བགོ་བཤའ་འདྲ་འདྲ་རྒྱོབ་ཅིག

        2016-07-05

སྔོན་མ་ཇག་པ་རྒན་གཞོན་གཉིས་ཡུལ་ཞིག་གི་ཕྱུག་བདག་ཅིག་ལ་ཇག་པ་རྒྱག་པར་སོང་སྟེ་དྲེལ་དང་རྒྱུ་ནོར་མང་པོ་འཕྲོག་པར་མ་ཟད་བུ་མོ་མཛེས་མ་ཞིག་ཀྱང་བཙན་ཁྲིད་བྱས།ཕྱུག་བདག་ཚང་གིས་དམག་མི་མང་པོ་ར་མདར་རྗེས་འདེད་དུ་བཏང་བས་རྟ་དྲེལ་དང་རྒྱུ་ནོར་ཚང་མ་ཚུར་འཕྲོག་ཐུབ་ཀྱང་བུ་མོ་མཛེས་མ་དེ་ཇག་པ་གཉིས་ཀྱིས་ཁྲིད་ནས་བྲོས། ཇག་པ་དེ་གཉིས་ལ་ལུང་གང་འཚམ་ཞིག་བརྒལ་རྗེས་ཇག་པ་རྒན་པས་དེ་རིང་ངེད་གཉིས་ཀྱིས་རྒྱུ་ནོར་གཞན་ནི་ཕར་ཤོར་སོང་། ད་ལྟ་བུ་མོ་འདི་གཅིག་པུ་ལས་ལུས་མེད་པས་འདི་བགོ་བཤའ་རྒྱག་པས་མི་ཡོང་བས་ང་རང་རྒན་པ་ཡིན་པས་ངས་བདག་པོ་བྱེད་ཅེས་ཇག་པ་གཞོན་པར་གྲོས་བསྡུས་བྱས། ཇག་པ་གཞོན་པས་སྐད་ཆ་དེར་ཡིད་མ་རངས་ཏེ་བུ་མོ་འདི་ལོ་ཆུང་ཆུང་ཡིན་པས་ང་ལོ་ཆུང་བར་བདག་ཏུ་འཇུག་དགོས་ངེས་རེད་ཅེས་རྩོད་གླེང་བྱས། ཁོ་གཉིས་ཀྱིས་དེ་ལྟར་རྩོད་གླེང་ཇི་ལྟར་བྱས་ཀྱང་ཐག་ཆོད་པ་ཞིག་མ་བྱུང་བའི་སྐབས་སུ་གཙང་པོའི་ཕ་རོལ་ནས་རྟ་པ་ཞིག་འགྲོ་བ་མཐོང་། ཁོ་གཉིས་ཀྱིས་རྟ་པ་དེར་སྐད་ཆ་དྲིས་ཏེ་དེས་ཁོ་གཉིས་པོ་སུ་ལ་བདག་པོ་གྱིས་ཟེར་ན་དེ་ལྟར་བྱ་རྒྱུ་ཡིན་པ་ཁ་འཆམས་ཤིང་མནའ་སྐྱེལ་དམ་བཅའ་བྱས། དེ་ནས་ཇག་པ་གཉིས་པོས་བུ་མོ་མཛེས་མ་དེ་སྒྱེ་མོ་ཞིག་གི་ནང་དུ་བཅུག་སྟེ་གཙང་འགྲམ་གྱི་རྡོ་ཕ་བོང་ཆེན་པོ་ཞིག་གི་ཐོག་ལ་བཞག་ནས་ཇག་པ་རྒན་པ་གཡས་སུ་ལངས། ཇག་པ་གཞོན་པ་གཡོན་དུ་ལངས་ནས་ཁོ་གཉིས་ཀྱིས་མགྲིན་གཅིག་ཏུ་ཝ་ཡེ། ཆུ་ཕ་གེའི་ཨ་ཕོ་རྟ་པ་ལགས། རྡོ་ཕ་བོང་ཐོག་གི་ཅ་ལག་འདི་གཡས་གཡོན་གྱི་མི་ངེད་གཉིས་སུ་ལ་བདག་པོ་རྒྱག་འཇུག་རྒྱུ་བྱ་དགོས་མིན་ཐུགས་ཐག་ཆོད་པོས་གསུང་རོགས་གནང་ཞེས་བོས་པར་རྟ་པ་དེས་འཕྲལ་དུ་ཝ་ཡེ། ཅ་ལག་དེ་ཁྱོད་རང་གཉིས་བགོ་བཤའ་འདྲ་འདྲ་རྒྱོབ་ཅིག་ཅེས་བརྗོད་པས་ཇག་པ་རྒན་གཞོན་གཉིས་ཀར་ཅི་བྱེད་འདི་བྱེད་མེད་པར་གཅིག་གིས་གཅིག་ལ་ཅེ་རེར་བལྟས་ནས་བསྡད་དོ།།
  • ལེ་ཚན་སྔོན་མ།:ལུ་གུ་ནག་པོ།
  • ལེ་ཚན་རྗེས་མ།:གོ་སྐབས།