ཆོས་བཞིན། 2017-08-23
ས་ཆེན་པོའི་མཐོ་ས་ཞིག་ན་ནམ་རྒྱུན་བསམ་གཞིག་ལ་དགའ་བའི་སྐྱེས་པ་ཞིག་ཡོད།ཁོ་དུས་རྒྱུན་གཞན་དང་འབྲེལ་འདྲིས་བྱེད་པར་དེ་ཙམ་མི་དགའ་ལ། ལྷག་པར་དུ་དཀའ་ཚེགས་གང་དང་ཕྲད་ཀྱང་རང་ཉིད་ཁོ་ནས་ཐག་གཅོད་པར་དགའ། དེའི་རྒྱུ་མཚན་ནི། མི་མང་པོ་ཞིག་ལ་དཀའ་ལས་གཏོད་པར་མི་འདོད་པས་ཡིན། ད་དུང་། ཁོ་ནི་སློབ་གསོའི་བྱ་བར་ཧ་ཅང་དགའ་ལ་བུད་མེད་བརྩེ་སྐྱོང་གི་སློབ་གསོར་དེ་ལས་ཀྱང་དགའ་པོ་ཡོད།དེ་ཡང་སློབ་གསོ་ནི་མིའི་རིགས་ཡར་རྒྱས་སུ་གཏོང་བའི་གཞི་རྐང་ཡིན་ལ།གང་ཞིག་ལ་བསམ་སྤྱོད་བཟང་པོ་དང་ལྡན་པར་བྱེད་པའི་ཐབས་ཁྱད་པར་ཅན་ཡིན་པ་ལས་གཞན།བུད་མེད་དང་བྱིས་པ་ནི་རྩྭ་ཐང་གི་མ་འོངས་པ་ཡིན་པར་འདོད་པའི་བློ་རྩ་བརྟན་པོ་ཡོད་པས་ཡིན།སྐྱེས་པ་དེས་བསྒྲུབས་པའི་བྱ་བ་རྣམས་དང་བཤད་པའི་སྐད་ཆ་དག་ལ་དྲང་བདེན་གྱིས་རྒྱབ་སྐྱོར་དང་སྐུལ་འདེད་བྱེད་མཁན་མེད་ནའང་།ཁོ་རང་ཉིད་ལ་དབང་བའི་མཁའ་དབྱིངས་ཤིག་ནས། སྙན་ངག་དང་གླུ་ཆུང་མཉམ་དུ་གྱེར་ཞོར་དགའ་སྤྲོའི་ངང་འཚོ་གནས་བྱེད་པ་ལས། སུ་ལའང་སྡུག་ཡུས་དང་ལེ་བདའ་བྱེད་མི་སྲིད།དེའི་གནད་དོན་ཡང་། མི་ཞིག་ལ་མཚོན་ན་གཞན་ལ་ཕན་པའི་བྱ་བ་ཅི་ནུས་ཀྱིས་བསྒྲུབ་པ་ཙམ་ལས། སུ་ཞིག་གི་ངོ་བསྟོད་དང་མཐེ་བོང་དོན་དུ་གཉེར་ནས་གསོན་ན་གཏན་ནས་འདོད་ཀྱིན་མེད་པས་རེད།གལ་ཏེ། གཞན་ཞིག་གིས། མི་རྣམས་འཇིག་རྟེན་འདིར་གསོན་པའི་མཐར་ཐུག་གི་དམིགས་ཡུལ་གང་ཡིན་ཞེས་དྲིས་ཚེ། དྲང་བདེན་གྱི་མི་དམ་ཚིག་དང་ལྡན་པ་ཞིག་བྱ་རྒྱུ་དེ་ཡིན་ཞེས་ལན་སྟབས་བདེ་ཞིག་འདེབས་སྲིད་ལ།ཁྱོད་ཀྱིས་གཞན་ལ་སློབ་གསོ་ག་འདྲ་གཏོང་གི་ཡོད་ཅེས་དྲིས་ན། རླངས་འཁོར་མེད་མཁན་ཞིག་ཡིན་ན། ང་ཚོའི་གནས་གཞི་འདི་ཧ་ཅང་དྭངས་གཙང་ཡིན་པས། རླངས་འཁོར་དེ་མེད་ཐབས་མེད་པ་ཞིག་གཏན་ནས་མིན་ཞེས་བཟླ་སྲིད་ཅིང་། རླངས་འཁོར་ཡོད་མཁན་ཞིག་ཡིན་ན། ང་ཚོའི་ས་གནས་འདི་ཅུང་ཟད་གྲང་བའི་ཡུལ་དུ་གཏོགས་པས།གངས་འཁྱགས་ལ་ཤུད་འགོག་ལྕགས་ཐག་སྔ་ས་ནས་གྲ་སྒྲིག་བྱོས་ཞེས་ཀྱང་བཤད་སྲིད། དེར་མ་ཟད། ཁྱོད་ཀྱིས་བྱ་བར་ཞིབ་ཚགས་ག་རེ་གནང་གི་ཡོད་ཅེས་དྲིས་ཚེ། རང་ཉིད་ཨ་ཛིའི་ཆེད་མཁས་པ་ཞིག་མིན་ལ། ཨེ་ནད་སྔོན་འགོག་ལ་གཅིག་ཏུ་བརྩོན་པའི་རང་འདུན་པ་ཞིག་ཀྱང་མིན་མོད། འོན་ཀྱང་། ཨེ་ཛི་ལྟ་བུའི་ནད་ཡམས་ཚབས་ཆེན་དག་གི་ཐ་སྙད་རྣམས། འཕྲོད་བསྟེན་བདེ་ཐང་གི་ཕྱིར་དུ། བྱིས་པ་ཆུང་ཆུང་ཡིན་རུང་དེར་སྔ་ས་ནས་བག་ཆགས་རེ་ཅིས་ཀྱང་འཇོག་དགོས་པ་ཡིན་ཞེས་བརྗོད་སྲིད་པ་རེད།
ཉིན་ཞིགསྐྱེས་པ་དེ་མི་ཚོགས་ཀྱི་འཚང་ག་དེ་ཙམ་མི་ཆེ་བའི་སློབ་གྲྭ་ཞིག་གི་ར་སྐོར་ཉེ་འགྲམ་ན།འགྲམ་པ་ལག་ཟུང་གིས་བསྐྱོར་ཏེ་བསམ་གཞིག་གཏོང་གིན་ཡོད།གློ་བུར་དུ་གཞོན་ནུ་མ་ཞིག་མི་དེའི་མདུན་ཐད་དུ་ཡོང་ནས།ཅུང་ཟད་འཛུམ་པའི་ཉམས་དང་བཅས། སྐུ་ཞབས་ལགས། འཇིག་རྟེན་འདིར་སུན་སྣང་སྐྱེས་པ་ཨེ་རེད་ཅེས་དྲིས། སྐྱེས་པ་དེས་མགོ་བོ་དལ་གྱིས་བཀྱགས་ནས་ཞིབ་ལྟ་ཞིག་བྱས་པ་ན།གཞོན་ནུ་མ་དེར་མཛེས་སྒེག་གི་ཉམས་སོགས་གཞན་ལས་ཁྱད་དུ་འཕགས་པ་མེད་ནའང་། ཅུང་ཟད་བབ་ཆགས་ཤིག་རེད། བབ་ཆགས་པའི་གཞོན་ནུ་མ་དེར་ལྡོག་འདྲིའི་ཚུལ་དུ། ཁྱོད་ལ་མཚོན་ན་འཇིག་རྟེན་འདི་སྤྲོ་སྣང་ལྡན་པ་ཞིག་ཨེ་རེད་ཅེས་ཟེར་ཞོར་དེའི་རྒྱབ་ཕྱོགས་ཀྱི་ཐག་རིང་གི་ས་ལ་མིག་མདངས་འཕངས། སྐབས་དེར་གཞོན་ནུ་མ་དེ་ཅུང་དོགས་མི་བདེ་བའི་ངང་ནས། ཁྱོད་ཀྱིས་འདི་ལྟར་ནན་ཏན་གྱིས་བསམ་གཞིགས་བྱེད་ཅིང་། ཕུར་ཚུགས་ཀྱིས་ང་ལ་ལྟ་དགོས་དོན་གང་ཡིན་ཟེར། སྐྱེས་པ་དེས། འུ་གཉིས་ཕན་ཚུན་ངོ་ཤེས་པ་ཙམ་ལས་ཆ་རྒྱུས་དེ་ཙམ་མེད་ན་ཡང་། ངས་ནམ་ཡང་ཁྱོད་ཉེ་ཞོ་མེད་པར་འཇིག་རྟེན་འདི་ནས་གསོན་ཐུབ་ན་ཅི་མ་རུང་སྙམ་གྱིན་ཡོད་ཅེས་ཟེར། ཡང་གཞོན་ནུ་མ་དེས་དགོད་ཙམ་བྱས་ཏེ། ཁོར་ཡུག་འདི་ཧ་ཅང་བདེ་འཇགས་ཡིན་ལ། ཡར་མར་གྱི་སེམས་ཅན་རྣམས་བདག་ལ་ཤིན་ཏུ་བརྩེ་བས་གནོད་པ་གཏན་ནས་འབྱུང་མི་སྲིད་ཅེས་ཡིད་ཆེས་དང་བཅས་ལན་བཏབ། དེའི་སྐབས་སུ། གཞོན་ནུ་མ་དེའི་རྒྱབ་ཕྱོགས་ན་གསོད་སེམས་ཀྱི་བསམ་ངན་ཁོག་ལ་བཅུག་པའི་མི་བུ་སྐོར་ཞིག་གིས། མེ་ཏོག་གིས་བརྒྱན་ཡོད་པའི་རྣོ་དབལ་ཅན་གྱི་མདེའུ་རྩེ་གནད་ལ་གཏད་ནས།རྐང་འཇབ་ལག་འཇབ་ཀྱིས་མདུན་ནས་མདུན་དུ་ཡོང་བཞིན་ཡོད། སྐྱེས་པ་དེ་ཡི་ཆད་པའི་ངང་ནས་གཞོན་ནུ་མ་དེར་ལྟ་ཙམ་བྱས་ཤིང་། ཁྱོད་ཀྱི་རྒྱབ་ཕྱོགས་ཀྱི་ཐག་མི་རིང་བའི་གནས་ན། ཁྱོད་གསོད་པར་འདོད་པའི་ལག་དམར་སྐོར་ཞིག་དལ་གྱིས་ཡོང་བཞིན་ཡོད་ཅེས་སྐད་དམའ་མོས་ཡང་ཡང་ལབ།གཞོན་ནུ་མ་དེས་ཁྲེལ་དགོད་ཅིག་བྱས་ཏེ་ཁ་ཕྱིར་འཁོར་བ་ན། མི་བུ་དེ་དག་གིས་རྟབ་རྟབ་པོའི་ངང་གདོང་ནས་བཅོས་མའི་འཛུམ་ཞིག་སྟོན་ཞིང་། ལག་གཡོན་པའི་གཞུ་མཆོག་རྒྱབ་ཏུ་སྦས་ལ་ལག་གཡས་པས་མདེའུ་རྩེའི་མེ་ཏོག་སྟོན་བཞིན་དགའ་མདོག་གི་རྣམ་འགྱུར་གང་མང་བསྟན། རྣམ་འགྱུར་དེས་གཞོན་ནུ་མ་དེ་ཡིད་ཚིམས་ནས་སྐྱེས་པ་དེ་ལ། འདི་དག་བདག་ལ་སྙིང་ཉེ་བ་ཡིན་པས་ཁྱོད་ཀྱིས་ཕྲ་མ་སྦྱོར་དགོས་དོན་གང་ཡིན་ཟེར།སྐྱེས་པ་དེས་གནས་ཚུལ་མི་བཟང་བ་ཤེས་ནས་མགོ་བོ་འཕྲེད་དུ་གཡུག་ཞོར། ཁྱོད་ཀྱིས་བྱ་དངོས་ཀྱི་ཤུན་ལྐོགས་ཙམ་ལས་ནང་སྙིང་གཏན་ནས་རིག་ཐུབ་ཀྱི་མི་འདུག་ཟེར་ཞོར། ཨུ་ཚུགས་ཀྱིས་གཞོན་ནུ་མ་དེའི་ལག་མགོ་ནས་འཇུས་ཏེ། ཐག་མི་རིང་བའི་ཅུང་བདེ་འཇགས་ཡིན་པའི་གནས་ཤིག་ལ། མི་འདོད་བཞིན་དུ་ཁྲིད་ནས་བསྐྱལ། གཞོན་ནུ་མ་དེས་དབུགས་ཧལ་ཞོར་དུ། ཁྱོད་ཀྱིས་འདི་ལྟར་བྱེད་པར་དམིགས་ཡུལ་ཅི་ཞིག་ཡོད་ཅེས་དྲིས་པ་ན། སྐྱེས་པ་དེ་ཅུང་ཟད་དགའ་སྡུག་སྐྱེན་པའི་སྟབས་ཀྱིས། ང་ལ་མངོན་ཤེས་མེད་ཀྱང་ཚོར་ཤེས་ཅུང་རྣོན་པོ་ཞིག་ཡོད་ཅེས་སྐད་ཆ་བསྐོར་ནས་ལན་བཏབ་ཅིང་།ཕྱིར་ལྟ་ཙམ་ཡང་མི་བྱེད་པར་ཐག་རིང་གི་གནས་སུ་མི་མཐོང་བར་གྱུར།དེ་ལྟར་ཉི་མ་འགའ་རིམ་གྱིས་འདས་སོང་།སྐྱེས་པ་དེ་གྲོང་ཁྱེར་ཆེ་ས་ཞིག་གི་དབུས་སུ་གནས་པའི་ལམ་གྱི་བཞི་མདོ་ཞིག་ན། མིག་མདངས་རྒྱང་རིང་གི་གནས་སུ་གཏད་ནས་སྔར་ལྟར་བསམ་བློ་གཏོང་བཞིན་ཡོད། ལས་དབང་གི་སྟོབས་སོགས་གང་ཡིན་མི་ཤེས་ཀྱང་། གཞོན་ནུ་མ་དེས་ཀྱང་ཐག་མི་རིང་བའི་གནས་ན། མེ་ལོང་ཞིག་ལག་ཏུ་བཟུང་ནས་རང་ཉིད་ལ་ཞིབ་ལྟ་བྱེད་བཞིན་ཡོད། བསམ་ཡུལ་ལས་འདས་པ་ཞིག་ལ། ཡང་གཞོན་ནུ་མ་དེའི་རྒྱབ་ཀྱི་ཅུང་ཐག་རིང་བའི་ཕྱོགས་ན།སྐྱེས་པ་དང་བུད་མེད་སྐོར་ཞིག་གིས་ཅི་ཞིག་འཁྲབ་ཀྱིན་མདུན་དུ་ཡོང་བཞིན་ཡོད།ཞིབ་པར་བལྟས་ན།སྐྱེས་པ་ཚོས་འཁོར་གསུམ་སོགས་གནོད་ཅིང་འཚེ་བའི་ཡོ་བྱད་དག་ཁྱེར་ནས་རྔམས་སྟབས་ཀྱིས་གོམ་པ་བདུན་ཙམ་རེ་མདུན་དུ་སྤོས་རྗེས། སླར་ཡང་བུད་མེད་དེ་ཚོས་གཅམ་བུའི་ཚུལ་དུ་མཛེས་སྒེག་གི་ཉམས་འགྱུར་ཅི་ཡང་སྟོན་གྱིན། སྐྱེས་པ་དེ་དག་གི་མདུན་དུ་གོམ་པ་བདུན་རེ་ཙམ་སྤོས་ཏེ་རེས་མོས་སུ་ཡོང་གིན་ཡོད། རྒྱུ་མཚན་གསལ་བོ་མི་ཤེས་ཀྱང་། མི་བུ་དེ་དག་གཞོན་ནུ་མ་དེར་མི་དགའ་བའི་གནག་སེམས་ཅིག་འཆང་ཡོད་པ་ཧ་ཅང་གསལ་ལ།དུས་བབ་ཀྱི་དབང་གིས་མངོན་སུམ་དུ་དཔུང་འཇུག་མི་བྱེད་པར། ལྐོག་གཡོ་ངན་ཇུས་ཀྱི་ཐབས་ལམ་སྣ་ཚོགས་ཀྱི་བློ་བཀོད་འཐེན་བཞིན་པའི་སྣང་ཚུལ་ལ། སྐྱེས་པ་དེ་ཅུང་ཟད་ཡི་མ་རངས་བའི་ཚུལ་གྱིས་ཅི་ཞིག་འབྲི་མགོ་བརྩམས། ཡང་བསམ་བློ་ཞིག་བཏང་སྟེ། གཞོན་ནུ་མ་དེའི་ཁ་གཏད་ཀྱི་ཐག་ཉེ་སར་བཅར་ནས།མེ་ལོང་དེས་རང་ཡང་མཐོང་ཐུབ་ལ་ཁོར་ཡུག་གཞན་དག་ཀྱང་མཐོང་ཐུབ་ངེས་རེད་ཅེས་མིག་བརྡ་ཞིག་བྱས། གཞོན་ནུ་མ་དེ་ཅུང་སུན་པའི་ཚུལ་གྱིས། འཇིག་རྟེན་འདི་འདི་ལྟར་ཆེ་ཡང་། འུ་གཉིས་ཀྱི་བར་ཐག་འདི་ལྟར་ཐུང་བའི་རྒྱུ་མཚན་ཅི་རེད་ཅེས་དྲིས། སྐྱེས་པ་དེ་དགོད་ཙམ་བྱས་ནས། འུ་གཉིས་ལ་དབང་བའི་ས་ཁྱོན་ཧ་ཅང་ཆུང་བས་ཡིན་སྲིད་པས། ཁྱོད་ཀྱིས་ཀྱང་བསམ་བློ་ཞིག་བཏང་ན་ཅི་ལ་མི་ཆོག་ཟེར། སྐབས་དེར། ཐག་རིང་གི་ཕོ་མོ་སྐོར་དེ་ཐག་ཉེ་སར་ཐོན་ཡོང་གིན་ཡོད་ལ།བཞིན་རས་ལ་དཀར་ནག་གི་འགྱུར་ལྡོག་ཧ་ཅང་མང་པོ་ཞིག་འབྱུང་གིན་ཡོད། གཞོན་ནུ་མ་དེས་འདོད་ལ་མི་འདོད་པའི་ངང་ནས་མེ་ལོང་ལས་རྒྱབ་ཕྱོགས་ཀྱི་ཡུལ་སྣང་ལ་བལྟས་ཚེ། གནས་ཚུལ་རྣམས་ལག་མཐིལ་ལ་བལྟས་པ་ལྟར་གསལ་ལམ་མེར་གྱུར། སྐབས་དེར། གཞོན་ནུ་མ་དེ་ཅི་བྱ་གཏོལ་མེད་དུ་གྱུར་ནས་རེ་ཞིག་ཧད་དེ་ལུས།ཅུང་ཙམ་འདས་རྗེས།གཞོན་ནུ་མ་དེ་གཉིད་ལས་སད་པ་ལྟར་སྐྱེས་པ་དེའི་ཕྱོགས་སུ་བརྒྱུགས་ནས་ཡོང་། སྐབས་དེར་ཕོ་མོ་སྐོར་དེའི་སེམས་ངོགས་ལ། རང་ཉིད་ཀྱི་བསམ་བློའི་ནག་ཐིག་དེ་གཞན་གྱིས་ཤེས་པར་དོགས་ནས།མྱུར་སྟབས་ཀྱིས་རྩལ་ཆེན་གྱི་མདའ་རྣམས་མི་འཆོར་བའི་གནད་དུ་གཏད་ནས་འཕངས་པ་ན། སྐྱེས་པ་དེ་ཕྱོགས་གཉི་གའི་བར་ལ་བུད་དེ་རང་ཉིད་ཀྱི་ལུས་པོ་བར་དཔང་དུ་མི་འཇོག་ཀ་མེད་བྱུང་། སྐྱེས་པ་དེར་རྨས་སྐྱོན་ཚབས་ཆེན་བྱུང་ཡོད་ན་ཡང་། གཞོན་ནུ་མ་དེ་བདེ་འཇགས་ཀྱིས་བསྐྱབས་ཐུབ་པ་ལ་བསམས་ནས། ལམ་གྱི་བཞི་མདོ་དེ་ན་ལུས་ཀྱི་མདེའུ་སྣེ་རྣམས་རེ་རེ་བཞིན་བཏོན་ནས་ཧ་ཅང་བག་ཡངས་ཀྱིས་འཚོས་ནས་ཡོད། །
རྩོམ་གསར། 10