང་བོ་དེ་གཡས་ཤད་གཡོན་ཤད་འགའ་བྱས་རྗེས་བཤད་རྒྱུར“ཁྱོད་ཀྱིས་རང་གིས་ཅི་བཤད་ཀྱིན་ཡོད་པ་ཤེས་སམ།རང་གིས་བཤད་པའི་སྐད་ཆ་དེར་ཁག་ཐེག་བྱེད་ཐུབ་བམ།”ཞེས་པར་ཙིག་གུས་མྱུར་དུ“དེ་ལེས་ཐུབ།དེ་ལེས་ཐུབ།ཁྱེད་ཀྱིས་ཁོ་བོར་སྙིང་རྗེ་དགོངས་ནས་ཚེ་ཐར་ལ་བཏང་ན།  ངས་ཁྱེད་ཀྱི་དྲིན་ལན་མི་བརྗེད་པར་ཚེ་གང་བོར་ཞབས་ཞུ་སྒྲུབ་ངེས་ཡིན་ལ།ཁྱེད་ལ་གང་དགོས་གང་མཁོ་བསྐྱལ་ཡོངས་ངེས་ཡིན།”ཞེས་བཤད་པ་དང་བྱི་ལ་སྟག་རིས་ཅན་དེས་སེམས་སུ།  ད་སྔོན་དག་དག་ལ་ཙིག་གུ་དར་མ་ཞིག་ཟོས་པ་ཡིན་པས་ལྟོ་བ་འགྲེངས་ནས་ཟས་ཀྱི་ཡི་ག་གང་ཡང་མི་འདུག་ཞིང་ཙིག་གུ་འདིས་བཤད་ཚུལ་ལ་ལྟོས་ན་ཁོས་ང་ལ་གང་དགོས་གང་མཁོ་བསྐྱལ་འོངས་ནའང་ཐང་སྙམ་ནས་དགའ་ལྷང་ལྷང་དུ་ཡོད་མོད་ཕྱི་ཚུལ་ནས་ཧ་ཅང་སྒམ་བརླིང་གི་ཚུལ་བཟུང་ནས་གཟབ་ནན་གྱིས་བཤད་རྒྱུར“སྤྱིར་ཁྱེད་ཀྱིས་བསགས་པའི་ཉེས་པ་ནི་ཚབ་ཆེ་བས་ཁྱོད་སྲོག་ཐོག་ལ་བཏང་ཡང་མི་ཆོག་པ་མེད་མོད།འོན་ཀྱང་ད་གིན་ཁྱོད་ཀྱི་རང་ཁྱིམ་གྱི་གནས་ཚུལ་བརྗོད་པས་ཁོ་བོ་སྙིང་རྗེས་དབང་དུ་གྱུར་ནས་ཁྱོད་ལ་ལག་འགུལ་ཐུབ་ཀྱི་མི་འདུག་ལ།   ཡང་ཅིག་བཤད་ན།  ཁྱིམ་གྱི་འབྲུ་རིགས་སྲུང་རྒྱུ་ནི་ངེད་ཅག་བྱི་ལའི་ལས་འགན་ཡིན་ལ།  ཙིག་གུ་ཚར་གཅོད་རྒྱུ་ནི་ཁོ་བོའི་འོས་འགན་ཡིན་པས་ན།ངས་ལག་དུ་ཚུད་པའི་ཙིག་གུ་ཚེ་ཐར་ལ་བཏང་ན་ངེད་ཅག་བྱི་ལའི་རིགས་ཀྱིས་ཅི་ཟེར་རམ།ངས་ཕྱིན་ཆད་རང་གི་འོས་འགན་དེ་ཇི་ལྟར་སྒྲུབ་བམ།  ངོ་མ་བཤད་ན་ང་ཡང་དཀའ་ཁག་ལ་ཐུག་འདུག”ཅེས་ཟེར་བཞིན་ཁོ་རང་ཧ་ཅང་འུ་ཐུག་པ་ལྟ་བུའི་རྣམ་འགྱུར་ཞིག་བསྟན་བྱུང༌།
             ད་ལྟ་ཙུག་གུ་ཚོན་པོའི་སེམས་ལྷོད་ལ་ཅུང་ཟད་བབས་ཡོད་ཀྱང་ད་དུང་སྐྲག་ནས་ལུས་འདར་སུག་སུག་བྱེད་པ་དང་རྔུལ་ནག་གི་རླངས་པ་ཁྲོ་ལོ་ལོ་བྱེད་ཞོར་མིག་ཆུང་ཟུམ་ཟུམ་བྱེད་ཀྱིན་བཤད་རྒྱུར“རྒྱལ་བོ་རིན་པོ་ཆེ།སྙིང་རྗེ་ཅན།བྱམས་བརྩེ་ཅན།ཁྱེད་ཀྱིས་དོན་དེར་དོ་སྣང་བྱེད་དགོས་དོན་མེད་དེ། དེ་རིང་འདིར་བྱུང་བའི་གནས་ཚུལ་མཐའ་དག་ངེད་གཉིས་མ་གཏོགས་སུས་ཀྱང་མི་ཤེས་པས། ས་གསང་རྡོ་གསང་བྱས་ན་སུས་ཀྱང་ཤེས་མི་སྲིད།དེ་མིན་ཁྱེད་ཀྱི་འོས་འགན་དེ་ངའི་རམ་འདེགས་འོག་འགྲུབ་ཐུབ་པ་ཁག་ཐེག་ཡིན་སྟེ།ཁྱེད་ཀྱིས་མཁྱེན་གསལ་ལྟར་ཁོ་བོ་ནི་ཙིག་གུའི་མགོ་འདྲེན་མ་ཡིན་ནམ།ངའི་སྐད་ཆར་ཚང་མས་ཉན་སྲིད་པས།ཁྱེད་ལ་ནམ་ཞིག་ཙིག་གུའི་ཤ་མཁོ་ཚེ་ངས་ཁོ་ཚོ་བསླུས་ཏེ་ཁྱེད་ཀྱི་ཚང་སྒོར་བསྐྱལ་ན་ཆོག”ཞེས་པར།བྱི་ལའི་སེམས་ནས་ཧ་ཅང་དགའ་ཡང་ཕྱི་ཚུལ་ནས་འཐད་ལ་མི་འཐད་པའི་རྣམ་འགྱུར་ཞིག་བསྟན་ནས་“ཁྱོད་ཀྱིས་ཀྱང་ཤེས་གསལ་ལྟར།  ངས་ཙིག་གུ་འཛིན་པར་ཁྱོད་ལྟབུའི་རོགས་སྐྱོར་རམ་འདེགས་ཅི་ཡང་མི་དགོས་མོད།ངས་ནི་ཁྱེད་བདག་ལ་ཡིད་གཞུང་མིན་བརྟག་ཕྱིར།སྐབས་ཤིག་གི་རིང་ལ་ཁྱེད་ཀྱི་འདོད་བློ་ལྟར་བྱེད་དུ་བཅུག་པ་ཡིན་པ་ཁྱེད་ཀྱིས་ཤེས་པར་གྱིས་ཤིག    དེ་མིན་ལྟས་ངན་ཁྱོད་ཀྱིས་ཕྱིན་ཆད་གལ་ཏེ་ང་ལ་རྒྱབ་འགལ་དང་ཡིད་གཉིས་ཀྱི་བློ་མཆིས་ཚེ། ངས་ཁྱེད་ཀྱི་ཁྱིམ་ཚང་གང་པོ་བཟུང་ཡོངས་ནས་སྡེར་མོ་རྣོན་པོ་འདིས་ཐེར་ཚལ་སྦར་ཚལ་དུ་བཏང་ནས་འཁྱུར་མིད་གཏོང་སྲིད་པས།  ཁྱེད་ཀྱིས་མ་བརྗེད་པར་ཡིད་ལ་ཆོངས་ཤིག”ཟེར།
             ཙིག་གུས་བྱི་ལའི་བཀའ་གསུང་དང་ལེན་དང་གང་དགོས་གང་མཁོ་མདོན་སྤྲོད་བྱེད་རྒྱུའི་ཁས་ལེན་དམ་བཅའ་ཕུལ་རྗེས་ཕྱི་མིག་ཙམ་ཡང་བལྟ་མི་ཕོད་པར་རང་གི་ཙིག་ཁུང་ལ་འཛུལ།  དེ་ནས་བཟུང་ཙིག་གུ་ཚོན་པོ་དེས་བྱི་ལའི་བཀའ་ལ་རྒྱབ་འགལ་བྱེད་མ་ཕོད་པར་ཉིན་བཞིན་རང་གི་སྤུན་གྲོགས་དག་བསླུས་ནས་བྱི་ལའི་ཚང་སྒོར་བསྐྱལ་ཏེ་གཟན་དུ་ཕུལ།  བྱི་ལ་སྟག་རིས་ཅན་གྱིས་ཙིག་གུ་ཚོན་པོའི་བྱ་བའི་ནུས་པར་ཚད་མཐོ་བའི་གདེང་འཇོག་དང་གཟེངས་བསྟོད་གནང་ཞིང་ཟིང་ཟིང་གི་ནོར་གྱི་བྱ་དགས་མགུ་བར་བྱས།
             ཐེངས་ཤིག་ལ་བྱི་ལས་གསོལ་སྟོན་རྒྱ་ཆེན་པོ་ཞིག་བཤམས་ཤིང་ཙིག་གུ་ཚོན་པོའང་གསོལ་སྟོན་ལ་བོས།  གསོལ་སྟོན་གྱི་གྲལ་ནས་སྲེ་མོང་དམར་མོས་ཙིག་གུ་མཐོང་བ་དང་སྐར་མདའ་ཆད་པ་ལྟར་མཆོངས་བྱུང་བས།བྱི་ལ་སྟག་རིས་ཅན་གྱིས་མྱུར་དུ“གཅུང་མོ་སྲེ་མོང་དམར་ཆུང་ལགས།ཁོ་ནི་ངའི་གྲོགས་པོ་བློས་ཐུབ་གཅིག་པུ་ཡིན་པས་ཁྱེད་ཀྱིས་ཁོ་ཟ་མི་ཉན།”ཞེས་ཟེར་བཞིན་མདུན་ནས་བཀག་པས།  སྲེ་མོང་དམར་ཆུང་མའི་ཟ་བློ་མ་འགྲུབ་ཡང་ཟ་འདོད་ཀྱི་སྲེད་པའི་འགྲམ་ཆུ་ལྡིང་བཞིན་ལྕེ་དམར་ལེབ་ཆེན་དེས་ཡ་ཁ་གཡས་བལྡག་གཡོན་བལྡག་བྱེད་བཞིན་ད་དུང་མིག་གིས་ཙིག་གུ་ཚོན་པོའི་ལུས་སྟེང་ལ་བལྟ་བཞིན་རང་གནས་སུ་བསྡད།ཙིག་གུ་ཚོན་པོ་དངངས་སྐྲག་གིས་རྒྱལ་ལ་ཁད་ཅིག་བྱས་ཤིང་ཡུན་གྱིས་དྲན་ཤེས་སླར་སོས་པ་དང་སེམས་སུ་བྱི་ལས་ངའི་ཚེ་སྲོག་ཐེངས་གཅིག་ལ་བསྐྱབས་སོང་བས། ངས་ཅི་ནས་ཀྱང་ཁོ་ལ་དྲིན་ལན་གཞལ་དགོས་ཀྱི་འདུག་སེམས།
        སྐབས་དེར་བྱ་ནེའུ་ལེ་ཐོན་བྱུང་བས།ཁོས་ཙིག་གུ་ཚོན་པོ་མཐོང་བ་དང་འཕུར་མ་ལྷབ་ཀྱིས་རྒྱུགས་ནས་འཛིན་པར་བརྩམ་པས་ཙིག་གུ་ཚོན་པོ་སྐྲག་ཐག་ཆོད་ནས་འགྲོ་ས་སྐོང་ས་མ་རྙེད་པར་ཕར་བྲོས་ཏེ་བྱི་ལའི་རྐུབ་འོག་ལ་འཛུལ།ཡང་བྱི་ལས་“གྲོགས་པོ་ནེའུ་ལེ་ལགས།ཁྱོད་ཀྱིས་ཁོ་ལ་གནོད་པ་གཏོང་མི་རུང༌།ཁོ་ནི་ངའི་ཤགས་པོ་བློས་ཐུབ་ཡིན”ཞེས་ཟེར་བཞིན་མདུན་ནས་བཀག་པས།ནེའུ་ལེའི་སེམས་སུ་ཙིག་གུ་ནི་བྱི་ལའི་ཁ་ཟས་མ་ཡིན་ནམ།  དགོད་བྲོ་བ་ལ་ཁོང་གཉིས་ནམ་ཞིག་ནས་ཤགས་པོར་གྱུར་བ་ཡིན་ནམ་སྙམ་ནས་ཡིད་ཆེས་ལ་མི་ཆེས་པར་ཕར་སོང་ནས་བསྡད།ཙིག་གུའི་སེམས་སུ་བྱི་ལས་ཡང་ངའི་ཚེ་སྲོག་ཐེངས་གཅིག་ལ་བསྐྱབ་པ་ཡིན་པས་ན།བྱི་ལ་ནི་རང་གི་མགོན་སྐྱབས་ཉག་གཅིག་ཡིན་པར་སེམས།
        གསོལ་སྟོན་འདིར་གླང་ཆེན་ཀླད་ཞོ་འགེམས་པའི་སེང་གེ་དཀར་མོ་དང༌།རི་རྟ་ཐོ་རུ་འཁུར་བའི་རྒྱ་སྟག་ངར་མ།  གླ་ནག་སྤར་གྱིས་འཛིན་པའི་གླག་ནག་རོག་པོ་དང་བམ་ཤ་ཧམ་གྱིས་ཟ་བའི་ཐང་དཀར་རྒོད་པོ།  གཡང་དཀར་ཤ་ཁྲག་ཟ་བའི་རི་སྤྱང་སྔོན་མོ་སོགས་ཤ་བཟའི་གཅན་གཟན་ཆེ་གྲས་དག་ཡོངས་མེད་ཞིང༌།  ཨབ་ཙིག་འབའ་འབུའི་ཤ་ཁྲག་གི་དམར་ལ་རོལ་བའི་སྲོག་ཆགས་ཆུང་གྲས་སྐོར་ཞིག་འཛོམས་ཡོད་པས་གླེན་སྒོམ་ནེའུ་ལེས་མགོ་མཐོ་མཐོ་བྲང་ཁ་ལྡིར་ལྡིར་དང༌།  སྒྲོ་ཐུལ་སྦྲུག་སྦྲུག་བྱས་ནས་ཧ་ཅང་སྒམ་བརླིང་གི་ཚུལ་འཛིན་ཞིང༌།གཡོ་ཅན་སྲེ་མོང་གིས་མིག་རིག་རིག་དང་རྣ་ཀྲོག་ཀྲོག་བྱས་ནས་ཧ་ཅང་གྲུང་ཤ་དོད་མདོག་བྱེད།  ལུས་ངན་བསེ་དྲི་འཐུལ་བའི་ཏེ་ལོས་གཉའ་སྒུར་སྒུར་དང་སྒལ་བ་སྒོང་སྒོང་བྱས་ནས་ཧ་ཅང་དཔའ་མདོག་གིས་ངར་སྐད་ལྷང་ལྷང་སྒྲོགས་པ་སོགས་མདོར་ན་འཁྱོག་འགྲོས་ཀྱི་སྦྲུལ་དང་ཟུར་འགྲོས་ཀྱི་སྡུག་རྭ་སོགས་ཀྱིས་ཀྱང་ངར་ངར་རྫིག་རྫིག་ཁོ་ན་བྱེད་པས།  སྟོན་མོའི་མཁའ་དབུགས་ཁྲོད་ཞེ་སྡང་གི་མེ་ལྕེ་ཚ་ཚར་འབར་ཞིང་ཀོ་ལོང་དང་ཕྲག་དོག་གི་དུ་ནག་ལང་ལོང་དུ་མཆེད།  འཁོན་འཛིང་གི་ཀུ་ཅོའི་སྐད་ངན་དང་མུ་ཅོལ་གྱིས་བར་སྣང་ཁེངས་འདུག
         སྲོག་ཆགས་འདི་དག་གིས་ཆེ་བས་ཆུང་བར་སྡིག་མོ་དང་མགྱོགས་པས་བུལ་བར་བརྙས་བཅོས་བྱེད་ཅིང༌།  གསོལ་སྟོན་གྱི་ཁ་ཟས་ཙམ་ལའང་ཧམ་ཟ་དང་འཕྲོག་རྩོད་ཁོ་ན་བྱེད་པས།  གསོལ་སྟོན་དེའང་དོན་གྱིས་གཡུལ་ས་ཆུང་ངུ་ཞིག་དང་འདྲ།དུས་ཡུན་ག་ཙམ་ཞིག་ནས་ཙིག་གུ་ཚོན་པོའང་བྱི་ལའི་རྔ་མའི་སྤུ་གསེབ་ནས་མགོ་ཕྱིར་ཕུད་དེ་རྒུན་ཆང་གི་ཆང་ཕོར་བཀྱགས་ནས་བྱི་ལའི་ཆང་ཕོར་ལ་ཞབས་གཏུགས་རྒྱབ་རྗེས་གཙང་བཞེས་བྱས།  ཙིག་གུས་མུ་མཐུད་དུ་ཆང་ཕོར་ཁ་ཤས་འཐུང་བ་དང་ཀླད་པ་ཆུང་ངུ་དེར་ངར་རྒྱས་ནས་སྣང་བ་དགུང་ལས་མཐོ་བ་དང་ལུས་ཀྱི་ཁྲག་རྩ་རྒྱས་པར་གྱུར་ནས་སྙིང་རྩ་ལྷོག་ལྷོག་ཏུ་འཕར་ལྡིང་བྱེད་པར་གྱུར་བས་ཁོ་ལ་གཟུགས་མེད་ཀྱི་སྙིང་སྟོབས་ཤུགས་ཤིག་གར་ཐོན་མི་ཤེས་པར་ལུས་སྟེང་ཀུན་ལ་ཁྱབས་པར་གྱུར།  ཁོས་ལག་པ་བསྲིང་ནས་མདུན་གྱི་ཙིག་གུ་དང་ཨ་བྲ་རྒྱ་བོའི་ཤ་དེ་བླངས་ནས་ཟོས་པས།ཤ་དེ་སྣག་ཅིང་ཞིམ་པས་ཡང་བསྐྱར་ལག་པ་བསྲིང་ནས་ཤ་རྡོག་ཞིག་སྡེར་མོའི་བར་ལ་བཙུར་ནས་ཟ་སྐབས།  གློ་བུར་དུ་ཁོའི་སྣང་ངོར་རང་གི་སྡེར་མོ་དེ་ཅི་འདྲའི་རྣོ་དཔལ་ལྡན་ལ།  ལྕགས་ཚེབ་ལྟབུ་དེས་ཤ་རྡོག་རེ་རེ་འཛེར་ནས་འོངས་པ་དེ་ཅི་འདྲའི་ཤུགས་དང་ལྡན་ཞིང་ཟིལ་ཉམས་ཆེ་བ་ལའང༌།  དེ་ལས་ཀྱང་ཡ་མཚན་པ་ནི་གདོད་མ་ནས་འབྲུ་རིགས་ཁོ་ན་བལྡད་པར་གོམས་པའི་སྟར་ཕྲེང་འགྲིག་པའི་སོ་ཕྲེང་འདིས་ཙི་ཙིའི་ཤ་དེ་ཟ་སྐབས་ལྕགས་ཀྱི་འཕྲུལ་འཁོར་ཞིག་དང་འདྲ་བར་ཤ་རུས་དབྱེར་མེད་དུ་ཉོག་མར་འཐག་ནས་མིད་པའི་ཕྲེང་ལམ་ལ་བདེ་བར་བསྐྱེལ་ངེས་པ་རེད།ཁོ་རང་ཉིད་ཀྱི་ཟིལ་ཤུགས་དེར་ཧ་ལས་ཤིང་ཉམས་སྣང་ལ་སྡེར་མོ་སྲ་ཞིང་རྣོ་བ་འདིས་བྱི་ལའི་མགྲིན་པ་དགག་ཐུབ་ལ།སྲེ་མོང་གི་སྒལ་ཚིགས་གཅོག་ཐུབ་ཞིང་ཏེའུ་ལོའི་མགོ་སྤགས་བཤུ་ཐུབ་པར་སེམས་ལ། ཁ་བྲག་ཁུང་ལྟབུ་འདིས་སྡུག་རྭ་འཁྱུར་མིད་གཏོང་ཐུབ་ཞིངསྦྲུལ་ནག་ཁུག་མིད་བྱེད་ཐུབ་པར་སེམས།  ད་དུང་མཆེ་བའི་སོ་ཕྲེང་རྣོན་པོ་འདིས་འབྲོང་ཤ་ཞེས་པ་དུམ་བུར་གཏོང་ཞིང་འབྲོང་གོ་ཞེས་པའང་སིལ་བུར་འཆའ་མི་ཐུབ་པའི་ངེས་པ་མེད་པར་སྙམ་པས།  ཁོ་ལ་སྔར་མེད་ཀྱི་སྤོབས་པ་གློ་བུར་བ་ཞིག་ཐོན་ཏེ།  མུ་མཐུད་དུ་རྒུན་ཆང་ལ་ཧམ་འཐུང་འགའ་བྱས་རྗེས།  མགོ་དགྱེ་དགྱེ་དང་སྐད་གཟེངས་མཐོན་པོ་བྱས་ནས།  མཆེ་བ་གཙིགས་ཤིང་ཁ་སྤུ་གཟེངས།  སྡེར་མོ་བཀྲད་ཅིང་མིག་གིས་ཕུར་ཚུགས་སུ་བལྟ་བཞིན་ཞེ་སྡང་གི་ངར་སྐད་དང་བཅས་པར་བྱི་ལའི་མདུན་སར་ཐོན།
             སྐབས་དེར་གཞན་དག་གིས་རང་རང་གི་འཕྲོག་ཐོབ་ཀྱི་སྐལ་བ་ཁྱེར་ནས་ཕྱིར་རང་རང་གི་ཁུང་བུར་འཛུལ་ཟིན་པས་བྱི་ལ་དང་ཙིག་གུ་གཉིས་མ་གཏོགས་མེད་ལ།ཙིག་གུས་བྱི་ལའི་སྣ་སྒོར་རེག་རེག་བྱེད་ཞོར་བཤད་རྒྱུར“གཅེན་པོ་ལགས།ད་གིན་ཁྱེད་ཀྱིས་བར་འདུམ་པ་མིན་ན།ངས་མཆེ་བ་རྣོན་པོ་འདིས་སྲེ་མོང་དམར་ལུ་མའི་ལྟོ་བ་བཀྲལ་ནས་རྒྱུ་ཉོག་ཐང་ལ་འཕེན་འདོད་ཡོད་ལ།  སྡེར་མོ་རྣོན་པོ་འདིས་ནེའུ་ལེ་ཐལ་མདོག་དེའི་སྒྲོ་སྤུ་སྐྱ་ཐལ་ལེར་གཏོང་འདོད་ཡོད”ཅེས་དཔའ་སྐད་འཐེན་པས།  བྱི་ལ་སྟག་རིས་ཅན་དེ་ཡང་ཙིག་གུའི་སྦྱོར་བ་ཡ་མཚན་པ་དེ་ལ་ཧ་ལས་ནས་ཕྱིར་འགྱེད་ལན་གསུམ་ཤོར་ཞིང༌།ཐེ་ཚོམ་གྱིས་རྒྱང་ནས་བལྟས་ཏེ་བསྡད།ཙིག་གུས་རྒུན་ཆང་འཐུང་གིན་འཐུང་གིན་མགོ་བོ་བར་སྣང་དུ་རྒྱུ་བ་བཞིན་སྟོང་ཡང་ཡང་བྱེད་ཅིང༌།  མིག་ལམ་དུ་ཉི་ཟླ་ཆ་ལང་སྡེབ་པ་ལྟར་དམར་ཚུབ་ཚུབ་བྱས་པས་བར་སྐབས་ཤིག་ནས་ཅི་འདི་མེད་པར་མུན་འཐུབ་བེར་ སོང་ནས་གཉིད་དུ་ཡུར།
        ཕྱི་ཉིན་ཙིག་གུ་ཚོན་པོ་བཟི་དེངས་ནས་ཕྱིར་རང་གི་ཚང་སྒོར་ཐོན་དུས་ཙིག་གུ་ཚང་མས་ཁོ་མཐོང་བ་དང་མྱུར་དུ་གཡོལ་ནས་རང་རང་གི་ཁུང་བུར་འཛུལ།ད་དུང་སྙིང་ཆུང་བ་ཁ་ཤས་དངངས་སྐྲག་གིས་ངུ་འབོད་འདོན་བཞིན་བྲོས་ནས་རང་གི་ཁུང་སྒོའང་མ་རྙེད་པར་གཞན་གྱི་ཚང་ནང་ལ་བཙན་གྱིས་བཙུར།  ཐ་ན་རང་ཁྱིམ་གྱི་ཆུང་མ་དང་ཙིག་ཕྲུག་ཚོས་ཀྱང་ཁུང་སྒོ་དམ་དུ་གཏན་ནས་ཁྱིམ་ལ་འཛུལ་དུ་མ་བཅུག   མ་གཞིར་ཁ་སང་ཙིག་གུ་ཞིག་ཁ་ཟས་འཚོལ་དུ་འགྲོ་སྐབས་གྱང་ཧྲིལ་ཞིག་གི་གྲུ་ཟུར་ན་འུར་ཟིང་ཟིང་བྱེད་པ་ཐོས་ནས་ཁོས་གྱང་གི་སྲུབ་ངོས་ཤིག་ནས་ལྐོག་བལྟ་བྱས་ཚེ།བྱི་ལ་སོགས་གསོལ་སྟོན་ལ་རོལ་བཞིན་ཡོད་ལ་ཙིག་གུ་ཚོན་པོ་འང་གྲས་སུ་ཡོད་ལ།ཁོས་རྒུན་ཆང་གི་ཕོར་བ་གཅིག་འཕྲོར་གཅིག་མཐུད་ནས་འཐུང་པ་མ་ཟད།  ཙིག་གུའི་ཤ་ཁམ་གང་རེ་གང་རེ་བྱས་ནས་ཟ་བཞིན་པ་མཐོང་བས།ཁོ་རང་ཞེད་སྣང་གིས་ཕྱི་བལྟས་ཙམ་ཡང་བྱེད་མ་ཕོད་པར་བྲོས་ཏེ་ཙིག་གུ་རྒན་གཞོན་ཀུན་ལ་མཐོང་ཐོས་ཀྱི་གནས་ཚུལ་མ་ལས་པར་ཤ་བཤད་རྒྱུ་བཤད་བྱས།ཙིག་གུ་རྣམས་ཀྱིས་ཁ་སྔོན་གར་སོང་ཆ་མེད་དུ་གྱུར་བའི་སྤུན་གྲོགས་དེ་དག་མ་གཞིར་ཙིག་དཔོན་ཚོན་པོས་བསླུས་ནས་བྱི་ལའི་ཁ་ཟས་སུ་བསྐྱལ་བ་ད་གཟོད་རྟོགས་སོང་བས།ཙིགཚོགས་ཀུན་ལ་ཁོང་ཁྲོ་དང་ཞེ་སྡང་གི་མེ་ལྕེ་ཚ་ཚར་འབར་མོད།འོན་ཀྱང་འཐབ་པས་ནི་བྱི་ལ་སོགས་ཀྱི་དཔུང་གི་དོ་ཡ་མི་ཡོངས།    ཐབས་བགྱིད་ཚེ་བློ་དང་རིག་པས་གྲུང་ཤས་མི་དོ།གཟུ་བཤད་ན་རྒྱབ་བརྟེན་བཅོལ་སའི་གཟུ་མཁན་ཞིག་མེད་པས།    ཙིག་གུ་ཚོ་འུ་ཐུག་ཐབས་ཟད་ཀྱིས་སྨྲེ་སྔགས་འདོན་བཞིན་དོགས་ཟོན་འཐོར་འདེགས་ཀྱིས་མི་སྡོད་རང་སྡོད་དུ་གྱུར།
             སྐབས་འདིར་ཙིགདཔོན་ཚོན་པོས་ཡར་ལ་ཨ་ཁུ་དང་མར་ལ་ཨ་ཅེ་ཞེས་བོས་ཀྱང་གཅིག་གིས་ཀྱང་ཁ་ཡ་མ་བྱས་པར་རང་རང་གི་ཁུང་བུའི་ཕུ་ལ་གབ་ནས་བསྡད་པས།ཁོ་རང་ཐབས་ཟད་འུ་ཐུག་གིས་ངོ་ཚ་དང་ཁོང་ཁྲོ་དུས་གཅིག་ཏུ་ལངས་ནས་ཁ་སྤུ་ཉག་མ་རིང་པོ་དེ་དག་གཟེངས་ཤིང་མིག་སྲན་རྡོག་ལྟ་བུ་དེ་གོར་གོར་བྱས་ནས་སྡེར་མོས་ས་སྐྱ་ཆིལ་ཆིལ་དུ་འབྲད་བཞིན་“ལྟོས་ངན་ཁྱོད་ཚོ།ལྟོས་ངན་ཁྱོད་ཚོ།ཁྱོད་ཚོས་སྒུག་སྡོད་དང་ངས་ཕུ་བོ་བྱི་ལ་དང་ཨ་ཅེ་སྲེ་མོང་གཉིས་ཁྲིད་འོངས་ནས་ཁྱེད་ཚོ་རྩ་མེད་དུ་གཏོང་མ་ཐུབ་ན་ང་ཨ་ཕོ་ཙིག་དཔོན་ཚོན་པོ་མིན་རྟགས་ཡིན”ཞེས་སྐད་ངན་ཙེར་ཙེར་འདོན་བཞིན་ཡར་རྒྱུགས་མར་རྒྱུགས་བྱས་པས་ཐང་ཆད་དེ་དབུགས་ཧལ་ཧལ་བྱེད་བཞིན་ཕྱིར་བྱི་ལའི་ཚང་སྒོ་བསྙེགས་ནས་སོང་།    བྱི་ལ་སྟག་རིས་ཅན་དེ་ཉི་ཐིག་དྲོན་པོ་ཞིག་གི་ནང་དུ་དལ་ལྷོད་ལྷོད་ཀྱིས་འགྲེ་ལྡོག་འགའ་བྱས་རྗེས་ཀླལ་རྒྱངས་རིང་བོ་ཞིག་བྱས་ཤིང་རྐང་ལག་བརྐྱངས་ནས་སྟག་ཉལ་བྱས་ཏེ་གཉིད་དུ་ཡུར།  སྐབས་དེར་ཙིག་གུ་ཚོན་པོ་བྱི་ལའི་མདུན་དུ་ལྷགས་ནས་ཁོའི་གནས་ཚུལ་མ་ལུས་པ་བཤད་ཅིང་ད་དུང་རང་རིགས་སྤུན་ཟླ་རྣམས་ལ་གཤེ་ཚིག་བར་མེད་དུ་འཆད་པའི་སྐབས།  བྱི་ལའི་སེམས་སུ་ད་ནི་ཙིག་གུ་འདིར་བེད་སྤྱོད་ཀྱི་རིན་ཐང་དང་བྲལ་བས་ན་ཆུ་ཡི་རྒྱུ་ཕྱོགས་དང་བསྟུན་ནས་གྲུ་འདེད་པའི་དཔེ་བཞིན་ཙིག་ཚོགས་ཀྱི་མིག་ནང་གི་མཛེར་མ་འདི་བསལ་ན་ཁོ་ཚོའི་སེམས་ཁོངས་ཀྱི་ཁྲོ་བ་ཞི་བར་མ་ཟད།ལས་བཟང་ན་ཁོ་ཚོས་དུས་འདི་ནས་བཟུང་སྟེ་བདག་ལ་ཡིད་ཆེས་དང་བརྩི་བཀུར་ཐོབ་ཐུབ་པ་མ་ཟད་རྗེས་ཕྱོགས་ངའི་བཀོད་འདོམས་ཀྱི་བཀའ་ལ་ཉན་ནའང་ཐང་སྙམ་ནས་མཆོངས་ཐེངས་གཅིག་གིས་ཙིག་གུ་ཚོན་པོའི་གཉའ་སྟག་ནས་བཟུང་སྟེ་མར་མནན་པས།ཙིག་གུ་ཚོན་པོས་དངངས་འཚུབ་ཀྱིས“གཅེན་པོ་བྱི་ལ།ཁྱེད་ལ་ཅི་བྱུང་ངམ།ང་ནི་ཁྱེད་ཀྱི་ཤགས་པོ་བློས་ཐུབ་ཙིག་གུ་ཚོན་པོ་ཡིན་ཡ།ཁྱེད་ལ་ཅི་བྱུང་ངམ།ཅི་བྱུང་་་་་་་”ཞེས་པར།  བྱི་ལས“གྲོགས་པོ།དངོས་གནས་དགོང་དག་ཞུ།  ཙིག་ཚོགས་ཀྱི་བསམ་འདུན་དང་བསྟུན་ནས་ཁྱེད་མེད་པར་གཏོང་རྒྱུ་ནི་བདག་གི་བྱ་བཞག་ཁྲོད་ཀྱི་འཐབ་ཇུས་རང་བཞིན་ལྡན་པའི་བྱ་བ་གལ་ཆེན་ཞིག་ཀྱང་ཡིན་པས།   ངས་ཁྱོད་ཟ་རྒྱུ་ནི་རྒྱུ་ལམ་ཉག་གཅིག་གོ”ཞེས་  བཤད་པ་དང་སྡེར་མོ་བཙུགས་ནས་ཤེད་ཀྱིས་བསྡམ་པས་ཙིག་གུ་ཚོན་པོ་དངངས་སྐྲག་དང་ན་ཟུག་གིས་བརྒྱལ་བར་གྱུར།
        སྐབས་འདིར་གལ་ཏེ་བྱི་ལས་མཆེ་བ་རྣོན་པོ་དེ་ཙིག་གུའི་གཉའ་སྟག་ལ་བཙུགས་ནས་ཅུང་ཙམ་བལྡད་ཚེ།    སྐད་ཅིག་ཙམ་གྱི་རིང་ལ་ཁོའི་རང་བླ་འཚོང་བའི་རྣམ་ཤེས་བཙོག་པོ་དེ་ཉམས་ཆུང་བའི་ལུས་ཀྱི་སྒྲོམ་གཞི་དང་བྲལ་ནས་འཇིག་བརྟེན་ཕྱི་མའི་ཡུལ་དུ་བསྐྱེལ་ངེས་མོད་ཀྱང༌།  དག་དག་སྐབས་འདིར་རྩྭ་ཕུང་གི་གསེབ་ནས་སྲེ་མོང་དམར་མོ་རྒྱང་ངེར་ཕྱིར་ཐོན་བྱུང་བས།  བྱི་ལའི་ལག་པ་མེ་ལ་ཐུག་པ་བཞིན་ཕྱིར་བཀུམ་ནས་སྡེར་མོ་སྤུ་གསེབ་ལ་སྦས་ནས་ཨོང་ཙོག་བྱས་ཏེ་སར་བསྡད།   སྲེ་མོང་གིས་གཡས་བལྟ་གཡོན་བལྟ་དང་ཕར་འཁོར་ཚུར་འཁོར་འགའ་བྱས་རྗེས་བྱི་ལའི་མདུན་དུ་འོངས་ནས“ཧ་ཧ།འཇིག་བརྟེན་བོད་མའི་ཁ་དཔེར་བདེན་ལུང་བ་གཉིས་ཀྱི་ཕུ་ཐག་རིང་ཡང༌།  རྫུན་ཨ་བྲ་གཉིས་ཀྱི་རྔ་མ་ཐུང་ཞེས་པ་ལྟར་ཁྱེད་ཀྱི་རྫུན་མཐུལ་བརྡོལ་བྱུང༌།ཁ་སང་རང་གི་ཤགས་པོ་ཡིན་ཁུལ་བྱེད་པ་དེ།  དེ་རིང་ཟ་གྲབས་བྱེད་པ་ཅི་ཡིན་ནམ།ཁྱེད་ཀྱིས་ང་ལ་ཟས་འགོང་བྱེད་བསམ་པ་མིན་ནམ”ཞེས་པར་བྱི་ལས་“ཁྱེད་ཀྱིས་སྐལ་མེད་སར་སྐེ་མ་བསྲིང༌།  བར་མེད་སར་ཁྱིའུ་མི་གདབ་པར།  ངའི་བྱ་བ་ལ་ཐེ་གཏོགས་ཅི་ཡང་བྱ་དགོས་དོན་མེད་པས་ཁྱི་ཁ་སུམ་ལ་སྡོད”ཞེས་ལན་སློག་པས།སྲེ་མོང་ཁ་སྤོ་ཁ་ནས་ལངས།ཞེ་སྤོ་གཏིང་ནས་ལངས་ཏེ་ཚུར་རྒྱུགས་ནས་བྱི་ལའི་ལག་གི་ཙིག་གུ་འཕྲོག་གྲབས་བྱས་པས།    བྱི་ལས་ཀྱང་སྲེ་མོང་གི་གདུང་བསུས་ནས་ཁོ་གཉིས་ཀྱིས་ཙིག་གུའི་ཤ་ལ་འཕྲོག་ཐོབ་ཀྱི་ཛ་དྲག་གི་གཡུལ་གྱི་འཐབ་མོ་སྤྲད།
       དུས་དེར་ཙིག་གུ་ཚོན་པོ་བརྒྱལ་བ་ལས་སངས་ནས་བལྟས་ཚེ་སྲེ་མོང་དང་བྱི་ལ་གཉིས་འགལ་མེ་འཁོར་ལོ་བསྐོར་བ་བཞིན་རྡུལ་སྐྱ་འཚུབ་འཚུབ་དུ་འཛིང་རེས་བྱེད་པ་མཐོང་བས་མྱུར་དུ་གྱང་རལ་གྱི་སྲུབས་ཀ་ཞིག་བརྒྱུད་ནས་ཕྱིར་བྲོས།   ཙིག་གུ་ཚོན་པོའི་རྨས་སྐྱོན་ཧ་ཅང་ལྕི་བས་རྨ་ཁ་ལས་ཁྲག་དམར་ལྷོག་ལྷོག་ཏུ་བཞུར་ཞིང་ཆང་གིས་བཟུ་བ་ལྟར་གཡས་འཁྱར་གཡོན་འཁྱོལ་བྱེད་བཞིན།   སེམས་སུ་ངས་ཅི་ནས་ཀྱང་རང་གི་ཉེ་མི་སྤུན་མཆེད་དུ་གྱུར་བའི་ཙིག་ཚོགས་རྣམས་ལ།ཁྲེལ་གཞུང་ཕྱི་ཐག་ཐུང་བའི་གཡོ་སྒྱུ་ཅན་གྱི་བྱི་ལ་དང་ཟ་རྔམ་སྲེད་པ་ཆེ་བའི་ཁྲ་ཁྲོ་ཅན་གྱི་སྲེ་མོང་ལ་བློ་གཏོད་གཏན་ནས་བྱ་རྒྱུ་མེད་པ་གསལ་བོར་བཤད་དགོས་སྙམ་ནས་ཧ་ཅང་དཀའ་ཁག་གིས་ལྕིད་ཏིག་ཏིག་གི་གོམས་པའི་འདེགས་འཇོག་རང་གི་ཙིག་ཚང་ཡོད་པའི་སར་ཁ་ཕྱོགས་ནས་མདུན་དུ་སྐྱོད།༼རྩོམ་སྒྲིག་འགན་ཁུར་བ་ཨོ་རྒྱན་དོན་གྲུབ།༽
  • ལེ་ཚན་སྔོན་མ།:འབུལ་བ་དང་གོ་རྟོགས།
  • ལེ་ཚན་རྗེས་མ།:ཤོག་ལྷེ་གཅིག