རྙེད་དཀའ་བ།

འཚོལ        2016-09-06

ནམ་རྒྱུན་ལྟར་རྒྱ་ལམ་བཞི་མདོའི་ཚོང་ར་དེར་མི་ཚོགས་གྲོག་ཚང་བརྡོལ་བ་ལྟར་ཟང་ཟིང་ལང་ལོང་དུ་གྱུར་འདུག ཉིན་དེར་ཉི་མའི་ཁ་དུག་ཧ་ཅང་ཆེ་བས་ལམ་འགྲོ་བ་མང་ཆེ་བའི་ངོ་གདོང་རྔུལ་ཆུས་སྦངས་འདུག་ལ། ནམ་རྒྱུན་གྲོང་ཁྱེར་གྱི་ཡག་ལ་དགའ་བའི་རྒྱ་མོ་དེ་དག་གིས་ཀྱང་ལྭ་ཤམ་གྱོན་ཞིང་ལག་ཏུ་ཉི་གདུགས་རེ་བཟུང་ནས་མི་ཚོགས་ཀྱི་མཐའ་ན་རྨ་བྱ་ལྟར་མགོ་བོ་དགྱེ་ནས་ཕྱོགས་ཡར་མར་ལ་ལྟ་ཞོར་ཚོང་ཁང་རེ་རེ་མྱུལ་བཞིན་ཡོད་མོད། ད་དུང་སྐྲ་མཐའ་དང་སྣའི་མགོ་རུ་རྔུལ་ཆུ་ཞིག་ངང་གིས་འཛུམ་འདུག
ལྷ་བཟང་རླངས་འཁོར་ལས་བབས་མ་ཐག་གོམ་པ་རིང་ལེན་བྱས་ནས་ཚོང་རའི་ཕྱོགས་སུ་སྐྱོད། ཁོས་ཉི་མའི་ཚ་ཟེར་དེར་གཞའ་ཆེད་གནག་སྣུམ་གྱི་སྟོད་ལྭ་དེས་མགོ་ཡོངས་སུ་གཡོགས་མོད། འོན་ཀྱང་གནམ་གཤིས་ཀྱི་དྲོ་གྲང་རྒྱུན་ལྡན་དང་མི་མཐུན་པས། ཁོའི་འགྲམ་པའི་མཐའ་རུ་རྔུལ་ཆུའི་ཐིགས་པ་ཕྱིས་མི་ཚར་བ་ཞིག་བྱུང་བས། སེམས་ནས་གྲོང་ཁྱེར་གྱི་གནམ་གཤིས་ལ་ཚིག་པ་ཞིག་ཟ་ཞོར་གོམས་གཤིས་སུ་གྱུར་བའི་མིག་ཟུང་གིས་ཕར་འགྲོ་ཚུར་འོང་གི་བུད་མེད་ཚོའི་ཨོང་ཤའི་ཆེ་ཆུང་དང་གདོང་གི་ཡག་བཙོག་ལ་ལྟ་བཞིན། སེམས་ལ་བཟོད་དཀའ་བའི་ཟ་འཕྲུག་ཅིག་ལངས་ཏེ་འགྲོ་མཚམས་ཀྱང་བཞག་ནས་ཉེ་འགྲམ་གྱི་ཚོང་ཁང་ཞིག་ཏུ་སོང་ནས་གླང་དམར་རྟགས་ཅན་གྱི་སྐོམ་ཆུ་ཞིག་ཉོས་དེ་གར་ཡུད་ཙམ་ཞིག་ལ་བཏུང་ནས་བསྡད་རྗེས། མི་ཚོགས་ཀྱི་འདུ་འགོད་ཀྱིས་ཁོའི་སེམས་ལ་བྲེལ་བ་ཞིག་བསླངས་བས་མུ་མཐུད་དུ་ཁྲོམ་རར་མྱུལ། ཡུལ་ནས་ཡོང་སྐབས་ཆུང་མས་ཉོ་དགོས་པའི་ཅ་ལག་སྐོར་མང་བོ་ཞིག་བཤད་ཡོད་པས་དེ་དག་རེ་རེ་ལ་ཕྱི་དྲན་ལྟ་བུ་ཞིག་བྱེད་ཞོར་སྐོམ་ཆུ་དེ་ཇི་ལྟར་བཏུང་པ་ཁོ་ལ་བཤད་རྒྱུ་གསལ་བོ་ཞིག་མེད་པར་མ་ཟད། ཁོའི་སྣང་བར་དེ་ཕྱི་ལ་འཐུང་བ་དང་ནང་ལ་འཐུང་བ་གང་ཡིན་མ་ཤེས། སྐབས་དེར་གློ་བུར་དུ་ལག་ལ་ཁུག་མ་ཆུང་ཆུང་བཟུང་བའི་རྒན་མོ་ལོ་ལོན་ཞིག་ཁོའི་གམ་དུ་འོང་ནས་ཁྱོད་ཀྱི་སྐོམ་ཆུའི་སྣོད་དེ་ང་ལ་བྱིན་ཆོག་གམ།  ཁོས་ཡ་ལན་ཅི་ཡང་མི་འདེབས་པར་དེ་བྱིན་རྗེས་མུ་མཐུད་དུ་མདུན་ལ་བསྐྱོད། ཚོང་ཁང་ཞིག་ནས་ཕྱག་མ་ཞིག་དང་ཚ་དེམ་ཞིག་ཉོས་ནས་འགྲོ་རྩིས་བྱེད་སྐབས། དེ་སྔོན་སྐོམ་ཆུའི་སྣོད་བྱིན་པའི་རྒན་མོ་དེ་ད་དུང་ཁོའི་རྗེས་བསྙེགས་ནས་ཡོང་བཞིན་ཡོད་པས། ཁོ་ཧ་ཅང་ཡ་མཚར་བའི་ངང་ནས་འགྲོ་མཚམས་བཞག་པ་ན་རྒན་མོ་དེས་ཀྱང་འགྲོ་མཚམས་བཞག་ནས་མིག་ཅེ་རེར་ཁོ་ལ་ལྟ་བཞིན་འདུག ཁོ་ཁ་ཕྱིར་འཁོར་ནས་སྐོམ་ཆུའི་སྣོད་དེ་ངས་ཁྱོད་ལ་བྱིན་ཟིན་པས། ད་ཁྱོད་ཀྱིས་ངའི་རྗེས་བསྙེགས་ནས་ཅི་ཞིག་བྱེད་འདོད། ཅེས་བཤད་པ་ན། རྒན་མོ་དེར་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་གསར་བུ། ནམ་ཟླ་འདི་འདྲ་དྲོ་བས། ངས་ཁྱོད་ཀྱིས་ད་རུང་སྐོམ་ཆུ་ཞིག་མི་ཉོ་གི་ཟེར་ན་རྣར་མི་འགྲོ་གི་ཞེས་ཟེར་རོ།།
 

  • ལེ་ཚན་སྔོན་མ།:གོ་སྐབས།
  • ལེ་ཚན་རྗེས་མ།:ཨ་མའི་གཅེས་ལོ།