མགར་ཐར་འཇིགས་མེད་བསམ་གྲུབ། 2017-08-23
སྔ་དྲོ་དེར་ངས་གཟབ་ནན་ངང་རླངས་འཁོར་བསྐོར་ནས་དགོན་པའི་ཕྱོགས་སུ་རྒྱུ་བཞིན་ཡོད། གཞུང་ལམ་སྲད་བུ་འདྲ་བ་དེ་འཕྲུལ་རིགས་དང་རྟ་པ་རྐང་ཐང་སོགས་ཀྱིས་ཕྲེང་བ་བརྒྱུས་པ་ལྟར་དུ་གྱུར་ཅིང་འཕྲུལ་རིགས་ཀྱི་སྒྲ་དུང་དང་། རྟའི་འཚེར་སྐད་དང་རྨིག་པའི་སྒྲ། གཡེར་ཁའི་སིང་སྒྲ་དང་དྲིལ་ཆུང་གི་སྒྲ། མི་རྣམས་ཀྱིས་ཕན་ཚུན་ཁམས་འདྲི་ཞུ་བའི་སྒྲ་འདྲ་མིན་ལྷན་དུ་འཐབ་པས་ཁོར་ཡུག་གི་ལྷིང་འཇགས་རྦད་དེ་བཅོམ། ངས་རྒྱབ་མཐོང་ཤེལ་ངོས་སུ་ལྟ་དུས་ཐེར་མའི་ཕྱུ་པ་གོང་བ་རྒྱ་སེ་ཡིས་བྱས་པ་ཕྱི་བསྒྱུར་བྱས་ཤིང་སྒྲོ་ལུང་ཡང་དར་ལྕེ་གནམ་ལ་ཕྱར་བ་དང་འདྲ་ལ། འཇུར་རྟ་འོད་ཀྲིག་ཀྲིག་ཏུ་འཚེར་བ་ཞིག་གྱོན་ཞིང་རྒྱ་གར་ཡང་ཞྭ་གསེག་གོན་བྱས་པའི་ཕོ་སར་ཞིག་གིས་འཕྲུལ་རྟ་བཞོན་ནས་བྱ་འཕུར་བ་དང་། གཡུ་འབྲུག་འཁྱུག་པ་ལྟར་ངའི་སྔོན་དུ་བུད་དེ་ཐུགས་རྗེ་ཆེན་པོ་ལུང་པའི་ནང་དུ་ཐལ། ངའི་ཡིད་ལ་རྒྱུག་གཤིབ་མཁན་དང་བྱ་དགའ་སྤྲོད་མཁན་ཡང་མེད་པས་ག་ལེར་འགྲོ་ན་མི་ཆོག་གམ། འདྲེ་ཡིས་དེད་པ་ཡིན་ནམ། རང་ཉིད་བདེ་འཚམས་སུ་ཐོན་ན་མི་དགའ་འམ་སྙམ། ཉིན་དེ་ནི། བོད་ཟླ་དྲུག་པའི་ཚེས་བཞི་སྟེ་སྤྱིར་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པས་ཡུལ་ཝ་ར་ཎཱ་སིར་འཁོར་ལྔ་སྡེ་བཟང་པོར་བཀའ་དང་པོ་བདེན་བཞི་ཆོས་འཁོར་བསྐོར་བའི་དུས་ཚིགས་ཁྱད་པར་ཅན་ཞིག་ཡིན་པ་དང་། སྒོས་སུ་བྱམས་པ་གླིང་གི་དབྱར་ཆོས་ཆེན་མོའི་འབག་འཆམ་ཉིན་རེད། ཏག་ཏག་ཕོ་སར་དེ་ཡང་དབྱར་ཆོས་མཇལ་བར་སྐྱོད་མཁན་ཡིན་འདུག ཉིན་དེར་བྱམས་པ་གླིང་དུ་མཇལ་སྐོར་འགྲོ་མཁན་ཧ་ཅང་མང་ལ་མཇལ་སྐོར་བ་དེ་དག་གིས་ལོ་གཅིག་ལ་ཐེངས་རེ་མ་གཏོགས་མཇལ་རྒྱུ་མེད་པའི་དབྱར་ཆོས་སྐབས་ཀྱི་དགེ་འདུན་པ་ཚོས་འཆམ་རྒྱག་པ་ལ་དམིགས་ཏེ་རྒན་གཞོན་ཕོ་མོ་མང་པོས་གཟབ་སྤྲས་མིག་ལ་མཛེས་པ་རེ་བྱས། འཕྲུལ་འཁོར་གྱི་རིགས་དང་རྟ་དང་རྐང་གིས་བགྲོད་པ་ལ་བརྟེན་ནས་ལམ་གྱི་གཡས་གཡོན་དང་སྔ་རྗེས་སུ་འཚང་ཁ་ཤིག་ཤིག་གིས་སྐྱོད་པར་བྱེད། ཆར་པ་ཟིམ་ཟིམ་ཞིག་གིས་ས་གཞིར་སྣུམ་པོར་བཏང་ཞིང་འབྲུ་རིགས་སྙེ་མའི་ཕོན་པོ་དང་། རྩྭ་དང་རྩི་ཤིང་ནགས་ཚལ་སོགས་ལ་སྔ་ན་མེད་པའི་གསོན་ཤུགས་གཅིག་སྦྱིན། མཁའ་ཡི་གླང་པོ་དག་ནི་རི་རྩེར་འགོས་པའི་ཚུལ་སོགས་ཉིན་དེའི་ཡུལ་ལྗོངས་ཀྱི་བཀོད་པ་རྣམས་རི་མོ་མཁས་ཅན་ཞིག་དང་སྙན་ངག་པ་ཞིག་གི་མིག་གི་ཡུལ་དུ་གྱུར་ན་སྒྱུ་རྩལ་གྱི་གསོན་ཉམས་ལྡན་པའི་བརྩམས་ཆོས་ཤིག་བཞེངས་བར་འོལ་མི་དབྱི། ཡང་གཅིག་བཤད་ན། དེ་ནི། ཉིན་དེར་དགོན་པའི་གྲྭ་པ་ཚོས་ལྷ་དང་སྲུང་མའི་ཆས་གོན་གྱོན་ནས་ཕྱག་མཚན་སྣ་ཚོགས་ཐོགས་པ་དང་། ཆོ་ག་ཕྱག་ལེན་གྱི་འགྲོས་ལྟར་འབག་འཆམ་བྱེད་རྒྱུ་ཡིན་པས་རྩ་གསུམ་ལྷ་ཡིས་བྱབས་ཁྲུས་ཀྱི་དངོས་གྲུབ་གནང་བ་ལ་བརྩིས་ན་ཆོག བསམ་བློ་འདྲ་མིན་ཞིག་གི་ཀློང་ནས་གནག་ཅིང་སྣུམ་པའི་རྒྱ་ལམ་དུ་རླངས་འཁོར་ཁ་ལོ་སྒྱུར་བཞིན་པའི་སྐབས་དེར་"ཆག"་སྒྲ་ཆེན་པོ་ཞིག་གིས་ང་རང་གཉིད་ལས་སློང་བ་ལྟར་བྱས། ཅི་ཞིག་ཡིན་ནམ། མདུན་དུ་ཐོན་པ་ན། ཨོ་ཧོ། ད་གིན་འཕྲུལ་རྟ་བཞོན་པའི་ཕོ་སར་དེས་ཁུགས་དཀྱོག་ནས་ཁ་བསྐོར་མ་ཐུབ་པར་ས་ལ་བརྡབས་ཤིང་ཁོ་རང་ལམ་གྱི་གཡས་དང་། འཕྲུལ་རྟ་གཡོན་གྱི་ཆུ་རྐ་ནང་དུ་ལྷུང་འདུག་ལ་མགོ་མཇུག་གང་ཡིན་མི་ཤེས་པ་ཞིག་ཏུ་གྱུར་པས་མི་ཚད་ལུས་ལས་ཟུངས་ཁྲག་ཆུ་མིག་བརྡོལ་བ་ལྟར་བཞུར་གྱིན་གདའ། ན་ཟུག་དྲག་པོ་ཞིག་ཐོལ་གྱིས་ལྡང་བ་དང་འདྲ་བར་ཁ་ནས་ཨག་སྐད་གསལ་ལ་མི་གསལ་བ་ཞིག་སྒྲོག་པ་དང་མ་ཁ་སོ་ཡིས་མནན་ཏེ་ཨམ་གཙིགས་བསྡམས།
ངའི་རྗེས་ནས་ཡོང་བའི་འགྲུལ་བཞུད་པ་སྐོར་ཞིག་དང་། སྔོན་དུ་རྒྱུ་བཞིན་པའི་རྟ་པ་འགའ་ཁ་ཕྱིར་འཁོར་ནས་རྨས་མ་དེའི་ཕྱོགས་སུ་སླེབས། ང་ཚོ་ཐམས་ཅད་ཀྱིས་དཔུང་རུབ་ལག་རུབ་བྱས་ཏེ་རྨས་མ་སྐྱོབ་ཐབས་བྱེད་པ་དང་རྨས་མའི་གདོང་པ་ཁྲག་གིས་སྦགས་ཤིང་སུ་དང་གང་གི་ཡིན་པ་རེ་ཞིག་མི་ཤེས་པར་གྱུར། གཅིག་གིས། རུམ་དུ་ཁ་པར་ཨེ་ཡོད་ལྟོས་དང་འབྲེལ་བ་རེ་བྱ་ཐུབ་རྒྱུ་རེད་ཅེས་བཤད་པ་ལྟར་ཨམ་ཕྲག་སོ་སོ་བསྔོགས་ནས་ཁ་པར་ཨེ་ལོན་བལྟས་ཀྱང་ཁ་པར་ནི་ས་ལ་བརྡར་ནས་ཕྱུར་བ་འཐོར་བ་ལྟར་ཆག་གེ་ཧྲུག་གེར་བཏང་འདུག འཕྲུལ་རྟའི་སྔ་འཁོར་གཞུ་ལྟར་བཀུག་ཅིང་ཉེན་འགོག་ལྕགས་དང་སྔོན་གྱི་གློག་ཁྲ་སོགས་རྩ་ནས་གོག་སྟེ་རང་སར་གཡུག ཤ་ཐག་ལ་བཀལ་བའི་སྒྲ་སྒམ་ལས་ཤི་མ་གསོན་གྱི་གླུ་དབྱངས་ཤིག་གྲག་བཞིན་འདུག་ལ་ཞིབ་ཏུ་ཉན་པ་ན་གཞས་པ་སུ་ཡིན་མི་ཤེས་པ་ཞིག་གིས“ ཡུལ་སྡེ་ཆེན་སྐོར་བ་རྒྱག་དུས་སུ།། ང་བུ་ཆུང་སྣང་བ་སྐྱིད་པོ་ཡིན” ཞེས་དབྱངས་ལ་གྱེར། དེར་ལྷགས་པའི་བུད་མེད་གཅིག་གིས“ཧ་བོ། ཚད་འདི་འདྲ་ཞིག་ལ་བསྐྱལ་འདུག མི་རོ་འདིའི་ནང་ན་ད་དུང་སྣང་བ་སྐྱིད་པོ་ཚོ་ཟེར། རྣམ་རྟོག་སློང་བྱེད་འདི”ཟེར་ནས་གློག་སྐུད་སྦར་མོས་བཅད་དེ་གཏན་ནས་གྲགས་རྒྱུ་མེད་པར་བཟོས། ང་ཚོ་ཐུན་མོང་གིས་ཁ་ཆད་བྱས་པ་ལྟར་སྔོན་ལ་སྨན་ཁང་དུ་ཁྲིད་ནས་སྐྱོབ་པར་བྱེད་ན་ད་གཟོད་སུ་ཡིན་གྱི་རྩད་གཅོད་མཁན་འོང་བར་ངེས་པས་དེ་ལྟར་དུ་མོས་པ་མཐུན་ཁར་རྒྱལ་མཚན་དང་ཡོན་ཏན་གཉིས་ཀྱིས་ཁོང་གི་རླངས་འཁོར་ནང་བཞག་ནས་འཁྲིད་རྒྱུ་བྱས། དེར་ཡོད་ཀྱི་མི་ཐམས་ཅད་ཀྱིས་རྨས་མའི་བདག་པོ་སུ་ཡིན་རྩད་གཅོད་པ་དང་གཞན་ལ་སྒྲོག་པར་བྱ་རྒྱུ། གཞན་ཡང་རྨས་མ་རང་གིས་ཁ་ལོ་བསྒྱུར་མ་ཐུབ་པས་རྨས་སྐྱོན་ཤོར་བ་ལས་གཞན་ལ་ཁག་འགེལ་བ་དང་གྱོད་ཡ་འཚོལ་མི་རིགས་པའི་གསལ་བཤད་དང་དཔང་པོ་བཟོ་རྒྱུ་བྱས་ནས་རང་རང་གི་དམིགས་པའི་ཡུལ་དེར་བསྙེགས།
རྒྱལ་མཚན་སྤུན་གཉིས་ཀྱིས་ལྷག་བསམ་རྣམ་དག་གི་སྒོ་ནས་རང་གི་བྱ་བ་དོར་ཞིང་མྱུར་བར་རྨས་མ་སྨན་ཁང་དུ་སྐྱེལ། སྨན་ཁང་གི་རྒྱ་རའི་ནང་དུ་འཛུལ་ནས་རླངས་འཁོར་སྒོ་ཡི་ཕྱོགས་སུ་འདུག་པ་དང་ཡོན་ཏན་འཕྲལ་དུ་སྨན་པ་ལ་འབོད་དུ་སོང་། སྨན་ཁང་དེ་ནི་ལམ་ཆེན་གྱི་ཕྱོགས་སུ་བརྩེགས་བཞི་ལས་གྲུབ་པ་ཞིག་ཡིན་པ་དང་ཤོད་ཁང་ཕལ་ཆེ་བ་སྒེར་ཚོང་རྒྱག་མཁན་ལ་ཁང་གླར་བཏང་འདུག སྨན་ཁང་གི་བརྩེགས་གཉིས་པའི་སྐས་མགོར་ཡོད་པའི་ཐོ་འགོད་སའི་ཁང་པ་དེའི་ནང་མི་གཅིག་ཀྱང་མི་འདུག་ལ་གཡས་ཕྱོགས་ཀྱི་ཁང་མིག་བསྟར་པ་བཅུ་ཁ་ཞིག་མགོ་ནས་རྔ་མར་གཏུགས་ཀྱང་སྨན་པ་མ་རྙེད། འགའ་ཞིག་ལ་སྒོ་ལྕགས་བརྒྱབ་པ་དང་། འགའ་ཞིག་གི་སྒོ་ཕྱེ་ནས་སྟོང་པར་བཞག་པ་དང་། ཁང་མིག་གཅིག་གི་ནང་ནད་པ་ཕ་བུ་གཉིས་ཅན་གྱིས་རྩམ་པ་ཟོས་ནས་བསྡད་འདུག་པ་དེ་ལ་སྨན་པ་གང་དུ་ཡོད་མེད་དྲིས། དེས་ཀྱང་ཕལ་ཆེར་གཡོན་ཕྱོགས་ཁང་མིག་བསྟར་པ་འགའ་ཡོད་པ་དེའི་ནང་དུ་ཡོད་དམ། ཡང་ན་རྒྱབ་ཕྱོགས་ཀྱི་ཁང་པའི་ནང་དུ་ཡོད་གསལ་པོར་མ་ངེས་པའི་ལན་བཏབ།
ཡོན་ཏན་རྒྱུག་མ་འདར་གྱི་ངང་སྨན་པ་འཚོལ་བར་གཡོན་ཕྱོགས་ཀྱི་ཁང་སྣེ་དེར་ཕྱིན། ཉིན་དེའི་ལས་རེས་ཁེལ་ཡོད་པའི་སྨན་པའི་གྱོན་ཆས་དཀར་གཙང་རང་འགྲིག་ཏུ་བཀླུབས་པའི་སྐྱེས་པ་གཅིག་དང་བུད་མེད་གཉིས་བཅས་དེར་མཆིས། ཡོན་ཏན་གྱིས“སྨན་པ་ཚོ་ཁ་དྲོ། ལོ་བརྒྱ། སྒོ་ཁ་ན་རྨས་མ་ཚབས་ཆེན་ཞིག་བདག་གིས་ཁྲིད་ཡོད་པས་ད་ལྟ་མྱུར་དུ་སྨན་བལྟ་རོགས”ཞེས་དབུགས་ཐོག་དབུགས་བརྩེགས་ཀྱི་སྒོ་ནས་སྨྲས་མོད། ནང་གི་མི་གསུམ་པོས་དེ་མ་གོ་བའམ་ཡང་ན་མ་གོ་བའི་ཚུལ་བརྫུས་པ་གང་ཤེས། ལན་འདེབས་མཁན་ཅི་ཡང་མ་བྱུང་ལ་ཁོང་གསུམ་པོས་རྒྱ་སྐད་ཀྱི་ཐོག་ནས་ཕན་ཚུན་སྡུག་རབས་མུག་རབས་བཤད་བཞིན་སྣང་། སྐྱེས་པ་དེ་དང་བུད་མེད་གཅིག་ཤོས་དེས་འགྲམ་པ་སྦྱར་ནས་ཁ་པར་ལ་ཅེར་ནས་འདུག་ལ་བུད་མེད་ཁ་ཤུབས་གྱོན་མཁན་དེས་ཤེལ་སྒོའི་ནང་དུ་བལྟས་ནས་གདོང་པ་མཛེས་བཟོ་རུ་འཁོད། ཕལ་ཆེར་སྨིན་མ་ཆ་སྙོམས་སུ་བཟོ་བའམ་མིག་སྤུ་པིར་གྱིས་འབྲི་བ་སོགས་གང་རུང་ཞིག་ལས་བཞིན་ཡོད་པ་འདྲ། ཡོན་ཏན་གྱི་སེམས་སུ་བདག་ལ་མིག་ཟུར་གཅིག་ཀྱང་མི་ལྟ་བ་འདི་ནི་ཅི་ཞིག་ཡིན་ནམ། ད་དུང་ཁོང་ཚོས་རྒྱ་སྐད་མ་གཏོགས་བོད་སྐད་མི་ཤེས་མཁན་ཞིག་ཡིན་ན་ངེད་གཉིས་ལ་དཀའ་ལས་ཆེ་རྒྱུ་རེད་དེ་ཨུ་ཚུགས་མ་རྒྱག་ན་མི་འགྲིག་སྙམ། ཡང་བསྐྱར་ཚར་གཅིག་བཤད། དེ་ནས། ཁ་ཤུབས་གྱོན་མཁན་དེས་སྨིན་མཚམས་སུ་ཁྲོ་གཉེར་བསྡུས་ནས་རྒྱ་སྐད་ཀྱི་ཐོག་ནས“ ནིས་སོའོ་སག་ཙི ཨོ་མན་ཡུས་ཏན་མེས་ཁོང་ཏེན་ཡུས་ཧྥར་ཇུག་ལེ་པཱ”
ཡོན་ཏན་གྱིས་རྒྱ་སྐད་ཡག་པོ་མི་གོ་བས“ཁ་དྲོ་ད་ལྟ་འགྲོ་རོགས། ནད་པ་ཚབས་ཆེན་ཡིན་”ཞེས་སྨྲས། ཡང་བུད་མེད་དེས“ནིས་སོའོ་སག་ཙི་ཨོ་ཐིན་པུ་དོང”ཞེས་སྐད་མགོ་ཇེ་མཐོ་རུ་སོང་། ཡོན་ཏན་གྱིས་ཨུ་ཚུགས་ཀྱིས་ངང་ནས། ཁ་དྲོ། ངས་རྒྱ་སྐད་བཤད་མི་ཤེས། རེད་དེ་ནད་པ་ཚབས་ཆེན་ཞིག་ཡོད། མགྱོགས་པོར་མ་བྱས་ན་འཆི་རྒྱུ་རེད་ཅེས་བསྐྱར་ཟློས་བྱས། བུད་མེད་དེ་ཡིས་མགོ་བོ་འཕྲེད་དུ་གཡུག་ནས“ཐིན་པུ་དོང”ཟེར། ཡོན་ཏན་སྡུག་ཐུག་ནས་རྒྱ་སྐད་ཆ་ལེ་ཆོ་ལེ་ཞིག་རྡོ་ཆག་བཙན་སྒྲིག་ཏུ་བྱས་པ་འདི་ལྟར“ཨོ་ལར་ཡོད་པིན་རན ནིས་ཏིས་ཁན་ཡུས་ཧོ ཤེ་ཤེ” ཟེར་ནས་མཐེ་བོང་བསླངས། ཁོ་ཚོས་ཁྲེལ་དགོད་ཅིག་བྱས་པ་དང་ཁ་ཤུབས་གྱོན་མཁན་དེས་རྒྱ་སྐད་ཀྱི་ཐོག་ནས་སྡུག་སྨྲེ་འགའ་འདོན་བཞིན་དུ་གཞན་གཉིས་ལ་ཡང་འགྲོ་བར་བསྐུལ། སྨན་པ་གསུམ་པོ་ལ་སྡུག་གཉེར་ཐོད་དུ་བབས་ཤིང་གོམ་ཁ་ལྗིད་ཏིག་ཏིག་གི་ངང་འདོད་ལ་མ་འདོད་པའི་ཚུལ་དུ་ཡོན་ཏན་གྱི་རྗེས་སུ་འབྲང་། ཡོན་ཏན་གྱི་སེམས་སུ་སྨན་པ་ཁ་ཤུབས་གྱོན་མཁན་དེ་ནི་གདོང་གི་བྱད་གཟུགས་དང་ལུས་ཀྱི་ཆགས་དབྱིབས་སོགས་དབང་ཕྱུག་ཚང་གི་མི་རྒྱུད་དང་འདྲའོ་སྙམ་བཞིན་གོམ་ཞེང་ཆེ་ལ་མྱུར་སྟབས་ཀྱིས་ཁང་ཞབས་སུ་ཐོན་ཡང་སྨན་པ་བུད་མེད་གཉིས་ནི་སྐས་མགོ་ནས་གཟོད་བབ་བཞིན་ཡོད་པ་དང་། ཁ་པར་ནང་དུ་བལྟས་ནས་ཡུད་ཙམ་ལ་འགྲོ་མཚམས་བཞག་པ་དང་། ཡོང་ན་ཡང་རྒྱ་མོ་བྱིའུ་རྐང་མའི་འགྲོ་སྟངས་བཞིན་གོམ་པ་དལ་མོའི་ངང་ལྷམ་གྱི་ཕྱི་རྟིང་གི་སྒྲ་སྟེ“ཀཱ ཀཱ” ཞེས་ཧ་ཅང་ལྗིད་པའི་ངང་རྡོག་རེ་གཉིས་རེས་དུས་ཚོད་ཕྱིར་འགྱངས་སུ་གཏོང་བ་དང་གཉིས་སུ་མ་མཆིས། སྨན་པས་མགྱོགས་པོར་མ་བྱས་ན་རྒྱལ་མཚན་དང་ཡོན་ཏན་གཉིས་ནི་འཚབ་འཚུབ་བྱས་ཀྱང་ཅི་ལ་ཕན།
རླངས་འཁོར་ནང་ནས་རྨས་མ་ཚུར་ཉལ་ཁྲི་འཁོར་ལོ་ཅན་གྱི་སྟེང་དུ་བཞག་ནས་མྱུར་སྐྱོབ་ཁང་དུ་ཁྲིད།ཆུ་ཚོད་ཕྱེད་ཙམ་འགོར་སོང་།རྨས་མ་སྐོར་གྱི་སྐད་ཆ་གང་ཡང་མི་འདུག རྒྱལ་མཚན་དང་ཡོན་ཏན་གཉིས་ནི་སྨན་ཁང་གི་སྒོ་འགྲམ་དུ་སྤྲང་པོས་ཟས་སློང་བ་ལྟར་ཡར་འགྲོ་མར་འགྲོའི་མི་རྣམས་ལ་ཅེར་ནས་ཁ་ཏོན་ཅི་ཞིག་ཡིན་མི་ཤེས་པ་ཞིག་འདོན། ལག་གི་ཕྲེང་རྡོག་རེ་རེ་བཞིན་དེད་པ་ཡང་རྨས་མ་དྲག་སྐྱེད་ཡོང་བའམ་ཡང་ན་འཆི་བདག་གི་ཡུལ་དུ་འགྲོ་བའི་དུས་ཀྱི་སྐད་ཅིག་མ་རེ་རེ་བགྲང་བ་དང་མཚུངས། ཁོང་གཉིས་ཀྱིས་བདག་པོ་མ་ཐོན་བར་དུ་རྨས་མ་བསྐྱུར་ཐབས་མེད་པས་མི་སྒུག་ཁ་མེད་ཡིན་ལ་གཅིག་ནས་ནད་པ་མྱུར་དུ་ཡག་ཉེས་ཅི་ཞིག་གི་ཚད་ལ་ལྷུང་ཡོང་སྙམ་པ་དང་། གཉིས་ནས་དགོན་པའི་འཆམ་ལ་མཇལ་རྒྱུའི་འདུན་པ་འགོག་མེད་དུ་སྐྱེ་བ་དང་རྣ་ལམ་དུ་རྔ་སིལ་རག་དུང་གི་སྒྲ་འདྲ་བ་བསྟུད་མར་གྲག་ཡོང་། ད་ཅིའི་སྨན་པ་ཁ་ཤུབས་ཅན་གྱི་བུད་མེད་དེ་སྒོར་སླེབས་སོང་། སྨན་པ་དེས་ཡོན་ཏན་གྱི་ངོ་ལ་བལྟས་ཏེ་རྒྱ་སྐད་མང་པོ་ཞིག་བཤད་མཐར་ཤོག་ལྷེ་གཅིག་གི་སྟེང་དུ་རྒྱ་ཡིག་ཆེ་ཆུང་འདྲ་མིན་དང་རེའུ་མིག་ཐིག་ཕྲེང་འགའ་ཡོད་པའི་གཤམ་གྱི་བར་སྟོང་ཅུང་ཟད་ཡོད་པ་དེར་མཛུབ་མོས་བརྡ་བྱས་ནས“ཙི་ལིས་ཆན་གི་མིང་མཱ” ཟེར། ཡོན་ཏན་དང་རྒྱལ་མཚན་གཉིས་ཀྱིས་བུད་མེད་དེས་ཅི་བཤད་དོན་མ་གོ་བར་ཕན་ཚུན་གཅིག་གིས་གཅིག་ལ་བལྟས་ནས། “འདི་ཡིས་ཅི་ཟེར་སོང་། ”“ ཧ་མ་གོ། ” བུད་མེད་དེས་ཡང་བསྐྱར་ངར་ངར་རྫིག་རྫིག་གི་སྒོ་ནས་སྐད་ཆ་མང་པོ་བཤད་ཀྱང་ཁོང་གཉིས་ཀྱིས་དེ་ལས་ཀྱང་མི་གོ་བར་གྱུར། རྒྱལ་མཚན་གྱིས“ཕལ་ཆེར་འུ་གཉིས་་མིང་ཡི་གེར་བྲི་དགོས་ཟེར་བ་དང་འདྲ། འུ་གཉིས་ཀྱིས་རྒྱ་ཡིག་ནི་བྲི་མི་ཤེས། བོད་ཡིག་བྲིས་ན་ནི་གོ་ཆོད་རྒྱུ་མ་རེད་དེ་ཚོད་ལྟ་ཞིག་བྱ་དགོས་”ཟེར་ནས་སྦོམ་ལ་འཁྱོག་ཅིང་སེར་ཤ་ཅུང་ཟད་གོག་ཡོད་པའི་མཐེ་བོང་དང་གོང་འཛུབ་བར་དུ་བྲི་སྨྱུག་བཟུང་ནས་འདར་སིག་སིག་ངང་ཤོག་བུའི་སྟེང་དུ་དབུ་ཅན“རྒྱལ་མཚན ”ཞེས་པ་ཆེན་པོ་ཞིག་བྲིས། སྨན་པ་གཞོན་ནུ་མ་དེས་མཐོང་འཕྲལ་གདོན་གྱིས་བརླམས་ཤིང་གསོན་འདྲེ་ཁོག་ཏུ་ཞུགས་པ་ལྟར་རྒྱ་སྐད་ཀྱིས“ཙི་སི་སུ་མུ་ཙུ།ཤང་པ་ལོབ།ཤེ་ཀྲུང་བེན་མ། པུའུ་ཤེས་ཤེ་ནན་ཅིས་པཱ་ཙ”ཟེར་ནས་ཁྲོ་ཞིང་གཏུམ་ལ་བཞིན་མི་སྡུག་པར་གྱུར་པས་མིག་རྩ་དམར་པོར་གྱུར་པ་ལས་གློ་བུར་དུ་ཁྲག་གི་མཚོ་མོ་བརྡོལ་མི་ཡོང་ངམ་སྙམ་པ་ཞིག་ཏུ་སྣང་།
“ ད་དེ་རེད། རྒྱ་ཡིག་ནི་མི་ཤེས། རྒྱ་སྐད་ནི་མི་གོ འབྲི་མི་རུང་བའི་བོད་ཡིག་འཁྱ་གེ་འཁྱོག་གེ་ཞིག་བྲིས་ནས་ད་དཔེ་བསགས་སོང”ཟེར་ནས་སྨན་པ་ལ“ ཏེ་པུ་ཆིས” ཚར་དྲུག་བདུན་ཞིག་སྐྱོར། རྒྱལ་མཚན་གྱིས“དེ་རིང་འདི་ན་ངོ་ཤེས་རེ་ཐུག་རྒྱུ་ཕལ་ཆེར་ཡོད་རྒྱུ་མ་རེད། ད་རྒྱ་སྐད་ཤེས་མཁན་ཞིག་ག་རེ་ཞེས་བསམ་བློ་བཏང་ནས། འོ་ཆོས་སྐྱབས་ལ་ཁ་པར་ཐོངས་དང་དེ་རིང་འདི་ན་ཡོད་ཤས་ཆེ། ” བུད་མེད་དེས་ད་དུང་རྐང་འཁྲབ་ལག་གཡུག་བྱས་ནས་མང་པོ་བཤད་ཀྱང་རྒྱལ་མཚན་དང་ཡོན་ཏན་གཉིས་ཀྱིས “ཏེ་པུ་ཆིས ”ངེད་གཉིས་ཀྱིས་ངོ་མ་རྒྱ་སྐད་མི་གོ སྨན་པ་ཞི་མོ་ལོ་ལོ། རྒྱ་སྐད་ཤེས་ནི་མ་རེད་ཅེས་ལུས་སྒུར་སྒུར་དང་གཉའ་ཞུམ་ཞུམ་བྱས་ནས་བཤད། ཕན་ཚུན་ལ་གོ་བརྡ་མི་འཕྲོད་པར་ཅི་ལས་འདི་ལས་མེད་པའི་སྐབས་དེར་བོད་ཆས་གྱོན་པའི་ཕོ་སར་ཞིག་དང་། ལས་བྱེད་པའི་ཚུགས་ཀ་ཡོད་པའི་དར་ཡོལ་ཞིག རྒྱལ་མཚན་དང་ན་ཚོད་མཉམ་པ་ཞིག་བཅས་སླེབས། “རྨས་མ་གང་ན་འདུག ཅི་འདྲ་རེད་སོང་། ” ཡོན་ཏན་གྱིས“རྨས་མ་ནང་དུ་ཡོད། སྨན་པས་རྨ་ལས་བྱེད་པའི་སྒང་རེད”ཅེས་སྨྲས། “ འོ་ཁྱོད་གཉིས་རྨས་མ་སྨན་ཁང་དུ་ཁྲིད་མཁན་གཉིས་ཀ་ཡིན་ནམ། ཁ་དྲོ་བཀའ་དྲིན་ཆེ། ” “དེ་འདྲ་ཟེར་དགོས་ནི་མ་རེད། རྨས་མ་ནང་དུ་ཁྲིད་ནས་ཆུ་ཚོད་ཕྱེད་ལྷག་འགོར་སོང་། ཅི་རེད་ཡོད་ཧ་མ་གོ སྨན་པ་འདི་ཡིས་རྒྱ་སྐད་ཀྱི་ཐོག་ནས་མང་པོ་ཞིག་བཤད་ཀྱང་ངེད་གཉིས་ཀྱིས་ཕྱོགས་ཙམ་ཞིག་ཀྱང་མ་གོ ད་ཁྱེད་ཚོས་རྒྱ་སྐད་ཤེས་རྒྱུ་རེད། སྨན་པ་འདི་ལ་དྲིས་དང་། ” སྨན་པ་བུ་མོ་དེ་ལ་དར་ཡོལ་དེས་རྒྱ་སྐད་ཀྱིས་དྲིས། སྨན་པ་གཞོན་ནུ་མ་དེས་དར་ཡོལ་དེ་ལ་བལྟ་ཙམ་བྱས་ནས་སྐྲག་པའི་ཚུལ་གྱིས་མྱུར་བར་ཁ་ཤུབས་ཕུད་དེ“ཅུས་ཀྲང་སྐལ་བཟང་། ཁྱོད་ཐོན་ཡོད་དམ”ཞེས་བོད་སྐད་ཀྱིས་སྨྲས་པ་དང་མོས་བཤད་རྒྱུར། “ནད་པ་དེའི་མགོ་དང་བྲང་ཁ་ན་རྨ་ཆེ་ཙམ་ཞིག་གཏོད་འདུག ང་ཚོས “ཧྲང་ཁོའུ”གཙང་མ་བྱས་ཏེ་མྱུར་བར་དྲུབ་བསམ་ཡང་། “ པིས་ཙོབ” དང་“ཀྲོའོ་ཀང” གང་རུང་གིས་ཀླད་རུས་དང་ཁོག་པའི་གནད་ཆེ་ས་ལ་གནོད་པ་ཨེ་ཡོད“ ཅན་ཚཱ” བཟོ་འདོད་བྱུང་། དེའི་ཕྱིར་མི་འདི་གཉིས་ལ་ང་ཚོས་སྲོག་ལ“ ཧོས་ཙི” བྱེད་མི་ཐུབ་པ་དང་སྨན་བཅོས་བྱེད་ན་འཐུས་མིན་གྱི“ཆན་མིང་” བྱེད་དུ་བཅུག་པ་ཡིན། འདི་གཉིས་ཀྱིས་དོན་མ་གོ་ཞིང“ཆན་མིང”བྱེད་མ་ཤེས་ནས་ལུས་པ་རེད”ཅེས་བཤད། ཨ་ཨ་ཨ། ཡོན་ཏན་དང་རྒྱལ་མཚན་གཉིས་ཧ་ལས་ཧ་སང་གི་སྒོ་ནས“སྨན་པ་འདི་ནི་ས་གནས་འདི་གའི་བོད་པ་ཞིག་རེད་འདུག་ཨང”ཟེར། ཅུས་ཀྲང་སྐལ་བཟང་གིས“འདི་ཚོ་བོད་པ་རེད”ཟེར། “ཡ་མཚོ་མོ། ཁྱེད་ཚོས་འགན་ཁུར་ཐུབ་པ་ཕོགས་ལེན་རྒྱུ་མ་གཏོགས་མེད་པ་ཨེ་རེད། ནད་པ་སྨན་ཁང་དུ་ཐོན་ནས་དུས་ཚོད་འདི་འདྲ་ཞིག་འགོར་འདུག ད་དུང་སྨན་བཅོས་བྱེད་མ་ཐུབ་པར་ལྷག་པ་འདི་ནད་པ་གསོན་རྒྱུའི་རེ་བ་བཅང་ཡོད་དམ་ཤི་སྒུག་བྱེད་པ་ཡིན། རྒྱ་སྐད་མི་ཤེས་པའི་མི་གཉིས་ཀྱི་སྟེང་དུ་ཤོམ་ཕུད་ནས་འདུག་རྒྱུ་ཨེ་ཡིན”ཞེས་གཤེ་གཤེ་ཚ་ཐག་ཆོད་ཅིག་བཏང་སོང་། མཚོ་མོ་ཟེར་བའི་སྨན་པ་དེས“མགོ་བོ་དུད་དེ་ཡ་ཡ། ད་ལས་ཡོང”ཟེར་ནས་འཕྲལ་དུ་སྨན་ཁང་དུ་འཛུལ། ད་ཅིའི་སྐས་མགོ་ནས་བབ་འདོད་ལ་མི་འདོད་པའི་བུ་མོ་སོགས་སྨན་པ་ཁག་གཅིག་སྒྱིད་ཁུག་ན་མདུད་པ་རྒྱག་མི་ཆོག་གམ་སྙམ་པ་ཞིག་ཏུ་བདེ་མྱུར་དུ་སོང་། ཚུལ་དེ་མཐོང་ན། དལ་འགུལ་བརྙན་རིས་ལ་གློ་བུར་དུ་རྒྱང་འཛིན་ནས་བྲེལ་ལྡོག་བྱེད་པ་དང་སྒོ་ཀུན་ནས་མཚུངས་ཤིང་དཀར་གསལ་བཞིན་གྱི་དཀྱིལ་འཁོར་མཛེས་པར་བྱེད་པའི་ཁྲ་ཆུང་རི་དྭགས་ཀྱི་མིག་ཅན་ལ་སྨིན་མ་ནག་པོར་བཏང་ཞིང་རྫི་མ་གྱེན་དུ་བཏེགས་པ་དང་། མཆུ་སྒྲོས་པད་མའི་འདབ་མ་ལ་རྩི་བྱུག་པས་བིམ་པ་ལྟར་དམར་པོར་བཟོས་པ་སོགས་ནི་གང་ཟག་དེ་ཞི་དུལ་བག་ཕེབས་ངང་རྒྱུ་དུས་མཛེས་པ་བསྐྱེད་པའི་རྐྱེན་དུ་འགྱུར་ཡང་འཇིགས་སྐྲག་དངངས་འཚབ་ཀྱི་དབང་དུ་གྱུར་པ་ལ་ནི་མི་སྡུག་པའི་ཉམས་གསལ་བར་བཏོན་ཅིང་ཚོན་དང་རི་མོའི་གོ་རིམ་འཁྲུག་པའི་བྱིས་པས་རི་མོ་བྲིས་པ་དང་མཚུངས།
ཅུས་ཀྲང་སྐལ་བཟང་གིས་ཡོན་ཏན་ལ“དྲིན་ཆེན་ཁྱེད་ཚོ་གང་གི་ཡིན། དེ་རིང་ཁྱེད་གཉིས་མེད་ན་ངེད་ཀྱི་གཅུང་པོ་དེ་ཤི་ཡོད་ཤས་ཆེ། ཁ་དྲོ། བཀའ་དྲིན་ཆེ”ཟེར་ནས་ལག་གསིག་བྱས། ཡོན་ཏན་གྱིས་ཁོང་གཉིས་སྐྱ་རི་གྲོང་གི་ཡིན་པ་དང་སྔ་དྲོ་དེའི་བརྒྱུད་རིམ་དང་སྨན་ཁང་དུ་རྒྱ་སྐད་མ་ཤེས་པའི་དཀའ་ངལ། སྨན་པ་ཚོས་མགྱོགས་པོར་ལྟ་རོགས་མ་བྱས་པའི་སྡུག་བསྔལ་རྣམས་ལྷག་ལུས་མེད་པར་དབུགས་ཐོག་གཅིག་གིས་ཅུས་ཀྲང་ལ་སྙན་ཞུ་བྱས་ཏེ་ད་གཟོད་ལྗིད་ཅིང་ཆེ་བའི་ཁུར་པོ་ཞིག་འཕྲལ་དུ་ས་ལ་གཡུག་ཐུབ་ཡོད་པའི་སྣང་བ་སྐྱེས། གནས་ཚུལ་རྣམས་ཅུས་ཀྲང་སྐལ་བཟང་གི་རྣ་བའི་བུ་གར་སོན་མ་ཐག་ཏུ་ཨ་རག་གིས་ཁ་ལོ་བསྒྱུར་བའི་ཆང་རྒྱགས་མ་བཞིན་དུ་གདོང་གི་ཚུགས་ཀ་དང་ཡན་ལག་གི་ཡལ་ག་རྣམས་དྲག་རླུང་གིས་སྐྱོམས་པ་ལྟར་དུ་གྱུར། ཁ་ནས“གཟའ་རོ་མ་འདི་ཚོ།……ནད་ངན་དགུ་ཡིས་མནར་རྒྱུ་འདི་ཚོ། ལས་བྱེད་ཅིག་རེག་དུས་གནམ་ལ་འཕུར་རྒྱུའི་སྟོང་བསམ་སྐྱེ་བཞིན་ཡོད་པ་རེད། ག་ལེར་ལྟོས་དང་ཤེས། བོང་བུ་ཉལ་སྟངས་བཅོ་བརྒྱད་ཡོད་ན་ཚོང་པར་སློང་སྟངས་བཅུ་དགུ་ཡོད།” ཟེར་ནས་ཕར་འགྲོ་ཚུར་འགྲོ་ཐེངས་འགའ་བྱས། ཡོན་ཏན་གྱིས་ཅུས་ཀྲང་ཞེས་འབོད་པའི་དར་ཡོལ་འདི་ནི་སྨན་ཁང་ལ་ཐད་ཀར་བཀའ་བཀོད་གནང་ཆོག་པའི་མི་ཞིག་ཡིན་ཚེ་དེ་རིང་གི་སྨན་པ་འདི་ཚོ་ལ་བཟོ་ལྟ་གཅིག་སྤྲད་པར་གདོན་མི་ཟ་བས་ངའི་ཁ་ངན་འདི་ཡིས་ཕུངས་སོང་། ཅི་ཡིན་ན་སྐད་ཆ་ཤོར་བ་ལ་ཚུར་ཤོག་ཟེར་རྒྱུ་མེད་སྙམ། སྨན་པ་དེ་ཚོ་ལ་བལྟས་ན་གཤིན་རྗེ་ཆོས་རྒྱལ་ལས་བཙན་པའི་ཅུས་ཀྲང་སྐལ་བཟང་གིས་དངོས་སུའམ་ཡང་ན་ཨ་བ་གླང་མགོ་ཅན་སོགས་བརྒྱུད་ནས་ཉེས་ཅན་གྱི་སྨན་པ་དེ་ཚོར་ཁྲིམས་ཐག་ནན་མོ་གཅོད་རྒྱུའི་རྣམ་འགྱུར་དང་བཅས“ཏག་ཏག་རེད། མཚོ་མོ་ཡང་སྐྱ་རི་གྲོང་གི་རེད་མོད། ཁྱེད་ཚོའི་ཁྱིམ་མཚེས་ཡིན་རྒྱུ་རེད། ཅི་ཞིག་ལ་ཁྱེད་གཉིས་ངོ་མ་ཤེས་པ་ཡིན་རྒྱུ་རེད། རྒྱགས་རོ་མ་འདི་ཚོ……ཡོན་ཏན་དང་རྒྱལ་མཚན་གཉིས་ཀྱིས་ཧ་ལས་པའི་རྣམ་འགྱུར་དང་བཅས་མགྲིན་གཅིག་ཏུ་ཨ་……“དབང་ཕྱུག་ཚང་གི་མཚོ་མོ་ཨེ་རེད།” “རེད།” “ཉི་མ་ལྷ་ས། ཞེ་དེ་ལ་མ་དྲན། ཕལ་ཆེར་ངེད་གཉིས་ངོ་ཤེས་རྒྱུ་རེད་ཡ། ལོ་ཆུང་ཚོ་འཚར་ནས་འགྱུར་བ་ཆེན་པོ་འགྲོ་རྒྱུ་ཆོས་ཉིད་ཅིག་རེད་ལ་ངེད་གཉིས་དེ་ཙམ་འགྱུར་བ་སོང་ཨེ་ཡོད་ན། ངོ་མི་ཤེས་པ་འདི་ཡ་མཚན། དེ་ཡང་ཁག་ཡོད་རྒྱུ་མ་རེད། ལོ་ཆུང་ལས་བྱེད་པ་ཉམས་ཆེན་ཚོའི་མིག་འོག་ན་ཞིང་པ་ངེད་གཉིས་ཐོགས་རྒྱུ་མ་རེད།”
ཅུས་ཀྲང་སྐལ་བཟང་གིས་ཨ་རྒྱ་འོད་ཟེར་ཞེས་འབོད་ཡུལ་གྱི་མི་དེས་ནད་པ་འདི་ནས་བཞག་ན་ཤི་སྒུག་བཟོ་བྱེད་ཅིག་རེད། རྨས་དཀྲིས་དང་བཟི་སྨན་བརྒྱབ་ནས་མྱུར་དུ་ཁུལ་སྨན་ཁང་དུ་ཁྲིད་ན་དེ་བས་མི་དགའ་འམ་ཞེས་གྲོས་གཞི་བཏོན། སྦ་སྦ་ཞེས་པའི་ཕོ་སར་བོད་ཆས་ཅན་དེ་དང་ཅུས་ཀྲང་སྐལ་བཟང་གིས་སྨན་པ་ཚོར་ནད་པ་ཁུལ་སྨན་ཁང་དུ་འཁྲིད་དགོས་ལུགས་བརྗོད་དེ་སྨན་པས་ཁྲག་གཅོད་དང་རྨ་དཀྲིས་གང་ལེགས་བྱས་ཏེ་ཁུལ་སྨན་ཁང་དུ་འགྲོ་རྒྱུའི་མོས་མཐུན་བྱུང་། སྨན་པ་ཚོས་འཁྲུག་ཆ་དོད་པོའི་ངང་ནས་ཡར་རྒྱུག་མར་རྒྱུག་བྱེད་བཞིན་ཅུས་ཀྲང་སྐལ་བཟང་གི་མདུན་དུ་ནག་ཉེས་ཁས་ལེན་པའམ་མཚམས་འདྲི་ཞུ་བའི་དོད་དུ“ཅུས་ཀྲང” “ཅུས་ཀྲང”ཟེར་ནས་མགོ་བོ་དུད་ཙམ་རེ་བྱས། ལུས་ཀྱི་ཟུངས་ཟད་དེ་འཆི་ལ་ཁད་དུ་གྱུར་པའི་ནད་པ་ཉམས་ཐག་དང་འདྲ་བའི་སྨན་ཁང་དང་སྨན་པ་ཚོའི་ལུས་ལ་ཅུས་ཀྲང་ཞེས་པའི་དཔོན་པོ་དེ་ཡི་གཟི་བརྗིད་ཀྱིས་ད་ལྟ་སྲོག་དབང་རྣམ་ཤེས་གསར་དུ་འགུག་པ་དང་གཉིས་སུ་མེད་ལ་རྒྱུག་རྒྱུག་འདར་འདར་གྱི་ངང་ནས་བུད་མེད་དག་གི་ལྷམ་གྱི་རྟིང་གི་ཕྱི་སྒྲ་ཡང་མི་གསལ་བའི་ངོ་བོར་བཏང་། འདི་ནི་ཅུས་ཀྲང་ལ་ཆེས་བརྩི་མཐོང་ངོ་ཆེན་བྱས་པའི་སྨན་ཁང་གིས་ནད་པ་མྱུར་སྐྱོབ་བྱེད་པའི་རང་བཞིན་དང་ཚད་མཐོ་བའི་རྣམ་འགྱུར་ཞིག་སྟེ། འོན་ཀྱང་། རྒྱ་སྐད་རྒྱག་མི་ཤེས་པའི་མི་མང་དཀྱུས་མ་ཞིག་གི་ངོ་སོ་ཁྱེར་ནས་འདིར་ཡོང་ན་ནད་པ་མང་པོ་ཞིག་དུས་མ་ཡིན་པའི་འཆི་བའི་ལམ་དུ་བརྫངས་པར་ཐེ་ཚོམ་མེད། ངོ་མ་ཡུལ་མི་དཀྱུས་མ་དག་སྙིང་རེ་རྗེ། སྒོ་ཤར་སེ་ཕྱེ་སོང་། རྨས་མ་ཉལ་ཁྲི་འཁོར་ལོ་ཅན་གྱི་སྟེང་དུ་བཞག་ནས་ས་གཞན་དུ་སྤོ་རྒྱུའི་གྲ་སྒྲིག་ཚགས་ཚུད་པར་བྱས་ནས་འགྲོ་ཆོག་ཏུ་གྱུར། མཚོ་མོ་དང་མཉམ་དུ་ཡོད་པའི་སྨན་པ་ཕོ་སར་མོ་སར་གཉིས་དང་མཚོ་མོ་བཅས་ཅུས་ཀྲང་གི་མདུན་དུ་ཡོང་སྟེ“ད་འགྲོ་ཆོག་ཆོག་ཏུ་བཟོས་ཡོད”ཟེར། ཡོན་ཏན་དང་རྒྱལ་མཚན་གཉིས་ཀྱིས་ཡང་ཁོང་ཚོས་བོད་སྐད་བཤད་པ་ལ་ཧ་ལས། ཅུས་ཀྲང་སྐལ་བཟང་གིས“མཚོ་མོ་ལ་ཨ་ཁུ་འདི་གཉིས་ངོ་མི་ཤེས་སམ”ཞེས་སྨྲས། མཚོ་མོས་ཡོན་ཏན་དང་རྒྱལ་མཚན་གཉིས་ཀྱི་གདོང་ལ་བལྟ་ཙམ་བྱས་ནས“ཨ་ཁུ་ཡོན་ཏན་དང་ཨ་ཁུ་རྒྱལ་མཚན་གཉིས་རེད་འདུག་ཨང་། ངོ་ཤེས་ཀྱི་ཡོད”ཅེས་དོགས་མི་བདེ་བའི་ངང་ནས་ལྷོད་པོར་སྨྲས། འདི་ཡང་ཅུས་ཀྲང་གི་བཀའ་བརྩིས་ནས་ངོ་ཤེས་པ་མ་གཏོགས་ཅུས་ཀྲང་མེད་ན་གཏན་ནས་ངོ་ཤེས་ཐུབ་རྒྱུ་མ་རེད་ལ་ངོ་ཤེས་འདོད་ཀྱང་ཡོད་རེ་སྐན། ཅུས་ཀྲང་གིས“ཨོ་དེ་རེད”ཅེས་སྨྲས་ནས་རླངས་འཁོར་དུ་བསྡད་པ་དང་ཤེལ་སྒོ་མར་ཅུང་ཟད་དེད་དེ་ཡོན་ཏན་དང་རྒྱལ་མཚན་གཉིས་ལ“ཁྱེད་གཉིས་ཀྱི་དྲིན་ལན་མི་བརྗེད། ང་ཚོ་ཡར་ཐོན་དུས་ཁྱེད་གཉིས་འཚོལ་བར་ཡོང་རྒྱུ” ཡིན་ཞེས་བཤད་དེ་ཁུལ་སྨན་ཁང་གི་ཕྱོགས་སུ་ཁ་ལོ་བསྒྱུར་རོ། ། ཤུལ་དུ་ལུས་པའི་སྨན་པ་རྣམས་དང་ཡོན་ཏན་དང་རྒྱལ་མཚན་བཅས་ཀྱིས་ཅུས་ཀྲང་གི་རླངས་འཁོར་ལ་མིག་སྐྱེལ་རིང་ཙམ་བྱས། སྨན་པ་རྣམས་ནི་དབུགས་འཚབ་བཏང་བ་ལས་ཐར་པ་ལྟར་དངན་པ་རིང་པོ་ཞིག་འཐེན་ཞིང་ཕན་ཚུན་ལ་དོགས་མི་བདེ་བའི་རྣམ་པ་དང་བཅས་འཛུམ་ཙམ་རེ་བྱས་པ་དང་། མཚོ་མོ་ཡིས“ཨ་ཁུ་གཉིས་ཀ་ནང་ལ་ཇ་འཐུང་དུ་འགྲོ་ཟེར”ཟེར། ཡོན་ཏན་ཁོང་གཉིས་ཀྱིས“ད་ཇ་འཐུང་ཁོམ་མེད། མགྱོགས་པོར་དབྱར་ཆོས་མཇལ་བར་འགྲོ་དགོས”ཞེས་རླངས་འཁོར་དུ་བསྡད། འདས་པའི་ལོ་བཅུ་ཁ་ཞིག་གི་སྔོན་དུ། མཚོ་མོ་སློབ་ཆུང་འགྲིམ་སྐབས་ཡོན་ཏན་དང་རྒྱལ་མཚན་གཉིས་ཀྱིས་ཕན་ཆེན་པོ་བཏགས་མྱོང་སྟེ། གྲོང་རྡལ་གྱི་འགྲམ་དུ་གསེར་རྐོ་བཞིན་པའི་ཡོན་ཏན་དང་རྒྱལ་མཚན་སོགས་ཀྱིས་ཉིན་མ་རེ་རེ་བཞིན་མཚོ་མོ་རྟ་དང་ལྕགས་རྟའི་འཕོངས་ལ་བཞག་ནས་ཕལ་ཆེར་ལོ་གཉིས་ཙམ་ལ་སྔ་དྲོ་སྐྱ་རི་གྲོང་ནས་གྲོང་རྡལ་སློབ་ཆུང་བར་དང་ཕྱི་དྲོ་གྲོང་རྡལ་ནས་སྐྱ་རི་གྲོང་བར་སྐྱེལ་བཞིན་ཡོད་པ་དང་། སློབ་མ་ཁ་ཅིག་གིས་ཚུལ་དེར་མཐོང་བས་མཚོ་མོ་ལ་དོན་ངོ་མ་ཁྱོད་ལ་ཨ་ཕ་དུ་ཡོད་ཅེས་དྲི་བ་ཡང་བཏང་མྱོང་ཡོད། ཨ་ཕ་དངོས་མ་ཡིན་ཞིང་ཤ་ཁྲག་གི་འབྲེལ་བ་ཡང་མེད་པའི་ཁྱིམ་མཚེས་མི་གཉིས་ཀྱིས་རང་གི་བུ་ཕྲུག་ལྟར་གཅེས་ཤིང་བསྐྱངས་པའི་མཚོ་མོ་སློབ་འབྲིང་ལ་ཐོན་པའི་ལོ་གཉིས་པར་ཁོང་ཚོ་རྫོང་ཐོག་ཏུ་གནས་སྤོ་བྱས་པ་རེད། དེ་ནས་བཟུང་མཚོ་མོ་ཡོན་ཏན་དང་རྒྱལ་མཚན་གཉིས་ཀྱི་མཐོང་ལམ་ནས་འཇའ་ཡལ་བར་ལྟར་གྱུར་ཅིང་སློབ་གྲྭ་གང་ཞིག་འགྲིམ་པ་དང་ལས་བྱེད་ཅི་ལྟར་ཆགས་པའི་ཚུལ་ལ་ཆ་རྒྱུས་མེད། གནས་ཚུལ་འདིའི་འགོ་མཇུག་བར་གསུམ་སྐྱ་རི་གྲོང་དང་ཉེ་འཁོར་གྱི་གྲོང་པ་མང་པོ་ཞིག་ལ་གསར་འགྱུར་ལྟར་ཁྱབ། དགོན་པའི་སྐོར་ལམ་ནས་དཔྱད་བརྗོད་པ་ཁ་ཅིག་གིས་ཟེར་ན། “མཚོ་མོ་ཡིས་ཡོན་ཏན་དང་རྒྱལ་མཚན་གཉིས་ངོ་མ་ཤེས་ནའང་མི་འགྲིག་པ་མེད་ལ་ཁོང་གཉིས་ཀྱིས་རྒྱ་སྐད་ཡག་པོ་མི་ཤེས་པ་གོ་བཞིན་དུ་རྒྱ་སྐད་ཀྱི་ཐོག་ནས་རྫིག་ངོམ་བྱེད་པ་ནི་མ་རབས་ཀྱི་སྤྱོད་པ་རེད། ཨ་ལ་ལ་ལ་་་ མི་ཟེར་བ་དེ་འགྱུར་ལྡོག་འགྲོ་སླ་མོ་རེད”ཟེར། ཡང་ཁ་ཅིག་གིས། “ལས་ཁུངས་ནང་ནས་བོད་སྐད་བཤད་མི་ཆོག་ནི་ཨེ་ཡིན་ན། ” “ ཕལ་ཆེར་ཡིན་རྒྱུ་མ་རེད། ” མང་ཚོགས་དཀྱུས་མ་འགས་མོས་མཐུན་ཡོད་པའི་རྣམ་འགྱུར་དུ་མགོ་བོ་ལྡེམ་ལྡེམ་བྱས་ཤིང་ལས་བྱེད་པ་དང་སློབ་མ་ཅི་ཡིན་ཆ་མ་འཚལ་བ་འགའ་ཞིག་གིས་ཅུང་མི་མངོན་པའི་ཁྲེལ་དགོད་ཅིག་བྱེད་པ་ལ་བལྟས་ན་འཐད་པ་བྱུང་མེད་པ་འདྲའོ།།།།
རྩོམ་གསར། 10