འབུལ་བ་དང་གོ་རྟོགས།

རྣམ་རྒྱལ།        2012-01-09

འབུལ་བ་དང་གོ་རྟོགས།

           གཅིག
ལུང་པའི་ཞིང་ཁམས་གང་དེར་ཁྱིམ་ཚང་བཅུ་ཕྲག་གིས་གྲོང་པ་རེ་གྲུབ་ཅིང་རི་རྒྱུད་གཅིག་གི་སྣ་ཆད་པའི་སར་ས་ཁྱོན་ཆེ་ཙམ་གྱི་ལུང་ཐང་དེར་གྲོང་ཚོ་ཁ་ཤས་ཀྱིས་གྲོང་སྡེ་ཆེན་པོ་ཞིག་གྲུབ།གྲོང་སྡེ་རེ་རེ་ནི་རང་བྱུང་གི་མཐུ་སྟོབས་དང་ལོ་རྒྱུས་ཀྱི་བཞུར་རྒྱུན་གྱིས་འཆའ་བཟོ་བྱས་པའི་གཅིག་འགྱུར་གྱི་ཕུང་གྲུབ་ཅིག་གམ་རང་འགོ་རང་བཙན་གྱི་སྤྱི་ཚོགས་མ་ལག་ཅིག་རེད།སྤྱི་ཚོགས་མ་ལག་དེས་རང་གི་ལུང་པའི་ལ་རྒྱ་དང་ཁེ་ཕན་སྲུང་སྐྱོང་བྱེད་པར་གཅིག་འགྱུར་གྱི་ལུགས་སྲོལ་དང་སྟོབས་ཤུགས་བསྐྲུན་ཡོད་ཅིང་ཕྱི་དགྲ་ནང་དགྲའི་གྱོད་དོན་དང་འཚོ་བའི་ལས་ཀ་གང་ཡིན་ཡང་ཐམས་ཅད་ལ་སྲོལ་རྒྱུན།ཆོས་ལུགས་དང་ཁྲིམས་ལུགས་གང་བདེར་བརྟེན་ནས་ཐག་གཅོད་བྱེད་པའི་སྲོལ་འདྲེས་མ་ཞིག་ཀྱང་འཁྱོངས་འདུག 
ཕུར་བུ་ཚེ་རིང་ནི་སྡེ་བ་འདིའི་བྱེད་སྲོལ་དང་ལས་ལུགས་གང་མང་ཞིག་ལ་བློ་མི་འཐད་ཅིང་རང་ལ་རང་གི་ལྟ་བ་ཁྱད་མཚར་ཡོད་པའི་སློབ་ཆེན་སློབ་མ་ཞིག་རེད།ལྷག་པར་དུ་ཁོ་རང་ནི་བྱ་འགུལ་སྤེལ་བར་མཁས་ཤིང་བྱེད་སྒོ་ཆུང་ཆུང་རེའི་ཤུགས་རྐྱེན་གསར་པ་རེས་ཡུལ་མི་རྣམས་ཀྱི་གོ་རྟོགས་སད་པར་དགེ་མཚན་བསྐྲུན་སྙམ་ཞིང་འགྲོ་བ་མིའི་རིགས་ཀྱི་འཕེལ་རྒྱས་ལ་འཕྲལ་གྱི་བཅོས་སྒྱུར་མཁོ་བར་ཡིད་ཆེས་བཙན་པོ་བྱེད་པའི་བསམ་བློ་ཅན་ཞིག་ཀྱང་རེད།འོན་ཀྱང་ཁོའི་བྱ་འགུལ་སྣ་ཚོགས་ལས་ལམ་དུ་བདེ་བདེར་སོང་བ་ནི་རྩ་བ་ནས་མིན་ཞིང་དེར་ཁོ་ལ་སྐྱོ་ཁ་སྟེར་བའི་དཀའ་ཁག་དུ་མ་ཡོད་པ་མ་ཟད་སྐབས་སྐབས་སུ་དོན་ངན་སྣ་གདོང་ལ་ཕོག་པ་ཡང་བྱུང་མྱོང་།སྡེ་བའི་ནང་ཡོད་ཚད་ལས་ཀྱིས་བཀོད་ཟིན་པར་འདོད་པའི་ལས་སྒུག་རིང་ལུགས་རྣམས་ཀྱིས་ཁོའི་བྱ་འགུལ་རྣམས་ལ་མཇུག་འབྲས་ཅི་ཞིག་ཡོང་བར་ཚོད་ཚོད་བྱས་ཤིང་ཐེ་ཚོམ་གྱི་མིག་གིས་བལྟས་པ་དང་ཡོད་ཚད་གཞན་པའི་དབང་དུ་སོང་བར་འདོད་པའི་ཡིད་ཆད་རིང་ལུགས་རྣམས་ཀྱིས་ཁོའི་བྱ་འགུལ་ལ་སྙིང་རྗེ་རྗེ་བྱས་པ་ལས་རྒྱབ་སྐྱོར་གང་ཡང་མི་ནུས།ད་རུང་ས་གནས་སྲིད་གཞུང་སོགས་ཀྱི་ངོ་གདོང་ལ་བལྟས་ནས་བྱ་བ་སྒྲུབ་དགོས་པ་ནི་གོར་མ་ཆག
   བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར།ཕུར་བུ་ཚེ་རིང་དགའ་དགའ་སྤྲོ་སྤྲོའི་ངང་སྡེ་དཔོན་དཔལ་ལྡན་གྱི་ས་ནས་ཕྱིར་རང་ཁྱིམ་དུ་ལོག་ཅིང་དེ་མ་ཐག་ཏུ་ཁོའི་སློབ་འབྲིང་སློབ་གྲོགས་ཉི་མ་ལ་ཁ་པར་བརྒྱབ།
   “ཡུལ་ཤོག་འགོ་དཔོན་དང་སྡེ་དཔོན་གཉིས་གྲོས་བྱས་རྗེས་ང་ཚོ་སྡེ་བའི་དཔེ་ལྟ་ཁང་གི་ལས་གཞི་དེར་ཆོག་མཆན་གནང་ཐལ།”
   “ངོ་མའམ།གཏམ་བཟང་འདི་སྒུག་ནས་ལོ་གཉིས་སོང་ཐལ།དཔེ་མཛོ་ཁང་དེ་ཡོད་ན་རྗེས་སུ་བྱ་འགུལ་ཅི་སྤེལ་ཡང་སྟབས་བདེ་ཧ་ཅང་རེད།”
   “རེད།སང་ཉིན་ང་ཚོ་སློབ་ཆེན་སློབ་མས་གཙོ་འགན་ཁུར་ནས་སྡེ་དཔོན་དང་བཅས་མཉམ་དུ་ལས་གཞིའི་ནང་དོན་ཞིབ་ཕྲར་གྲོས་བྱ་དགོས་པས་སྔ་དྲོ་དུས་ཚོད་དགུའི་ཐོག་འཛོམ་རྒྱུ་བྱོས།ཁྱོད་ཀྱིས་ངེས་པར་དུ་ལས་གཞིའི་འཆར་གཞི་བྲིས་ཚར་པ་བྱ་དགོས།སང་ཉིན་ཁུར་ནས་ཤོག”
   “ཡ་ཡ།ངས་ཐུབ་ཚད་ཀྱིས་བྲིས་ཚར།སང་ཉིན་ཚང་མར་བསྟན་རྗེས་མཐའ་བཅོས་བྱ་ཆོག”
   “རེད།སང་ཉིན་ཐུག   གཟིམས་ས་བདེ།”
   “གཟིམས་ས་བདེ།  ”
   བོད་ཚེས་ཉེར་བདུན་གི་སྔ་དྲོ་དུས་ཚོད་དགུ་པའི་ཐོག་སློབ་མ་བཅུ་ཕྲག་འགའ་སྡེ་དཔོན་དཔལ་ལྡན་གྱི་ཁྱིམ་དུ་སོང་།
   སྡེ་དཔོན་དཔལ་ལྡན་གྱི་འགྲམ་ཤ་ལོག་ལོག་དེ་འགུལ་བ་དང་བསྟུན་ནས་ཁ་སྤུ་རྩིང་རགས་དེ་ཀྱང་གཡས་ཟིང་གཡོན་ཟིང་འགའ་བྱས་ནས་ཁོས་ཞོགས་ཇའི་ཕོར་བ་བཞག་ནས་ཚོགས་འདུས་དེའི་འགོ་བརྩམས།  ཁོ་ནི་གཞུང་དྲང་ཅན་ཞིག་ཡིན་པས་སྡེ་དཔོན་དུ་གདམས་མོད་འདོད་ཆུང་ཆོག་ཤེས་ཅན་ཞིག་ཡིན་པས་མི་མང་པོའི་འདོད་པ་འགེངས་མི་ཐུབ་ཅིང་གཞན་པའི་ལམ་གཏོད་པར་བདེ་ཐང་ངང་འགྲོ་བ་ལས་རང་གིས་ལམ་གསར་པ་གཏོད་པར་སྤྲོ་བའམ་བློ་མེད་པའི་མི་ཞིག་རེད།འོན་ཀྱང་སྐབས་འདིར་ཕུར་བུ་ཚེ་རིང་དང་བཅས་པའི་སློབ་མ་དུ་མའི་རེ་བ་རྫོགས་རྒྱུ་མེད་པ་བཅོལ་བས་ཐབས་ཟད་ཙམ་ཡོང་ནས་སྡེ་བའི་དཔེ་ལྟ་ཁང་གི་ལས་གཞི་དེ་ཡུལ་ཤོག་སྲིད་གཞུང་ལ་བློ་དྲིས།ཡུལ་ཤོག་སྲིད་གཞུང་གིས་གོང་རིམ་རབས་དང་རིམ་པར་ཡར་ཞུ་བགྱིས་ནས་ལོ་གཉིས་འགོར་རྗེས་ཆོག་མཆན་གནང་པས་དེ་ནི་སྡེ་དཔོན་གྱི་བྱས་རྗེས་སུ་གྱུར་ཞིང་ཡུལ་ཤོག་སྲིད་གཞུང་གི་དྲིན་དུ་ཡང་གྱུར།ལས་གཞི་དེའི་འགྲོ་གྲོན་ལ་ཡུལ་ཤོག་སྲིད་གཞུང་གིས་སྒོར་མོ་སྟོང་ལྔའི་དཔེ་ཆ་ཉོ་ཡོན་ཞལ་འདེབས་བརྒྱབ།སྡེ་མི་རྣམས་གྲོས་ཡང་ཡང་བྱས་རྗེས་དཔེ་ལྟ་ཁང་གི་ཨར་ལས་དེ་དུད་ཚང་རེའི་མི་རེ་གཏང་ནས་བསྐྲུན་རྒྱུའི་གྲོས་ཐག་ཆོད་པས་ལས་གཞི་དེ་འགྲུབ་པའི་རྒྱུ་རྐྱེན་གཙོ་བོར་གྱུར།འོན་ཀྱང་ཕུར་བུ་ཚེ་རིང་དང་བཅས་པའི་སློབ་མ་རྣམས་གནད་དོན་གཅིག་དང་ཐུག་སྟེ་དཔེ་ཆ་ཉོ་བར་ད་རུང་སྒོར་མོ་སྟོང་ལྔ་ཙམ་མཁོ་ཞིང་ཉོ་སྒྲུབ་བྱེད་པར་འགྲོ་སོང་ཡང་ཏིག་ཙམ་མཁོ་བས་སྒོར་མོ་དེ་གང་དུ་བཙལ་དགོས་པ་མི་ཤེས།འགའ་རེས་རྫོང་སློབ་གསོ་ཅུས་ལ་སློང་དུ་འགྲོ་ཟེར་མོད་དེ་ནི་དཔེ་མི་སྲིད་པ་ཞིག་སྟེ་རྫོང་གཅིག་ལ་སྡེ་བ་དུ་མ་ཡོད་པས་གཅིག་གིས་སློང་ན་གཞན་རྣམས་ཀྱིས་ཀྱང་སློང་སྲིད་པས་མི་བྱིན་ཁོ་ཐག་རེད་ཅེས་སྨྲས།འགའ་རེས་དགོན་པའི་བླ་མ་ཆོས་གྲགས་ལ་སློང་ཆོག་སྟེ་ཁོར་བོད་ཕྱི་ནང་ཀུན་དུ་སྦྱིན་བདག་མང་ཞིང་ཕྲོ་ཡོ་ཕྲུ་(TOYOTA)རྟགས་ཅན་གྱི་གཞི་ཆོད་རླངས་
འཁོར་ཞིག་ཀྱང་ཡོད་པས་ཁོས་སྒོར་མོ་སྟོང་ལྔ་ཙམ་ཞིག་གནང་སྲིད་ཟེར་མོད།འོན་ཀྱང་ཁོ་རང་ནི་ཆོས་རྐྱང་རྐྱང་སྒྲུབ་པ་ལས་སློབ་གསོའི་མགོ་རྙོག་བྱ་བ་འདི་དག་ལ་དགའ་ཞེན་མེད་པའི་མི་ཞིག་ཡིན་པས་ཞུ་དཀའ་ཞིང་རེ་བ་ཆུང་ཟེར།
   “དཔེ་ལྟ་ཁང་དེ་སྡེ་མིའི་ཡིན་པས་ང་ཚོས་སྡེ་མི་རྣམས་འཛོམས་སར་ཞལ་འདེབས་འབུལ་དུ་བཅུག་ན་མི་ཆོག་རྒྱུ་ཅི་ཡོད།” ཉི་མས་མགོ་བྲད་ཞོར་དེ་འདྲ་བཤད།   
   “ རེད་ཡ།དུད་ཚང་བརྒྱ་ལྷག་ཡོད་པས་ཞལ་འདེབས་ཕུལ་མཁན་ཡོད་ཤག་ཤག་རེད།”
   “མི་མང་པོས་དཔེ་ལྟ་ཁང་ལས་པ་ནི་མགོ་རྙོག་དོན་མེད་ཀྱི་བྱ་བར་རྩི་བཞིན་ཡོད་པས་སྒོར་མོ་སྟེར་མཁན་ཡོད་ཤོས་ཆུང་།”ཕུར་བུ་ཚེ་རིང་གིས་སྡེ་དཔོན་གྱི་ངོར་བལྟས་ནས་བཤད་པར།”
   “སྡེ་དཔོན་ཁྱོད་ཀྱིས་ལྟ་ན་ཅི་འདྲ་རེད།”
   “རེད་ཡ།ང་ཚོའི་ཡུལ་འདི་ཀླ་ཀློ་ལྟ་བུ་ཡིན་པས་དོན་བཟང་གསར་པ་ཞིག་སྒྲུབ་པ་ནི་དཀའ་མོ་དངོས་གནས་རེད།འོན་ཀྱང་དེ་རིང་ཕྱི་དྲོར་ངས་དུད་ཚང་རེའི་མི་རེ་འབོད་ནས་ཞལ་འདེབས་ཨེ་སྟེར་བལྟ་ན་ཆོག”
   སྡེ་དཔོན་དཔལ་ལྡན་གྱི་བརྡ་དང་བསྟུན་ནས་ཉི་མ་ནུབ་རིར་ཡིབ་པ་ཙམ་གྱི་ཚེ་མི་མང་པོ་དུང་འཁོར་ཁང་པའི་སྒོ་ཁར་འདུས།སྡེ་དཔོན་དཔལ་ལྡན་གྱིས་ལྕེ་རྩལ་ཡོད་ཚད་དཀྲུགས་ནས་ལས་གཞི་དེའི་རིན་ཐང་དང་འགྲོ་སོང་བཅས་ངོ་སྤྲོད་བྱས་ཤིང་སྡེ་མི་རྣམས་ཀྱི་ཞལ་འདེབས་མཁོ་ཚུལ་ཀྱང་བརྣན་ནས་བསྒྲགས།དེའི་རྗེས་སུ་ཕུར་བུ་ཚེ་རིང་གིས་ཀྱང་དཔེ་ལྟ་ཁང་ཞིག་གི་རིན་ཐང་དང་རྗེས་སུ་མི་རབས་རིམ་པ་སོ་སོས་དེ་ཅི་འདྲ་བེད་སྤྱོད་གཏོང་ཆོག་པ་དང་ཕན་ཐོགས་ཅི་འདྲ་ཡོད་པ་སོགས་བཟླས།དེའི་རྗེས་སུ་ཉི་མས་སྒོར་མོའི་བེད་སྤྱོད་བྱེད་སྟངས་དང་ལྟ་སྐུལ་བྱེད་སྟངས་དང་སྡོམ་རྩིས་ནམ་ཞིག་ལ་བརྒྱབ་རྒྱུ་སོགས་བཤད།
     གནས་སྐབས་ཤིག་ལ་མི་ཚང་མ་ཁ་ཁུ་སིམ་མེར་གནས་པ་དང་དེ་ནས་སྡེ་དཔོན་དང་ཕུར་བུ་ཚེ་རིང་གིས་སྒོར་མོ་བླངས་ཤིང་ཉི་མ་དང་བཅས་པས་ཞལ་འདེབས་ཀྱི་ཐོ་འགོད་བྱས་པར་བསྟུན་ནས་ཞལ་འདེབས་འབུལ་བའི་འགོ་བརྩམས།སྡེ་མི་ལ་ལས་སྟོད་ལྭ་ནང་ཁུག་ནས་སྒོར་མོ་བཏོན་ནས་བྱིན།ལ་ལས་དོར་ཁུག་ནས་སྒོར་མོ་བླངས་ནས་སྟེར།རི་སྟོད་ཚང་གི་ཨ་མྱེ་བསམ་གཏན་གྱིས་སྒོར་མོ་བརྒྱ་ལོ་ཅན་དུ་མའི་ནང་བཅུ་ལོ་ཞིག་བླངས་ནས་ཞལ་འདེབས་ཕུལ།  སྒྲོལ་མ་ཚང་གི་ཐུབ་བསྟན་གྱིས་བརྒྱ་ལོ་འགའི་ནང་བཅོ་ལྔ་བཏོན་ནས་ཞལ་འདེབས་སུ་ཕུལ།ཏག་ཏག་མུན་འགོ་རུབ་ཙམ་གྱི་སྐབས་སུ་ཞལ་འདེབས་ཕུལ་ཚར་ཞིང་བཀའ་དྲིན་ཆེ་མ་ཞུའི་སྔོན་དུ་མི་ཚང་མ་རང་རང་གི་ཁྱིམ་དུ་ལོག་ཚར།ཤུལ་དུ་ལུས་པ་ནི་སྡེ་དཔོན་དང་ཕུར་བུ་ཚེ་རིང་བཅས་རེད།ཁོ་ཚོ་སྡེ་དཔོན་གྱི་ཁྱིམ་དུ་སོང་ནས་སྒོར་མོའི་སྡོམ་རྩི་བརྒྱབ་རྗེས་སྒོར་མོ་ཆིག་སྟོང་བདུན་བརྒྱའི་ཞལ་འདེབས་ཡོད་ཅིང་ཞལ་འདེབས་མཐོ་ཤོས་ནི་སྡེ་དཔོན་གྱི་སྒོར་མོ་བརྒྱ་ཐམ་པ་དེ་རེད།
     “ ད་དེ་ནི་ང་ཚོའི་སྡེ་མི་རྣམས་ཀྱི་ཐུབ་ཚད་རེད།ཁོ་ཚོས་ཞལ་འདེབས་ཀྱི་ཆེད་དུ་ཞལ་འདེབས་ཕུལ་བ་ལས་དཔེ་ལྟ་ཁང་གི་འགྲོ་སོང་ལ་སེམས་ཁུར་བྱེད་ཤེས་མཁན་ཡོད་བ་མ་རེད།”དཔལ་ལྡན་གྱིས་དབུགས་རིང་ཞིག་བཏང་ནས་དེ་འདྲ་བཤད།                            
     “ རེད་ཡ།ང་ཚོས་སློབ་གསོའི་ཆེད་དུ་ཁོ་ཚོར་རང་མོས་ངང་སྒོར་མོ་མང་ཙམ་ཕུལ་བཅུག་དགོས་ན་ད་རུང་ལོ་རྒན་དྲུག་ཅུ་སྒུག་དགོས་སྲིད།”
   “ང་ཚོར་ད་རུང་སྒོར་མོ་སུམ་སྟོང་ལྷག་དགོས་པས་ཅི་བྱ།”
   “འགྲོཁྱིམ་ཚང་རེའི་ཅ་ལག་རེ་བརྐུས་ནས་འཚོང་ན་མ་གཏོགས་ཐབས་ཤེས་གཞན་ཅི་ཡོད།  ”སློབ་མ་གཅིག་ཤོས་ཀྱིས་དགའ་རྒྱུ་ཞིག་བཟོས་པས་ཚང་མ་དགའ་ནས་བསྡད།
   “སང་ཉིན་ནི་དགོན་པའི་དགུ་གཏོར་དུས་ཆེན་ཡིན་པས་ཚང་མས་སྔ་ཙམ་མལ་གསོ་བྱོས།རྗེས་སུ་ང་ཚོས་བློ་ཐབས་འདྲ་ཨེ་ཡོད་བལྟ།”དཔལ་ལྡན་གྱིས་དེ་འདྲ་བཤད་པས་སློབ་མ་རྣམས་ཀྱིས་ད་གཟོད་སང་ཉིན་ནི་གཟབ་རྒྱས་ཀྱི་འཆམ་དུས་ཆེན་ཡིན་པ་ཡིད་ལ་དྲན་ནས་རང་རང་སོ་སོའི་ཁྱིམ་དུ་ལོག
                 གཉིས།
དགོན་པའི་དུང་སྒྲས་བྱ་ཕོ་གཉིད་ལས་སློང་བ་ཡིན་ནམ་ཡང་ན་བྱ་ཕོའི་སྐད་སྒྲས་དགོན་པའི་དུང་སྒྲ་སློང་བ་ནི་བཤད་ཐག་མི་ཆོད་མོད་སྒྲ་དེ་གཉིས་ཀྱིས་སྡེ་མི་རྣམས་གཉིད་ལས་བསླངས་ནས་མ་གྲོས་རང་མཐུན་ངང་དར་མ་དང་རྒན་རྒོན་རྣམས་ཀྱིས་བོད་ལྭ་གསར་ཤོས་གྱོན།བྱིས་པ་རྣམས་ཀྱིས་དེང་ལྭ་གསར་ཤོས་སྤྲས་ནས་དགོན་པའི་གྱ་གྱུའི་ལམ་དུ་ཞུ་གས་སྔ་དྲོའི་དུས་ཚོད་བདུན་ཙམ་ལ་འཆམ་རའི་མཐའ་སྐོར་ལ་མི་ཚོགས་ཀྱིས་སྤུངས་ནས་འདུག་པ་དང་དགོན་པའི་འདུ་ཁང་སྒོ་དཀྱིལ་མའི་གཡས་གཡོན་བཞུགས་ཁྲི་མཐོན་པོར་དགེ་སྐོས་དང་བྱང་འདྲེན་གཉིས་སྐྱིལ་ཀྲུང་ངང་བཞུགས་ནས་འདུགརྩེག་གཉིས་པའི་རབ་གསལ་གྱི་ངོས་ལ་དགོན་བདག་བླ་མ་དང་སྤྲུལ་སྐུ་དུ་མའི་སྐུ་པར་ཕྲེང་དུ་བསྟར་ཞིང་རྩེ་ཐོག་ལ་ཡོད་པའི་ཕྱོགས་བཞིའི་རྒྱལ་མཚན་གྱིས་བསེར་བུའི་ཤུགས་དང་བསྟུན་ནས་བ་དན་གཡོ་བའི་སྟངས་ཀ་བརྩམས་པ་དེ་ཕྱོགས་བཞིའི་སེམས་ཅན་འབོད་པའི་ཚུལ་མིན་ནམ་སྙམ་པའི་འཆར་སྣང་བསྩལ།རང་སར་བསྒུགས་ནས་ཡོད་པའི་དད་ལྡན་རྣམས་ཀྱི་ཡིད་སེམས་འགེངས་ཕྱིར་གྲྭ་རྒན་ཞིག་གིས་ལྷོད་ཡང་ངང་སྦུབ་ཆལ་སྟེང་མ་བཏེག་པའི་ཚེ་རྔ་མཁན་གྱིས་ཀྱང་རྔ་ཡུ་བཀྱགས་ནས་མཉམ་དུ་བརྡུངས་ཡོང་བས་སྒོ་དཀྱིལ་མའི་ཡོལ་རས་ཕྱེས་བ་དང་སྦྲགས་ནང་གི་འཆམ་བོ་རྣམས་ཀྱིས་ཀྱང་འཆམ་གྱི་སྟངས་ཀ་བདེ་བདེར་བཤམས།
   ཉིན་ཤུ་བརྒྱད་ཀྱི་འཆམ་དེ་རྫོགས་ཤིང་ཉིན་ཤུ་དགུ་ནི་དེ་བས་ཀྱང་ཡིད་སྤྲོ་བའི་ཉིན་མོ་ཞིག་ཡིན་ཏེ་ཤྭ་བས་ཁ་བཏགས་བླངས་དགོས་ཤིང་སྲོལ་རྒྱུན་གྱི་བསྟན་སྲུང་དམག་གིས་གོ་བཤད་བྱ་དགོས་པ་མ་ཟད་བསེ་ཁྲབ་འཆམ་རར་ཕེབས་ནས་ཀུན་ལ་ཞལ་ཁ་ངོམས་པས་ལོ་གཅིག་ལ་གཅིག་མ་གཏོགས་མཇལ་རྒྱུའི་གོ་སྐབས་མེད་པ་ཞིག་རེད།དེ་བས་ཀྱང་མི་སེམས་འགུགས་པའི་བྱ་འགུལ་ཞིག་ནི་ཁ་ལྕེ་བདེ་བའི་ཆོས་ཞུ་བ་རྣམས་ཀྱི་རྩ་འཛུགས་འོག་དགོན་པར་འཆམ་དར་དང་ཞལ་འདེབས་འབུལ་བ་དེ་རེད།ཕུར་བུ་ཚེ་རིང་དང་ཉི་མ་སོགས་ཀྱང་འཆམ་རའི་ཟུར་ཞིག་ལ་བསྡད་ནས་འཆམ་དར་འབུལ་བར་བལྟས།
   སྡེ་བའི་མི་རྒན་བསོད་ནམས་ཀྱིས་ཁོའི་ཕྱུ་དཀར་དེ་སྐེད་རགས་སེར་པོ་ཞིག་གིས་བཅིངས་ཤིང་མགོ་ལ་ཚེ་རིང་ཞྭ་མོ་འོད་ཟེར་འཕྲོ་བ་ཞིག་གོན་ནས་ཆོས་རའི་མཐིལ་དུ་འགྲེང་།མི་གཞན་ཞིག་གིས་སྐད་སྦུག་དེ་ཁུར་ནས་ཁོར་བྱིན།ཁོ་ནི་ལོ་རེའི་འཆམ་དར་རྩ་འཛུགས་དང་དྲིལ་སྒྲོག་བྱེད་མཁན་ཡིན་ཏེ་ཁ་ལྕེ་དག་ཅིང་སྐད་ངག་སྙན་པའི་རྐྱེན་ཡང་ཡིན་ཤོས་རེད།ཁོས་གཏམ་བཤད་ཕྲན་བུ་ཞིག་མཛད་དེ་གཤམ་གསལ་ལྟར་རེད།
   “ཡ།དེ་རིང་ཡང་བཀྲ་ཤིས་པའི་དགུ་གཏོར་དུས་ཆེན་རེད།ཡུལ་སོ་སོའི་དད་ལྡན་མང་ཚོགས་འདིར་འཛོམས་རྒྱུ་དེ་ངེད་སངས་རྒྱས་བསྟན་པ་དར་བའི་ལྟས་བཟང་རེད།སྐུ་མགྲོན་རྣམས་ཀྱིས་འཆམ་ལ་ཞལ་འདེབས་ཕུལ་རྒྱུ་དེ་སྡེ་མི་སྲིད་ཀྱི་དཔལ་འབྱོར་དར་རྒྱས་ཡོང་བའི་རྟེན་འབྲེལ་རེད།གོང་བླ་མའི་ཆོས་གོས་བཟང་རྒྱུ་དང་།སྲིད་མི་སྣའི་ལས་དོན་བཟང་རྒྱུ་དང་།སྡེ་མི་སེར་གྱི་འཚོ་བ་བཟང་རྒྱུ་དེ་བཟང་གསུམ་འཛོམས་པའི་རྟེན་འབྲེལ་རེད།ཁུར་ཤོག་སྟེར་ཤོག་ཟེར་རྒྱུ་མེད་ཀྱང་ངེད་སྡེ་བ་འདིར་ཞལ་འདེབས་ཕུལ་བའི་ལུགས་བཟང་ཡོད་པས་ཁྱོད་ཚོས་ཐུབ་ཚོད་ཀྱི་འཆམ་དར་ཕུལ་བར་བཀའ་དྲིན་ཆེ་ཞུ།ད་ནི་འཆམ་དར་དང་ཞལ་འདེབས་ཕུལ།”
   རྒན་པོ་བསོད་ནམས་ཀྱི་སྐད་ཆ་བཤད་མ་ཐག་ཏུ་མི་ཚོགས་ཀྱི་གསེང་དུ་གཅིག་གཅིག་གཉིས་གཉིས་བྱས་ནས་འཆམ་རའི་ཕྱོགས་སུ་ཡོང་ཞིང་ཁོ་ཚོས་ལག་གཡས་སུ་སྒོར་མོ་དང་གཡོན་ལ་ཁ་བཏགས་བཟུང་ནས་འཆམ་རའི་དཀྱིལ་དུ་འཚང་བ་དེ་སྡུད་ལྕགས་ཤིག་གིས་འདྲེན་པའི་ལྕགས་ཟིལ་དང་འདྲ་སྟེ་རྒན་པོ་བསོད་ནམས་ནི་སྡུད་སྙིང་རེད།ཁོས་སྐད་སྦུག་ལག་ཏུ་བཟུང་ནས་སྒྲ་རན་པོས་བཤད་པར།  
   “ཉི་དགའ་ཚང་གིས་སྒོར་མོ་ལྔ་བརྒྱའི་ཞལ་འདེབས་ཕུལ།”
   “ཚོང་དཔོན་སྐལ་བཟང་གིས་བཀའ་གདམས་མཆོད་རྟེན་གཅིག་དང་སྒོར་མོ་སྟོང་གཉིས་ཀྱི་འཆམ་དར་ཕུལ།”
   “དཔལ་བཟང་ཚང་གིས་སྒོར་མོ་སྟོང་གསུམ་གྱི་འཆམ་དར་ཕུལ།”
   “དྲི་མེད་ཚང་གིས་གཡག་གཅིག་དང་སྒོར་མོ་ལྔ་བརྒྱའི་འཆམ་དར་ཕུལ།”
   “རྫོང་ཆོས་ལུགས་ཅུས་ཀྱིས་སྒོར་མོ་སྟོང་གཉིས་ཀྱི་འཆམ་དར་ཕུལ།” 
   “ཚོང་དཔོན་རྒྱ་མཚོས་ན་ནིང་སྒོར་མོ་ཁྲི་གཅིག་ཕུལ་ཡོད་ཅིང་ད་ལོ་ཡང་སྒོར་མོ་ཁྲི་གཅིག་འཆམ་དར་དུ་ཕུལ་་་་་་”
   ཆུ་ཚོད་གཉིས་ཙམ་གྱི་རིང་རྒན་པོ་བསོད་ནམས་ཀྱིས་འཆམ་དར་བོས་ནས་གྲེ་བ་ཡང་སྐམ་པ་དང་སྒོར་མོ་ཉར་བྱེད་ཀྱི་ཁུག་མ་དེར་བརྒྱ་ལོ་རྐྱང་རྐྱང་གིས་ཁེངས་ནས་ཁུག་མ་གཞན་པ་ཞིག་ཁུར་ནས་ཡོང་།
     “ ཨ་ཙི་ཙི།འཆམ་དར་སྒོར་མོ་ཅི་ཙམ་འབབ་རྒྱུ་རེད།” ཕུར་བུ་ཚེ་རིང་གིས་དྲིས། 
   “ ལོ་རེ་རེར་སྒོར་མོ་ཁྲི་བཅུ་ལས་དམའ་རྒྱུ་མ་རེད།”ཉི་མས་ལག་པ་ཟུང་གིས་འགྲམ་པ་བཏེག་ཞོར་ཟང་ཟིང་གི་འཆམ་རར་བལྟས་ནས་དེ་འདྲ་བཤད།
      “ ང་ཚོས་ཀྱང་འདིར་དཔེ་མཛོད་ཁང་གི་ཞལ་འདེབས་སློང་དགོས་པ་མིན་ནམ།”
   “ཧ་ཧ་་་་་་”
   དེར་ཡོད་ཀྱི་སློབ་མ་ཚང་མ་དགའ་སྤྲོ་དབང་མེད་དུ་ཤོར།  མཚམས་དེར་ཁ་སང་དཔེ་ལྟ་ཁང་ལ་སྒོར་མོ་བཅུ་འབུལ་བའི་རི་སྟོད་ཚང་གི་ཨ་མྱེ་བསམ་གཏན་གྱིས་ལག་གཡས་སུ་སྒོར་མོ་འགའ་བཟུང་ཞིང་གཡོན་དུ་ཁ་བཏགས་ཆེན་པོ་ཞིག་བཅངས་ནས་འཆམ་རའི་ཕྱོགས་སུ་འགྲོ་བཞིན་མཆིས།
   “ལྟོས་ལྟོས།མི་རྒན་དེས་འཆམ་དར་ཅི་ཙམ་འབུལ་བར་ལྟོས།”ཕུར་བུ་ཚེ་རིང་གིས་དེ་འདྲ་བཤད་པའི་མུར་ཚང་མས་མགོ་བོ་བསྐོར་ནས་མཉམ་དུ་མིག་དབང་མི་རྒན་དེར་བཏད།   
   “ཆོས་མ་གཏོགས་བསམ་རྒྱུ་མེད་པ་དེས་རྩམ་པ་ཟ་རྒྱུ་མེད་ཀྱང་སྒོར་མོ་སྟོང་ཙམ་ཞིག་འཆམ་དར་དུ་འབུལ་རྒྱུ་ཁོ་ཐག་རེད།”གཅིག་གིས་དེ་འདྲ་བཤད།
   ཨ་མྱེ་བསམ་གཏན་ཐད་ཀར་ཆོས་ཞུ་བསོད་ནམས་ཀྱི་ཟུར་དུ་སོང་ནས་སྒོར་མོ་དང་ཁ་བཏགས་སྟེར་རྗེས་ཤབ་ཤུབ་འགའ་ལབ་ནས་དེར་འགྲེང་།དགའ་དགའ་སྤྲོ་སྤྲོའི་ངང་བསོད་ནམས་ཀྱིས་སྐད་སྦུག་ཁ་མཚམས་སུ་ཁུར་ནས་སྐད་ཤུགས་ཡོད་རྒུས།
   “ཨ་མྱེ་བསམ་གཏན་གྱིས་ད་ལོ་ཡང་སྒོར་མོ་སྟོང་གཅིག་འཆམ་དར་དུ་འབུལ་བས་ངས་དགོན་པའི་ཚབ་བྱེད་ནས་ཁོར་ཐུགས་རྗེ་ཆེ་ཞུ།”ཞེས་བོས་རྗེས་བསམ་གཏན་གྱི་ངོར་འཛུམ་གྱིས་ཁེངས་ཤིང་ད་གཟོད་ཆོས་ར་མཐིལ་ལ་གྱེས་ནས་ཕྱོགས་ཕྱོགས་སུ་ལྟ་ཞོར་བུད་སོང་།
   “ངས་ཁྱོད་ཚོར་བཤད་ཡོད།ཁོར་ཇ་ཞིམ་པོ་ཞིག་འཐུང་རྒྱུ་མེད་ཀྱང་འདུ་ཚོགས་འདིར་སྒོར་མོ་མང་པོ་འབུལ་ངེས་རེད།”
   “ རེད་ཡ།དགོན་པར་སྒོར་མོ་ལོས་འབུལ་དགོས།འོན་ཀྱང་སློབ་གསོའི་ཆེད་དུ་སྡེ་མི་འདི་ཚོས་ཏིག་ཙམ་མང་བའི་ཞལ་འདེབས་མི་འབུལ་རྒྱུ་ཅི་ཡིན་ནམ།”
   “དེ་ནི་ང་ཚོའི་ལུང་པ་འདིའི་བྲག་ལས་བཙན་པའི་སྲོལ་རྒྱུན་རེད།སློབ་གསོ་དགོན་པ་ཁོ་ནར་དར་སྤེལ་བཏང་བའི་ལོ་རྒྱུས་ཀྱི་མཐའ་འབྲས་ཀྱང་རེད།”
   “ང་ཚོས་ངེས་པར་དུ་སྤྱི་ཚོགས་ཀྱི་མི་སྣ་རེ་རེས་སློབ་གསོ་སོགས་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་ནུས་ཤུགས་སྐྲུན་པའི་གོ་རྟོགས་དེ་དར་སྤེལ་གཏོང་དགོས་ངེས།”
   “རེད།ང་ཚོས་དེར་འབད་བརྩོན་བྱ་དགོས།”
   “་་་་་་”
   ཁ་བརྡའི་ནང་དུ་ལྷུང་བའི་ན་གཞོན་དེ་ཚོས་གཏོར་རྒྱག་གི་བྱེད་སྒོ་ཡང་མཇལ་རྒྱུ་བརྗེད་ནས་མི་ཚོགས་ཀྱི་ཤུལ་དེད་ནས་ཉི་མ་ནུབ་མཚམས་སུ་ཕྱིར་སྡེ་བར་ལོག
   གསུམ།
སྤྱི་ཟླ་གསུམ་པར།སྡེ་བས་དཔེ་ལྟ་ཁང་གི་ཨར་ལས་ཚར་ནས་ཕུར་བུ་ཚེ་རིང་དང་ཉི་མ་གཉིས་ཀྱིས་ཁྲིན་ཏུའུ་ལ་སློབ་གྲྭར་མ་སོང་གོང་དཔེ་ལྟ་ཁང་གི་དཔེ་རིས་རྣམས་ཉོས།ཁོང་གཉིས་ཀྱིས་མགྲོན་ཁང་དང་གླ་འཁོར་སོགས་ཀྱི་གླ་རིན་རང་གིས་ཕུལ་ནས་དཔེ་ཆ་སྡེབ་ཚོང་ཁྲོམ་རར་དཔེ་ཆ་དང་ཉེར་མཁོའི་སྤྱོད་ཆས་རྣམས་བསྒྲུབས་ནས་ཕ་ཡུལ་ཕྱོགས་ལ་བཅོལ་རྗེས་ད་གཟོད་ངལ་གསོ་བའི་གོ་སྐབས་ཕྲན་བུ་ཙམ་བྱུང་།
 “དེ་རིང་དགོང་མོ་ངེད་གཉིས་ཀྱང་གང་ཞིག་ལ་ཆང་འཐུང་སར་འགྲོ”ཕུར་བུ་ཚེ་རིང་གིས་བཤད།“རེད།གླུ་ཞིག་ཀྱང་ལེན་བསམ་འདུགགྲེ་ཤུགས་ཆེན་པོས་གླུ་འགའ་ལེན་ཚེ་ངོ་མ་མིར་ངལ་སེལ་དུབ་ཡལ་གྱི་ཚོར་སྣང་སྟེར།”
   “ལོས་ཡིན།དེ་རིང་ངེད་གཉིས་ཤིན་ཤིན་གླུ་གར་ཁང་དུ་འགྲོདེར་བྲོ་རྡུང་ཆོག་ཅིང་སྦི་རག་གོང་ཆེན་པོ་མ་རེད།”
   “རེད།ད་རུང་དེར་མཛེས་མ་ལས་སླ་མོ་འདྲ་དང་ཐུག་ནའང་མི་ཤེས།”
   “ཧེ་ཧེ།ཁྱོད་ལ་དེ་མ་གཏོགས་བསམ་རྒྱུ་མི་འདུག”
   “ངས་བསམ་རྒྱུ་ཅི་ཡང་བཤད།ཁྱོད་ནི་གསང་མཁས་སྒྲུབ་མཁས་ཅན་ཞིག་མ་རེད་དམ།”
   “ཧ་ཧ་ཧ་་་་་་”
   ས་སྲོད་ཀྱི་མཚམས་སྤྲིན་སེར་པོས་ཉིན་གུང་གི་གསལ་ཆ་ཡོད་རྒུ་ཤོར་བ་དེ་གྲོང་ཁྱེར་གྱི་གློག་སྒྲོན་ཁྲ་ཁྲ་སིལ་སིལ་གྱིས་གསབ་ཅི་ཐུབ་བྱས།མཚན་འཁྱམས་ལ་སྤྲོ་བའི་མི་རྣམས་ཀྱི་བློར་བབས་པའི་གསལ་མུན་འདྲེས་མའི་མཚན་ལྗོངས་ཀྱིས་གྲུ་ག་སོ་སོ་ནས་རང་གཤིས་ངོམས།ཕུར་བུ་ཚེ་རིང་དང་ཉི་མ་བཅས་མི་ལྔ་དྲུག་ཞིག་གྲོས་འཛོམས་བྱས་ཤིང་ཤིན་ཤིན་གླུ་གར་ཁང་གི་ཕྱོགས་སུ་སོང་།ཁོང་ཚོ་གནས་དེར་སླེབས་ཚེ་ཤིན་ཤིན་གླུ་གར་ཁང་ཞེས་པའི་རྒྱ་ཡིག་ཆེན་པོ་བཞིས་མིག་དབང་འཕྲོག་སྟེ་སྔོ་སེར་དཀར་དམར་གྱི་ཚོན་སྒྲོན་གྱིས་མཐའ་རྒྱན་སྤྲས་པ་དང་ལྒང་སྒྲོན་ཆེན་པོ་དམར་མདངས་ཅན་རྣམས་ལུ་གུ་རྒྱུད་ནས་སྒོའི་གཡས་གཡོན་གྱི་བྱ་འདབས་ལ་དཔྱངས་འདུགསྒོ་ཁར་ཐོན་མ་ཐག་ཏུ་གཡས་གཡོན་དུ་མན་ཕྱུ་དམར་པོ་གྱོན་པའི་ན་ཆུང་མཛེས་མ་གཉིས་ཀྱིས་ཕེབས་པར་དགའ་བསུ་ཞུ་ཞེས་ཟེར་ཞིང་ཁོང་གཉིས་ཀྱི་ངོར་མཛུམ་མདངས་རབ་ཏུ་རྒྱས།ན་ཆུང་དེ་གཉིས་ཀྱིས་སྐེད་པ་སྒུར་ཙམ་བྱས་ནས་འགྲོ་སའི་ལམ་བསྟན་པས་སྐུ་མགྲོན་རྣམས་ལ་འདིར་མི་འཁྱམས་གང་དུ་འཁྱམས་སྙམ་པའི་ཚོར་བ་ཞིག་སྟེར།ས་གདན་དམར་པོ་བཏིང་པའི་རྒྱ་སྐས་ལ་འཛེགས་ནས་ཡར་སོང་ཞིང་ཐོག་རྩེག་གཉིས་པར་སླེབས་དུས་སྒོ་ཆེན་ཞིག་གི་སྒོ་ཁར་ད་རུང་མཛེས་མ་གཉིས་ལངས་འདུག
   སྒོ་ཆེན་དེ་ཕྱེས་མ་ཐག་ཏུ་དབྱངས་འགྲོས་གསལ་ལ་སྐད་ངག་དྭངསས་ཤིང་ངར་ཤུགས་ལྡན་པ་ཞིག་ཐོས་ཡོང་བས་སྔོན་ཆད་བྲོ་གང་ཡང་འཁྲབ་མྱོང་མེད་ཀྱང་དབྱངས་འདིའི་མཐུ་སྟོབས་ཀྱིས་རྐང་ཀྲབ་ལག་ཀྲབ་རང་ཤུགས་སུ་ཡོང་བ་ཞིག་བགྱིས།དབུས་སྟེགས་ཐོག་ལ་གློག་འོད་རྣམ་པར་བཀྲ་ཤིང་དེའི་ཐོག་ལ་བུད་མེད་གཉིས་ཀྱིས་ལག་གཡོན་པས་ཐད་དཔྱོང་གི་རྣོ་སྦུག་ཕྲ་མོ་རེར་བཅངས་ནས་སྐོར་ར་བསྐོར་བཞིན་མཆིས།དོར་འགག་ཕྲ་ཞིང་སྲབ་ལ་འཇམ་ཞིང་གསལ་བ་རེ་གྱོན་ནས་ཡོད་པ་དང་ད་རུང་བྲང་ཁེབས་ནུ་མགོ་འགེབས་ཐུབ་མིན་ཙམ་རེ་བསྐོན་ཡོད་པ་བཅས་ནི་སུ་ཞིག་གིས་བཤུ་བར་རེ་སྒུག་བྱེད་པ་དང་ཀུན་ནས་མཚུངས།ཀ་ཕུར་བྲོར་མྱོས་པའི་མཛེས་མ་གཉིས་ཀྱིས་སྐབས་སྐབས་སུ་ལག་ཟུང་ཕུར་རིང་སྐེད་ལ་བཅངས་ནས་ལུས་ཕུང་མར་བབས་ནས་འཕོངས་ཚོས་གཅལ་ལ་ཐུག་ཙམ་བྱས་པ་དང་མཉམ་དུ་འཕོངས་རྡོག་གཡོ་གཡོ་བྱས་ཤིང་སྐེད་པ་དམར་མདངས་བཀྲ་བ་དེ་ཡང་ཡང་བསྐོར་བས་མཐའ་འགྲམ་གྱི་མི་རྣམས་ཀྱིས་ཀྱང་དེའི་ལད་མོ་ཅི་ཡང་བྱས།སྐབས་སྐབས་སུ་ཆགས་ཉམས་རབ་ཏུ་འབར་བའི་མཛེས་མ་དེ་གཉིས་ཀྱིས་ཕུར་བར་བཟུང་ནས་ལུས་ཕུང་ཡར་བསྲིངས་ནས་འགྲོ་ཞོར་ལྟེ་བ་དང་དཔྱི་མགོ་གཉིས་ཀྱིས་ཀ་ཕུར་ལ་སྦྱོར་ཙམ་དང་ཐུག་ཙམ་བྱས་ཤིང་ལྕེ་ལེབ་དམར་ཤིག་ཤིག་གིས་ཀ་ཕུར་ལ་བལྡགས་ཙམ་དང་མཆུ་སྒྲོས་དམར་སིང་སིང་གིས་འོ་ཡང་ཡང་བྱས་པས་ཕོ་གསར་མོ་གསར་རྣམས་ལ་སྤྲོ་བ་གཏིང་ནས་སློང་།ཕུར་བུ་ཚེ་རིང་དང་ཁོང་གི་རོགས་པ་རྣམས་ཀྱིས་གནས་ཤིག་བཙལ་ནས་འདུག་པ་དང་སྦི་རག་དང་ཁ་ཟས་སོགས་བོས་ནས་གྲ་སྒྲིག་གང་ལེགས་བྱས།
   པེ་ཝེ་སྦི་རག་གིས་མདུན་ཅོག་ཁེངས་པ་དང་ཤེལ་ཀོང་ནང་དུ་ལྦུ་བ་འཕྱུར་ཞིང་སྦི་རག་གི་དྲི་ཞིམ་གང་སར་ཁྱབ།
   “ཡ་སྤུན་ཟླ་རྣམ་པ།དེ་རིང་སྐྱིད་པོ་ཅིག་འཁྱམས་དགོས།མཉམ་ཏུ་ཞབས་དག་ཐེངས་ཤིག་བྱོས།”
   “རེད་རེད།གཙང་བཞེས་གནང་།དེ་རིང་མི་སྤྲོ་ནམ་ལ་སྤྲོ།”
   “ཡ།བཀྲ་ཤིས་བདེ་ལེགས།  ”
   ཀོང་ཕོར་རྡུང་པའི་སིང་སྒྲ།གཙེར་ཞིང་ངར་བའི་ཀི་སྒྲ།ཆ་མེད་རང་གཤིས་ལྡན་པའི་འུར་འབོད།  གླུ་སྒྲ་དང་རྡོག་སྒྲ་བཅས་ཀྱིས་ཡོངས་སུ་ཁེངས་པའི་གར་ཁང་དེར་སྤྲོ་ངར་རབ་ཏུ་འཕེལ་བས་སྒོ་ཕྱིའི་འཇིག་རྟེན་གྱི་ཟང་ཟིང་རྩ་བ་ནས་བརྗེད་པའི་རྣམ་པ་ཞིག་ཡོངས་སུ་བསྐྲུན། 
   ཕུར་འཆམ་མ་གཉིས་ཀྱིས་རོལ་དབྱངས་རྫོགས་ལ་ཉེ་ཚེ་འཕོངས་རྐུབ་དམར་པོ་རྡོག་རྡོག་དེ་སྐུ་མགྲོན་རྣམས་ལ་བཏད་ནས་སྐྲོག་སྐྲོག་འགའ་བྱས་ནས་སོང་མ་ཐག་ཏུ་མདོ་འཛིན་པ་མགོ་རིལ་ཞིག་གིས་ཀུན་གྱི་མིག་དབང་འཕྲོག་སྟེ་ཁོའི་སྐད་ཆར་ལང་ཚོའི་ངར་ཤུགས་མཚོན་ཞིང་ལག་པའི་དཔུང་པ་གཉིས་ལ་འབྲུག་རིས་དང་བྱ་རིས་འབུར་དུ་ཐོན་ཞིང་ཕྱོགས་སུ་གཟེངས་པ་ཡོད་ཅིང་ཁོས་སྐད་ཤུགས་ཆེན་པོས་འདི་ནི་ཁྱེད་ཀྱི་རང་དབང་གི་གར་སྟེགས་རེད།རང་གི་ལུས་གཟུགས་ཀྱི་མཛེས་ཆོས་འདིར་ངོམ་དགོས།ཞོལ་ལ་རང་མོས་ཞབས་བྲོ་རྡུང་རོགས་ཅེས་ཞུས།དེ་མ་ཐག་ཏུ་ཕྱོགས་ཕྱོགས་ཀྱི་མདུན་ཅོག་དུ་མ་ལས་ཡོང་བའི་མི་རྣམས་དབུས་སྟེགས་དེར་འདུས་ནས་ལག་པ་གཡོ་གཡོ།སྐེད་པ་སྐོར་སྐོར་དང་རྐང་པ་འཁྲབ་འཁྲབ་བྱས།ཕུར་བུ་ཚེ་རིང་དང་ཁོང་གི་གྲོགས་པོ་རྣམས་ཀྱང་ཡོང་ནས་རང་ས་ཞིག་བཟུང་རྗེས་གར་གྱི་ཉམས་འགྱུར་ཅི་ཡང་བསྟན།ཁོང་རྣམས་སྐབས་སྐབས་སུ་རོལ་དབྱངས་ཚན་པ་ཞིག་རྫོགས་པའི་སྐབས་ལ་བརྟེན་ནས་ཕྱིར་འདུག་གནས་སུ་ཡོང་ནས་སྦི་ཆང་བཏུང་བ་དང་ཡང་ཕར་གར་སྟེགས་སུ་བརྒྱུགས་ནས་རོལ་དབྱངས་ཀྱི་བཀོད་པ་འོག་ཏུ་ལུས་ཀྱི་ཚིགས་རྣམས་རྩལ་གྱིས་བསྐྲུགས།དེ་ནི་ཕལ་ཆེར་ཕུར་བུ་ཚེ་རིང་དང་བཅས་པ་ཆང་གི་ནུས་པ་ལས་ར་རོ་དང་པོའི་ཚད་ཙམ་དུ་སླེབས་པ་ཡིན་ཤེད་ཆེ་སྟེ་རྣམ་རྟོག་མེད་ཅིང་གནས་དེར་ཡོད་པ་ཐམས་ཅད་ལ་དགའ་ཞེན་སྐྱེས་ཤིང་བདེ་བའི་སྣང་བ་ཞིག་གིས་ལུས་སེམས་རབ་ཏུ་མྱོས།ཚང་མའི་ཆང་ཚད་ཀྱང་ཧ་ཅང་བཟང་པོ་ཡིན་པ་འདྲ་སྟེ་ཞབས་དག་བྱེད་པར་སུན་སྣང་སྤུ་ཙམ་བཟུང་མེད།
   “འཐུངས།འཐུང་ཐུབ་རྒྱུ་འཐུང།ཁྱོད་ཚོས་ཆང་བརྒྱགས་མི་བྱེད་པའི་ཡིད་ཆེས་ཡོད།” ཕུར་བུ་ཚེ་རིང་གིས་ཤེལ་ཀོང་བཀྱགས་ཞོར་བཤད།
   “རེད་ཡ།ཆང་ནི་འཐུང་དགོས།ལས་ནི་སྒྲུབ་དགོས།བུད་མེད་ལ་དགའ་དགོས།དེ་ནི་འཚོ་བ་རེད།”
སྐབས་དེར་ཆང་ཅོག་སོ་སོའི་མི་རྣམས་ཀྱིས་རང་རང་གི་དགའ་སྤྲོ་སྣ་ཚོགས་སྟོན་བཞིན་པ་དང་ལ་ལས་ཕན་ཚུན་འཁྱུད་ཞོར་སྤུན་གྲོགས་ཀྱི་དམ་བཅའ་གླེང་བཞིན་མཆིས།ལ་ལས་ལས་ཁུངས་ཀྱི་མགོ་ཁྲིད་ཀྱི་གཡོ་སྒྱུ་སོགས་ཀྱི་ངན་ངག་བརྗོད་ཅིང་མཆིས།ཡང་ཕོ་གསར་གྱིས་མོ་གསར་ལ་ཐབས་ཤེས་སྣ་ཚོགས་སྤྱོད་ནས་ཆང་ལྡུགས་བཞིན་པ་དང་ཡང་མོ་གསར་གྱིས་ཕོ་གསར་རྣམས་ཀྱི་ཆང་ཚད་མཐོ་བར་སྔགས་བརྗོད་བྱས་པ་སོགས་འགུལ་སྤྱོད་སྣ་ཚོགས་ཀྱིས་ཉམས་བརྒྱ་བསྐྲུན།
ཕུར་བུ་ཚེ་རིང་བྲོ་རྡུང་རྒྱུར་དགའ་བས་དབུས་སྟེགས་ཕྱོགས་སུ་སོང་ནས་རྒྱ་མོ་འགའ་དང་མཉམ་དུ་སྟངས་སྟབས་ཅི་ཡང་བརྩམས།སྐབས་དེར་ཁོའི་ཟུར་དུ་མི་གཉིས་ཀྱིས་ཁ་སྤྲོད་བྱས་ནས་བྲོ་བརྡུངས་ཡོད་པ་དེ་ཧ་ཅང་མི་སེམས་འགུགས་པ་ཞིག་སྟེ་ཕོ་གསར་དེ་ནི་ལུས་ཤ་རྒྱགས་ཤིང་ཤ་མདངས་དམར་ནག་ཏུ་འདུག་པ་དང་བུད་མེད་དེ་ནི་ལུས་ཕྲ་ཞིང་ཤ་མདངས་དཀར་ཤག་ཏུ་མངོན།ཁོང་གཉིས་ཀ་བཟི་ནས་ཕལ་ཆེར་ར་རོ་དང་པོ་ནས་གཉིས་པའི་བར་ཙམ་ལ་བརྒལ་བཞིན་ཡོད་དེ་ཕོ་གསར་དེས་སྐབས་སྐབས་སུ་བུད་མེད་དེའི་སྐེད་པར་བཅངས་ནས་བཀྱགས་ཏེ་སྐོར་ར་བསྐོར་བའི་མུར་བུད་མེད་དེས་ཀྱང་ཁོའི་འཁྲི་ཤིང་ལྟ་བུའི་ཡན་ལག་གིས་ཕོ་གསར་དེར་སྦྱོར་གང་ཐུབ་བྱས་པ་དང་སྐབས་སྐབས་སུ་གཅིག་གིས་སྐྲོག་སྐྲོག་བྱེད་ཞོར་ལུས་ཕུང་མར་དམའ་ཡོང་དུས་གཅིག་གིས་ཀྲབ་ཀྲབ་བྱེད་ཞོར་ཡར་བསྲིངས།དངོས་གནས་ཁོ་གཉིས་ཀྱི་གར་གྱི་ཉམས་འགྱུར་དེ་བདེ་མཆོག་དང་ཀྱེ་རྡོ་རྗེའི་བྲིས་པར་ལས་མཆེད་པ་མིན་ནམ་སྙམ།ཕར་བལྟས་ཚོད་ལ་ཁོང་གཉིས་ནི་དགའ་བའི་ཚ་ཆུར་ཞུགས་ནས་ཡོད་ཅིང་འདོད་པའི་ཉམས་འགྱུར་ཟད་རྒྱུ་མེད་པ་སྟོན་པའི་དགའ་རོགས་མཛའ་མཐུན་ཅན་ཞིག་ཡིན་ངེས་པའི་སྣང་བ་བྱིན།
   མི་མང་པོས་སྐེའི་མཁྲིག་མ་བསྐོར་ནས་ཕོ་མོ་གཉིས་དེར་བལྟས་པའི་ཚེ་ཕོ་གསར་དེས་དེ་ལས་ཀྱང་ལྷག་པའི་བྲོ་ཉམས་ངོམས་ཏེ་ལག་པ་གཉིས་ཀྱིས་བུད་མེད་དེའི་འཕོངས་ཤ་རྡོག་རྡོག་ལ་བཅིངས་ནས་ཚུར་རང་གི་ཤུགས་སུ་འཐེན་འཐེན་བྱས།སྐབས་སྐབས་སུ་ཁོང་གཉིས་ཀྱིས་ཕུར་ཀ་གཉིས་ལ་བཟུང་ནས་ཕུར་འཆམ་རྣམ་པ་སྣ་ཚོགས་བྱས་པས་ཀུན་གྱི་སྤྲོ་བའི་སྒོ་འཕར་ཕྱེས།
   “ཁྱོད་བཟི་བ་མིན་ནམ།”བུད་མེད་དེས་སྐད་ངག་ཕྲ་མོས་དྲིས།
   “དཔེ་མི་སྲིད།ང་ཆང་རག་གིས་བཟི་མ་མྱོང་།”ཕོ་གསར་དེའི་སྐད་ལས་ཁོ་ནི་རྒྱ་རིགས་ཤིག་མིན་པར་སྣང་བས་ཕུར་བུ་ཚེ་རིང་ཅུང་ངོ་མཚར་སྐྱེས་ནས་ཕར་ཐེངས་ཤིག་བལྟས།ལྟ་ཞོར་ལྟ་ཞོར་མི་དེ་ནི་གྲངས་ཉུང་མི་རིགས་ཤིག་མིན་ནམ་སྙམ་པའི་སྣང་བ་བྱིན།བྲོ་བརྡུངས་ཞོར་ཕར་ཏིག་ཙམ་སོང་ནས་ཕོ་གསར་དེར་བལྟས་ཚེ་ཁོའི་མགོ་ནི་རྫ་ཆེན་ཞིག་དང་འདྲ་ལ་སྐྲ་ཧ་ཅང་ཐུང་།བྲོ་རྡུང་སྟངས་ཅུང་འཁོགས་མོད་སྣང་བ་ཧ་ཅང་སྐྱིད་པོར་སྣང་།མཆུ་སྒྲོས་མཐུག་ཅིང་སྣ་ཁུང་ཆེ་བ་སོགས་ཀྱི་ཁྱད་ཆོས་ཐོག་ནས་མི་དེ་ནི་བོད་རིགས་ཤིག་གམ་ངོ་ཤེས་ཤིག་མིན་ནམ་སྙམ་པའི་སྣང་བ་སྟེར།དེ་མ་ཐག་ཏུ་གང་ཞིག་གི་རྐྱེན་གྱིས་ཕུར་བུ་ཚེ་རིང་གི་ཀླད་པར་ཕ་ཡུལ་གྱི་དགོན་པའི་རྣམ་པ་ཤར་ཞིང་འདུ་ཁང་ཐོག་རྩེག་གཉིས་པའི་རབ་གསལ་ཁར་བཞུགས་པའི་སྤྲུལ་སྐུ་གང་ཞིག་གི་བཞིན་རས་ཀྱང་ཡིད་ངོར་ཤར།ཁོའི་སེམས་སུ།ཨ་ཙི།འདི་ནི་སྤྲང་འཁྱམས་བྱེད་མི་རུང་བར་རྗེ་བླ་མས་གྲུབ་རྟགས་སྟོན་པ་མིན་ནམ་སྙམ་མོད་ཆང་གིས་བཟི་ཡོད་པས་འདྲ་མིན་སྣ་ཚོགས་བློར་ཤར་བ་ནི་རྒྱུན་ལྡན་རེད་སྙམ་ནས་མུ་མཐུད་དུ་བྲོ་བརྡུངས།ཁོ་རང་ཧོན་ཧོན་འཐོར་འཐོར་ངང་ཕར་རང་གནས་སུ་ཨ་རག་འཐུང་བར་འགྲོ་སྙམ་པའི་སྐབས་སུ་ཁོས་མགོ་བོ་བསྐོར་ནས་ཕོ་གསར་མོ་གསར་དེར་ཐེངས་ཤིག་བལྟས།བློ་བུར་དུ་དགོན་པའི་རབ་གསལ་ལ་བཞུགས་པའི་སྤྲུལ་སྐུ་དེའི་བཞིན་རས་དེ་གློག་འོད་འཁྱུད་པ་ལྟར་བྲོ་བརྡུངས་བཞིན་ཡོད་པའི་ཕོ་གསར་དེའི་ངོ་གདོང་ལ་བསྐོན་པ་ལྟར་བུའི་སྣང་བ་ཞིག་གིས་ཕུར་བུ་ཚེ་རིང་བཟི་ཚད་མཐོར་སོང་བཞིན་བ་བསྒྲུབས།
   “ད་ཅུང་ཟད་བཟི་ཚར་འདུགངོ་མ་ང་ཚོའི་སྤྲུལ་སྐུ་ལྷན་རྒྱས་ཆོས་གྲགས་དང་སྐྱེས་ལུགས་འདྲ་པ་འདྲ་རྐྱང་གི་མི་ཞིག་དེར་འདུག”ཕུར་བུ་ཚེ་རིང་གིས་བཤད།
   “ཨོ།བཟི་ནའང་མི་སྐྱོན།སློབ་འགོ་འཛུགས་རྗེས་བཟི་བའི་སྐབས་མེད་པས་་་་”
   “ཧ་ཧ་་་་་་”
   མི་ཚོགས་ཀྱི་དགོད་སྒྲ་མཚར་པོ་ཞིག་གིས་ཁོང་གཉིས་ཀྱི་ཁ་བརྡ་བཅད་པས་ཁ་ཕྱིར་འཁོར་ནས་བལྟས་ཚེ།དབུས་སྟེགས་སུ་བྲོ་རྡུང་བཞིན་པའི་ཕོ་གསར་མགོ་རིལ་དེས་སྦི་རག་ཤེལ་དམ་གང་ཧུབ་ཀྱིས་ཞབས་དག་བྱས་མ་ཐག་བུད་མེད་དེའི་སྐེད་པར་བཅངས་ནས་བཀྱགས་སྟེ་སྐོར་ར་གསུམ་བསྐོར་ནས་རང་སར་བཞག་རྗེས་བུད་མེད་དེ་ནི་འཕང་ཐུར་ཞིག་འཁོར་ནས་སྡོད་ལ་རན་ཚེ་འཁྱར་འཁྱོར་ངང་འགྲིལ་བའི་འགོ་རྩོམ་པ་ཇི་བཞིན་རང་ཚུགས་ཡོངས་སུ་ཤོར་ནས་འགྲིལ་ལ་ཉེ་ཚེ་ཕོ་གསར་དེས་སྐྱེན་པའི་ལག་པ་ཕར་བསྲིངས་ནས་ཁོ་མོ་རང་གི་པང་དུ་བཅངས།བུད་མེད་དེས་ལག་པ་ཆུང་ཆུང་གཉིས་ཀྱིས་ཕོ་རྒོད་དེའི་བྲང་ལ་རྡེག་རྡེག་ཆུང་ཆུང་འགའ་བྱས་ནས་འཛུམ་དང་བཅས་གང་ཞིག་བཤད་ཡོད་པ་ནི་”ཁྱོད་འདི་མི་ཀུ་རེ་ཅན་ཞིག་རེད།” ཟེར་བ་མིན་ནམ་སྙམ།
   “ཨོ།ཕོ་གསར་དེ་དངོས་གནས་སྤྲུལ་སྐུ་ལྷན་རྒྱས་ཆོས་གྲགས་དང་ཆགས་ལུགས་འདྲ་པོ་འདུག”ཉི་མས་བཤད།
   “ཁྱོད་ཀྱིས་དེ་འདྲ་བཤད་མི་རུང་།སྤྲུལ་སྐུས་མཁྱེན་སོང་ན་རྗེས་སུ་ངེད་གཉིས་ལ་གཤེ་གཤེ་གཏོང་ཁོ་ཐག་རེད།”
   ཉི་མས་མི་ཚོགས་བཤགས་ནས་སོང་སྟེ་དབུས་སྟེགས་ཀྱི་མཐིལ་དུ་སླེབས་དུས་ཕོ་གསར་གང་དེའི་མདུན་དུ་སོན།ཉི་མས་ཕར་བལྟས་ནས་ཧོན་འཐོར་སོང་བ་དང་འདྲ་ཞིང་ཕོ་གསར་དེས་ཀྱང་བླ་ཤོར་བ་ལྟར་ཚུར་བལྟས།ཁོ་གཉིས་ཀྱིས་ཕན་ཚུན་ལ་བལྟས་ནས་སྐད་ཆ་བཤད་རྒྱུ་མེད་པར་གྱུར་ཞིང་ཆང་དང་ནག་མོ་དང་ཁོར་ཡུག་ཡོད་ཚད་ཀླད་པའི་ཕྱིར་བཀག་ནས་མིག་སྔའི་མི་གང་དེར་དཔྱད་པས་དྲན་པ་སད་པ་ཇི་བཞིན་ཕན་ཚུན་ངོ་ཤེས་པར་གྱུར།
   “ཨ་ལ་ལ།སྤྲུལ་སྐུ་ཁྱེད་ཡིན་སོང་།”ཉི་མས་ལུས་གུས་གུས་བྱས་ནས་རང་ཤུགས་སུ་སྐད་ཆ་དེ་འདྲ་ཤོར།ཕོ་གསར་དེའང་སྤྲུལ་སྐུ་ལྷན་རྒྱས་ཆོས་གྲགས་ཀྱིས་ལག་གཡས་ཀྱིས་བུད་མེད་དེའི་ལག་པར་བཟུང་།ལག་གཡོན་གྱིས་ཉི་མའི་ལག་པར་བཟུང་ནས་མི་ཚོགས་བཤགས་ནས་ནག་ནོག་གི་ནང་བརྒྱུགས་ཤིང་ཁོང་གི་གླས་ཤག་ཏུ་སོང་།ཁེར་ཤག་དེའི་མདུན་ཅོག་ཐོག་ལ་ཧྥ་རན་སིའི་རྒུན་ཆང་ངོ་མ་དང་ཨ་རིའི་ཝེ་སི་ཀེ་སོགས་ཨ་རག་རྩ་ཆེན་གྱིས་ཁེངས་འདུག
   “ཡ་ཡ།ལས་ཀྱིས་དེ་རིང་ང་ཚོ་འདིར་འཛོམས་སོང་།”སྤྲུལ་སྐུས་དེ་འདྲ་བཤད་ཞོར་ཆང་ཀོང་བཏེགས་ནས་གཅིག་ཉི་མར་བྱིན།ཁོང་གཉིས་ཀྱིས་ཆང་རྐོང་ཤེད་ཤུགས་ཆེན་པོས་བརྡུངས་བའི་སིང་སྒྲ་ཡལ་མ་ཐག་ཏུ་སྤྲུལ་སྐུས་བཤད་པར།
   “ཨོ།ངས་བརྗེད་སོང་ཐལ།ཆང་ག་ལ་འཐུང་ཆོགཨོ།ཚང་མ་ལས་རེད།”
   “ཡ་ཡ།བུད་མེད་འདི་ནི་ངའི་ཆོས་ཞུ་རེད།མིང་ལ་་་་་་   སྒུག་སྒུག་ངས་ཁྱོད་ལ་་་་་་” སྤྲུལ་སྐུ་ཆོས་གྲགས་ཀྱིས་བཤད་ཞོར་ལངས་ནས་ཚོང་སྒྲོམ་ཕྱོགས་ལ་མྱུར་དུ་སོང་ནས་ཚུར་ལག་ཏུ་དངོས་པོ་ཞིག་ཁུར་ནས་ཡོང་།
   “ཡ།དགའ་བ་ཐམས་ཅད་ཆོས་ཡིན།དེ་རིང་སྐྱིད་པོ་ཞིག་འཁྱམས་ཤོག”ཟེར་ཞོར་ཀྲུང་ཧྭ་རྟགས་ཅན་གྱི་དུ་བ་མདའ་ཚད་ཅིག་ཉི་མའི་ལག་ཏུ་འཕངས།
   “སྤྲུལ་སྐུ།འདི་ང་ལ་མི་་་་་་”
   “ཁ་རོག་སྡོད།ཁྱོད་དུ་བ་ལ་དགའ་བ་ངས་ཤེས།མི་སོ་སོར་དགའ་ཞེན་རེད་ཡོད་པ་རྒྱུན་ལྡན་རེད།ང་སྤྲུལ་སྐུ་ཞིག་ཡིན་ཡང་ང་ལ་དགའ་ཞེན་ཡོད།རྒྱུ་མཚན་ནི་ང་ཡང་མི་ཞིག་རེད།”
   “ལོས་ཡོད།ལོས་བདེན།ཁྱེད་མི་བདེན་སུ་བདེན།”
   “ཡ།ད་ཁྱོད་རང་ལ་གྲོགས་པོ་ཡོད་པས་འདིར་མུ་མཐུད་དུ་འཁྱམས།ང་འགྲོ་དགོས་པས་རྗེས་སུ་རོགས་པ་གང་མཁོ་ན་ཡང་ཁྱོད་ལ་སྤྲུལ་སྐུ་ཆོས་གྲགས་ཡོད་པ་བརྗེད་མི་རུང་།”
   “ལགས་སོ།ལགས་སོ།”
   “ཕོ་གསར་རྫིག་པོ་ཁྱོད་ང་ཚོ་དང་འཁྱམས་སར་འགྲོང་ཚོ་འདི་ལས་ཀྱང་སྤྲོ་ཟུག་སྟེར་བའི་གནས་ཁྱད་པ་ཅན་ཞིག་ལ་འཁྱམས་འགྲོ”རྒྱ་མོ་དེས་ཉི་མར་བཤད།
   “འདིས་ཅི་བཤད་པ་རེད།བཟི་འདུག་ངོ་མ།”སྤྲུལ་སྐུས།
   “ང་བཟི་མེད།ཁྱོད་ཀྱིས་སྤྲུལ་སྐུའི་ཆུང་མ་ཡིན་ན་མཁའ་འགྲོ་མ་ཡིན་ཟེར་བ་བདེན་པ་ཨེ་ཡིན།”བུད་མེད་དེས།
   ཉི་མས་སླར་མཇལ་ཞུ་ཁོམ་མ་བྱུང་བའི་སྔོན་དུ་སྤྲུལ་སྐུ་ཆོས་གྲགས་ཀྱིས་ཚང་མའི་འགྲོ་སོང་རྩིས་ནས་བུད་མེད་དེའི་ལག་པར་བཟུང་སྟེ་སྐས་སུ་བབས།ཁོས་སྤྲུལ་སྐུ་ཕེབས་སྐྱེལ་བྱེད་དགོས་སྙམ་ནས་རྗེས་སུ་སོང་མོད་ཁོ་རང་སྒོ་ཁར་སླེབས་དུས་སྤྲུལ་སྐུ་དང་བུད་མེད་དེ་གཉིས་ཨབ་ཐོ་རྟགས་ཅན་གྱི་རླངས་འཁོར་ལ་བསྡད་ནས་ཁྲོམ་ལམ་མུན་པས་འཐིབས་པ་ཞིག་ལ་མི་མངོན་པར་གྱུར་རོ།
   བཞི།
   “ཁྱོད་འདི་གང་ལ་བུད་སོང་།”ཕུར་བུ་ཚེ་རིང་གིས་དྲིས།
   “ང་ང་་་་་་”ཉི་མས།
   “ཅི་རེད།འདྲེ་དང་ཐུག་སོང་བ་མིན་ནམ།སྐད་ཆ་ཐོན་ཐོན་ཐོགས་ཐོགས།”
   “འདྲེ་ཟེར་ག་ལ་རུང་།བླ་བླ་་་་་་”
   “ཀླ་ཀླ་་་་་་ཀླ་ཀློ་དང་ཐུག་སོང་བ་མིན་ནམ།”
   “མ་རེད་ཡ།ངས་ཁྱོད་ལ་ཅི་འདྲས་བཤད་དགོས་མི་ཤེས།”
   “ཤོད་ཤོད།འདར་གྲིབ་ཕོག་འདྲ་འདི་ཅི་བྱུང་སོང་།”
   “གསང་བ་ཞིག་རེད།ཁྱོད་ཀྱིས་མནའ་བསྐྱལ་ནས་འདི་གཞན་ལ་གོ་བཅུག་མི་ཉན།”
   “ཡ།ཤོད།གསང་བ་ཡིན་ན་གསང་རྒྱུ་བྱས།”
   “ཁྱོད་ཀྱིས་རིག་པ་དེ་སྤྲུལ་སྐུ་ཁོང་རང་ཡིན་འདུག”
   “ཨ།ཁྱོད་འདི་སྨྱོན་པ་འདྲ་ཅི་བཤད་བཞིན་ཡོད།སྤྲུལ་སྐུ་ཆོས་གྲགས་ནི་བླ་མ་བྱིན་རླབས་ཅན་སྡོམ་པ་དང་མི་འགལ་བ་ཞིག་ཡིན་པ་ངས་ཀྱང་ཤེས།”
   “རེད་ཡ།ངས་ཀྱང་ཁོང་ལ་ཐེ་ཚོམ་སྐྱེ་མ་མྱོང་།འོན་ཀྱང་ཁོང་རང་དངོས་གནས་རེད།”
   “ཨོ།རྩ་བའི་བླ་མར་མི་ཕྱེད་པའི་དད་པ་ལས་ཐེ་ཚོམ་སྐྱེ་ག་ལ་རུང་།”
   “དེ་ངས་ཤེས།འོན་ཀྱང་དོན་འདིས་སེམས་སུ་འགལ་ཟླ་དྲག་པོ་ཞིག་སློང་བྱུང་།”
   “ད་ཁྱོད་ཀྱིས་གསལ་པོ་ཤོད།ཅི་རིག་ཐལ།གང་ཐོས་སོང་།”
   “་་་་་་”
   ཁོང་གཉིས་ཀྱིས་ཆང་བཏུང་ཞོར་གླེང་གཞི་དེར་མགོ་འཁོར་ནས་དུས་ཚོད་བཅུ་གཉིས་བརྒལ་བས་གནས་དེར་མི་ཇེ་ཉུང་དུ་སོང་ཞིང་བཟི་བེར་གྱུར་བའི་མི་རྣམས་རང་རང་གི་གྲུ་ག་གཞན་ཞིག་ལ་སོང་ཚར།ཁོང་གཉིས་ཡང་གནས་དེར་གྱེས་ནས་སོང་ཞིང་མགྲོན་ཁང་ལ་སྤྲུལ་སྐུ་དང་དད་པ་དང་སྡོམ་པ་དང་མི་རིགས་དང་རིག་གནས་བཅས་བགྲང་ལས་འདས་པའི་ཁ་བརྡ་ཅི་ཡང་བྱས་ནས་གཉིད་ཀྱང་ཁུགས།
   ཉི་མས་སྲུང་མའམ་དམ་ཅན་ཏེ་གང་ཞིག་ལ་མགོ་ཆེན་པོ་རྭ་ཅོར་དུ་བ་འཁྱིལ་པ་ཞིག་གིས་བྲག་འདབ་ལྟར་ཆེ་བའི་རྡོག་པས་ཁོའི་བྲང་ལ་བརྫིས་ནས་ཁྱོད་ཀྱིས་གསང་བ་དེ་མི་སྦས་དགོས་དོན་ཅི་ཡིན་ཞེས་དྲིས་པའི་རྨི་ལམ་ངན་པ་རྨིས་པ་དེ་ནངས་སྔའི་གྲོང་ཁྱེར་སྤྱི་འཁོར་ཞིག་གི་དུང་སྒྲའི་གཙེར་སྐད་ཀྱིས་གར་སོང་ཆ་མེད་དུ་བསྐྲད།
   “ཕུར་བུ།ལང་ཤོགདུས་ཚོད་བཅུར་སོན་འདུག”
   “དེ་རིང་ལས་རྒྱུ་གང་ཡང་མེད་པས་དུས་ཚོད་བཅུ་གཅིག་ལ་ལང་ན་ཆོག”
   “རེད།ངེད་གཉིས་ཉེར་མཁོའི་སྤྱོད་ཆས་འགའ་ཉོར་འགྲོ”
   “རེད།ཨ་ཁ་ཁ།གལ་ཏེ་སྒོར་མོ་སུམ་སྟོང་ཙམ་ཡོད་ན་དེ་རིང་བོད་ཡིག་གི་དཔེ་ཆ་མང་ཙམ་ཉོར་སོང་ཆོག”
   “རེད།  བློ་ཐབས་ཟད་པས་གནས་སྐབས་ཤིག་ལ་སྐྱུར།”
   “མི་ལ་བློ་མེད་ན་ཤིག་གིས་མི་གསོད་ཅེས་པ་གོ་ཨེ་མྱོང་།”
   “འོ།དེ་འདྲ་ཡིན་ན་ཁྱོད་ལ་བློ་ཅི་ཡོད་ཤོད་ཡ།”
   “ལས་གཞི་ཞིག་མཇུག་ཡག་པོ་མ་རྫོགས་ན་ང་རང་བློ་མི་བདེ་བས་ངོ་མ་བོད་ཡིག་གི་དཔེ་ཆ་མི་འདང་བ་དེ་ཁ་གསབ་རྒྱག་དགོས་ངེས།”
   “སྒོར་མོ་མེད་ན་ཅི་བྱ།”
   “ཧེན།གླེན་པ་ཁྱོད།རིན་པོ་ཆེར་སློང་ན་ཆོག་མོད།”
   “སུར།”
   “མདང་དགོང་ཁྱོད་ཀྱིས་མཇལ་བའི་རིན་པོ་ཆེ་དེར།”
   “འོ།ཁྱོད་ཀྱིས་དེ་དྲན་ཐུབ་རྒྱུ་འདི་་་་་་ང་ངོ་ཚ།སྐྲག་ཀྱང་སྐྲག”
   “ངོ་ཚ་རྒྱུ་ཅི་ཡོད།མི་རིགས་འདིའི་རྗེས་ལུས་ཀྱི་རྣམ་པ་འཕེན་བར་ཕན་མི་ཐོགས་པ་ནི་ངོ་ཚ་ངོ་མ་དེ་རེད།”
   “ཁོང་རང་ནི་ཆོས་མ་གཏོགས་རིག་གནས་སོགས་ལ་དགའ་ཞེན་མེད་་་་་་”
   “རང་ཉིད་ལ་གནས་ལུགས་འཚོལ་ཐབས་མ་བྱེད།ཟ་མ་ཟོས་རྗེས་སྤྲུལ་སྐུ་ཆོས་གྲགས་ལ་ཁ་པར་ཐོངས།”
   “དེ་རིང་ཨང་།”
   “དེ་རིང་།ང་ཚོས་ཁོ་ལ་ཡང་འགྱོད་བཤགས་དང་མཐོལ་ལོ་བཤགས་པའི་གོ་སྐབས་ཤིག་སྟེར།”
   “བླ་མ་མཐོལ་ལོ་བཤགས་དགོས་མཁན་ག་ལ་ཡོད་སྲིད།”
   “དེ་ངེད་གཉིས་ཀྱི་དོན་དག་མ་རེད།དཔེ་ཆ་ཉོ་རྒྱུ་དེ་ང་ཚོའི་གནད་དོན་རེད།”
   ཉིན་གུང་གི་ཟ་མ་དེ་འཇམ་ཐིང་ཐིང་ངང་ཟོས་ནས་ཁོང་གཉིས་ཇ་ཁང་ཞིག་ལ་སླེབས་དུས་ཕུར་བུ་ཚེ་རིང་གིས་ལག་འཕྲིན་བླངས་ནས་ཉི་མར་སྟེར།
   “ངའི་སྐད་ཆར་ཡིད་ཆས་བྱོས་གྲོགས་པོ།ཁ་པར་རྒྱོབས།”
   ཉི་མས་ལག་པ་ཏིག་ཙམ་འདར་ཞོར་ལག་འཕྲིན་ཚུར་བླངས།ཁོས་ཕུར་བུ་ཚེ་རིང་གི་ངོར་བལྟས་ནས་འཚུབ་རྔམས་ཀྱི་ཉམས་ཤིག་བསྟན་མོད་ཕུར་བུ་ཚེ་རིང་གི་ངོར་རྒྱུན་ལྡན་གྱི་ཉམས་འགྱུར་བརྟན་པོ་ཞིག་ལས་མེད་པས་དབུགས་རིང་ཞིག་བླངས་ནས་ཁ་པར་ཕྱེས།
   “ཨ་རོགས་སྤྲུལ་སྐུ།ང་ང་་་་་་” ཉི་མས།
   “ཁྱོད་སུ་ཡིན་ཤོད།” ལག་འཕྲིན་ལས།
   “ང་ཉི་མ་ཡིན།”
   “ཨོ།ཉི་མ་ཡིན་ཨ།རེད་རེད།ང་ཁྲོན་ཤིས་ལམ་གྱི་འོད་ཟེར་ཇ་ཁང་ལ་ཡོད།འདིར་ཤོག”
   “མ་རེད་མ་རེད།  ང་དང་ཕུར་བུ་ཚེ་རིང་བཅས་ཀྱིས་སྡེ་བའི་དཔེ་ལྟ་ཁང་་་་་་”
   “ཨོ།ངས་ཤེས་ཐལ།ཁྱོད་ཚོས་སྡེ་མི་རྣམས་ལ་ཞལ་འདེབས་སློང་ནས་ད་རུང་སྒོར་མོ་འདང་མེད་པ་རེད་ཟེར་འདུགསྔ་ནས་ང་ལ་མི་ཟེར་ཅི་རེད་ཡ།”
   “ཞུ་མ་ཕོད་ཐལ།”
   “ཁྱོད་ཚོ་ནི་ཕུགས་བསམ་ཅན་རེད།ཡ།ད་རུང་སྒོར་མོ་དུ་ཙམ་ཆད་འདུག”
   “སྟོང་་་་་་སྟོང་གསུམ་་་་་”
   “ཁྱོད་ཀྱིས་དེ་འདྲ་བྱེད་མ་འདུགངས་སྒོར་མོ་ཁྲི་གཅིག་གི་ཞལ་འདེབས་ཕུལ།སློབ་གསོ་དར་སྤེལ་གཏོང་རྒྱུ་དེ་ང་ཚོ་སེར་མོ་བར་འོས་འགན་ལོས་ཡོད།”
   “ཨོ་་་ཨོ།དེ་འདྲ་མང་པོ་།  ”
   “མང་མ་རེད།  ཁྱོད་ཚོའི་མ་འོངས་པའི་བྱ་འགུལ་སོགས་ལ་མཁོ་རྒྱུ་ཉོས།དེ་རིང་ཕྱི་དྲོ་ཆུ་ཚོད་གསུམ་པར་ཇ་ཁང་ལ་ཤོགཕུར་བུ་དང་ཁྱོད་གཉིས་ཀ་ཤོགངས་སྒོར་མོ་ཁྱོད་གཉིས་ཀྱི་ལག་ན་བཅུགསྡེ་མི་རྣམས་ལ་གཏམ་འདི་གོ་བཅུག་ན་ཆོག”
   “ལགས་སོ།ལོས་ཡིན།ལགས་སོ།”
   གཞོན་ཤར་དེ་གཉིས་འདུག་སྟེགས་ལས་ཅུང་ཟད་འཕར་ནས་དགོད་སྒྲ་ཞིག་ཤོར་ཞིང་ད་ནི་བསམ་དོན་ཞིག་འགྲུབ་སོང་ཞེས་པའི་གཏམ་ཡང་ཤོར་བས་ཇ་ཁང་ནང་གི་མི་གཞན་པས་ཚུར་བལྟས་ནས་ལ་ལས་མི་དེ་གཉིས་ལ་རྒྱན་འཛིན་ཆེན་པོ་ཞིག་ཐོབ་པ་མིན་ནམ་སྙམ།ལ་ལས་མི་དེ་གཉིས་སྲིད་ཀྱི་གོ་གནས་འཕར་བ་མིན་ནམ་སྙམ།ལ་ལས་མི་དེ་གཉིས་ཀྱིས་ཉོས་པའི་རྐང་འཛིན་དེར་འཕར་སྣོད་བྱུང་བ་མིན་ནམ་སྙམ།  ལ་ལས་་་་་་
 

  • ལེ་ཚན་སྔོན་མ།:མ་ཎི་འཁོར་ལོ།
  • ལེ་ཚན་རྗེས་མ།:ཙིག་གུ་ཚོན་པོ་དང་བྱི་ལ་སྟག་རིས་ཅན།