ལུ་གུ་ནག་པོ།

        2016-06-14

སྔ་མོ་འབྱོར་བ་ཞན་པའི་ཞིང་པ་ཞིག་གི་ཁྱིམ་དུ་ལུ་གུ་དཀར་པོ་གསུམ་དང་ནག་པོ་གཅིག་ཡོད། དེ་དག་ཉིན་རེ་བཞིན་འཚར་ལོངས་བྱུང་རྗེས་ལུ་གུ་བཞི་པོ་དེ་དག་ནམ་རྒྱུན་ཨ་མ་དང་ཁ་བྲལ་ནས་ཕྱི་རོལ་དུ་འཆམ་འཆམ་དུ་འགྲོ་གི་ཡོད། ལུ་གུ་དཀར་པོ་གསུམ་ནི་རང་བསྟོད་གཞན་སྨད་བྱ་རྒྱུ་ལ་ཤིན་ཏུ་དགའ་ཞིང་སྤོབས་པ་ཡང་ཧ་ཅང་ཆེ། རྒྱུ་མཚན་ནི་ཁོ་ཚོའི་ལུས་ལ་ཁ་བ་ལྟར་དཀར་བའི་བལ་སྤུ་ཡོད་པས་སོ།། དེར་བརྟེན་དུས་རྒྱུན་དུ་ལུ་གུ་ནག་ཆུང་ལ་སྨད་ར་གཏོང་ཞིང་ཁྲེལ་དགོད་ཀྱིན་ཁྱོད་སོ་སོས་ལྟོས་དང་། ཁྱོད་ཀྱི་ལུས་པོ་དེ་གང་དང་འདྲ་པོ་འདུག   ནག་པོ་ནི་བསོད་བདེ་མེད་པ་ཞིག་སྟེ། ཐུག་ཁོག་གི་ཞབས་དང་འདྲ་ཟེར། གཞན་དེས་ངས་བལྟས་པ་ཡིན་ན། དེ་ནི་སོལ་བ་དང་འདྲ་ཟེར། ཡང་གཅིག་གིས་མི་ཚང་སྐྱོ་པོས་ལོ་མང་པོར་བེད་སྤྱོད་བྱས་པའི་ཐབ་ཕྱིས་དང་འདྲ་ཟེར། དེ་ལྟར་རྒྱུན་དུ་ལུ་གུ་ནག་ཆུང་དེ་སྙིང་རྗེ་སྐྱེ་དགོས་པ་ཞིག་ཏུ་གྱུར་ཏེ་ཁུག་ཀྱོག་ཅིག་ཏུ་ཁེར་རྐྱང་དང་སེམས་སྡུག་གིས་མིག་ཆུ་ལྷུང་ལྷུང་དུ་གཏོང་བཞིན་ཡོད།
དཔྱིད་འགོ་མའི་ཉིན་ཞིག   ཁོ་ཚོ་སླར་ཡང་ཨ་མ་དང་བྲལ་ནས་ཕྱི་ལ་བསྐྱོད། དེ་ཉིན་ཁོ་ཚོས་རྒྱང་རིང་པོ་ཞིག་གི་སར་འཆམ་འཆམ་བྱེད་དུ་སོང་། ཡུན་རིང་མི་འགོར་བར་གྲང་རླུང་ཞིག་ཇེ་ཆེ་ནས་ཇེ་ཆེར་ལྡང་ཞིང་ཁ་བ་འབབ་འགོ་ཚུགས། ཁོ་ཚོས་ས་བདེ་ས་ཞིག་ཏུ་མཉམ་དུ་རུབ་ནས་བསྡད། མི་འགྱངས་པར་ནམ་མཁའ་དང་ས་གཞི་ཡོད་ཚད་ཁ་བའི་འཇིག་རྟེན་ཞིག་ཏུ་གྱུར་བ་དང་ཁ་བ་ཡང་རིམ་བཞིན་བབས་མཚམས་ཆད་རྗེས་ཁོ་ཚོ་གཞི་ནས་ཁྱིམ་དུ་ལོག  འོན་ཀྱང་ཁ་བ་ཧ་ཅང་མཐུག་པས་གོམ་པ་སྤོ་ཐབས་བྲལ་ཏེ་མཉམ་དུ་མིག་རྒྱང་རིང་དུ་ལྟ་བཞིན་བདག་པོ་ཡོང་རྒྱུར་རེ་སྒུག་བྱས།
ཞིང་པས་རང་གི་ལུ་གུ་བཞི་པོ་ར་བའི་ནང་བསྡད་མེད་པ་ཤེས་རྗེས། ལམ་སང་རི་སྟེང་དུ་འཚོལ་བར་ཕྱིན། ཕྱོགས་བཞི་ཐམས་ཅད་ཁ་བས་བསྐོར་ཡོད་པས་ལུ་གུའི་གཟུགས་བརྙན་གང་དུ་ཡོད་དམ། སྐབས་དེར་ཞིང་པས་ཐག་རིང་པོ་ཞིག་གི་ས་ནས་ནག་པོ་རྡོག་ཙམ་ཞིག་ཡོད་པ་མཐོང་བས་ལམ་སང་གོམ་སྟབས་མྱུར་པོས་དེ་ཕྱོགས་སུ་བསྐྱོད་ནས་ལྟ་སྐབས། ཤི་མ་གསོན་གྱི་ངང་དུ་གནས་པའི་ལུ་གུ་བཞི་པོ་ཡིན་པ་རེད། ཞིང་པ་དེ་དགའ་སྤྲོས་ཁེངས་ཤིང་ལུ་གུ་ནག་ཆུང་པང་དུ་བླངས་ཏེ་ལུ་གུ་དཀར་པོ་གསུམ་ལ་བཤད་རྒྱུར། གལ་སྲིད་གཅེས་འོས་ཀྱི་ཁྱེད་ཚོའི་གཅེན་གཅུང་ལུ་གུ་ནག་ཆུང་དེ་མེད་ན། མི་རིང་བར་ཁྱེད་ཚོ་ནི་གྲང་ལྟོགས་ཀྱིས་མནར་ནས་ཁ་བའི་དཀྱིལ་དུ་ཤི་རྒྱུ་ཉག་ཅིག་རེད་ཅེས་ཟེར་རོ།།

  • ལེ་ཚན་སྔོན་མ།:བརྐམ་ཆགས་ཅན་རྣམས་ཀྱི་ཕུང་འབྲས།
  • ལེ་ཚན་རྗེས་མ།:ལུ་གུ་ནག་པོ།