འཚོ་ བའི་ བྲོ་ རྫས།

མོག་ཆུང་ཕུར་ཁོ།        2010-08-25

ཕྱི་དྲོར་ལས་ཁུངས་གྲོལ་རྗེས།ཕོ་ཧྲེང་ཞིག་ལ་དགོང་ཟས་ལས་སེམས་ཁྲལ་ཅི་ཡོད།     བཙུན་ཆུང་དགོང་ཟས་ཀྱི་དོན་དུ་ལས་ཁུངས་ཀྱི་སྒོར་བུད་ནས་འགྲོས་འཁྱར་འཁྱོར་དུ་མི་ཚོགས་ཀྱི་གསེབ་ཏུ་འཛུལ།སྤྱིར་བཏང་དུ་བཙུན་ཆུང་ཟས་དད་ཆེ་བས་གོམ་པ་མགྱོགས་ལེན་བྱས་ནས་ཟ་ཁང་གཙང་མ་ཟ་མ་ཞིམ་པོ་ཅན་ཞིག་བསྙེག་པར་བྱེད།འོན་ཀྱང་དེ་རིང་གོམ་རླབས་ཐུང་ཞིང་།མགོ་བོ་དགྱེས་ནས་མིག་ལམ་དུ་མཐོང་ཚད་ལ་མིག་འབྲེལ་རེ་འཇོག་ཀེར་རེར་ལངས་པའི་དུད་ཁུང་གི་མཆུ་ལས་དུ་བ་ནག་ལྷོག་ལྷོག་འཕྱུར་གྱིན་འདུགཀྲོང་ངེར་བཞེངས་པའི་ཐོག་ཁང་གི་རྐེད་ན་ཕུག་རོན་རྩེད་འཇོའི་གར་ལ་རོལ།སྲིད་དུ་རིང་ཞིང་ཞེང་དུ་ཡངས་པའི་རྒྱ་ལམ་ན་འཁོར་ལོའི་རིགས་ཀྱི་ཆུ་ལོག་བཞུར།འདུ་འཛིའི་ཡོ་ལང་འཁྲིགས་པའི་ཚོང་འདུས་ཀྱི་སྟེགས་བུའི་འཁྲིས་སུ་ཚོང་པ་ཞིག་གིས་ཕག་མགོའི་ཆ་བ་གཟེངས་སུ་བསྟད་ནས་མགྲིན་པའི་རྫ་རྔ་ལྡིར།མཐོན་པོའི་རྔམ་བརྗིད།མྱུར་མོའི་ཚ་རྔབ།འཚང་ཀའི་དབུར་བརྡབ།འཚེར་སྒྲའི་འགྱུར་ཁུགས།འདི་དག་གྲོང་ཁྱེར་གྱི་འཚོ་བ་རེད།འོན་ཀྱང་བཙུན་ཆུང་ལ་དེ་དག་ཉམས་སུ་མྱོང་བའི་སྤྲོ་བ་མེད་པར།སེམས་སུ་བྲོ་བ་མི་འདུགབྲོ་བ་མི་འདུག་བསམས།ཁོ་ཚོང་འདུས་ཀྱི་འཇིངས་ལ་མ་སོང་བར་ཕག་མགོའི་འགྲམ་དུ་ལངས་ནས་ཡུད་ཙམ་བསྡད།ཕག་མགོའི་མིག་ཆུང་གཉིས་པོ་བཙུམ་ནས་འབྱར་ཡོད་པ་དེས་ཁོ་ཡི་ཡི་ག་ལྷག་པར་ལྡོག་པར་བྱས།གློ་ཁུག་ནང་དུ་ཕག་མགོ་ཞིག་ཁུག་པའི་སྒོར་མོ་བཟུང་ཡོད།ཁོས་སྒོར་མོ་ལ་ལག་མྱངས་ཤིག་བྱས།ད་ལྟ་ད་དུང་བདེ་བར་གནས།ཚོང་འདུས་སུ་འགྲོ་དུས་ཁོར་སྒོར་མོ་ལ་ཡང་ཡང་མྱངས་པའི་གོམས་སྲོལ་ཡོད།བཙུན་ཆུང་གིས་ཚོང་འདུས་ཀྱི་འཇིངས་ལ་མིག་ལྟ་ཞིག་བྱས།ཚོང་འདུས་ཀྱི་ལྷོ་སྣེ་རུ་ནུབ་བྱང་ཕྱོགས་ནས་ཡོང་བའི་སྟོད་རྒྱ་འགའ་ཞིག་གིས་བཙུགས་པའི་ཟ་ཁང་རེ་གཉིས་ཡོད།དེ་གར་ཁོའི་ཁམས་དང་མཐུན་པའི་འཐེན་ཐུག་འཐུང་རྒྱུ་ཡོད་པ་སེམས་ཤིན་ཏུ་གསལ།ཁོས་མིག་བཙུམས་ནས་ཀྱང་གནས་དེར་འགྲོ་ཤེས།“ཧ---”ཕྱོགས་དེར་བལྟས་ནས་ཤིན་ཏུ་ཡང་བའི་ངལ་སྒྲ་འདི་ལྟ་བུ་ཞིག་ཕྱུངས་རྗེས་ཁ་ཕྱིར་འཁོར་ནས་རང་གི་ལས་ཁུངས་སུ་ཕྱོགས།ཕྱིར་ལོག་པའི་ལམ་དུ་ཁོས་སླར་ཡང་ཐོག་ཁང་དང་།དུད་ཁུང་།ཕུག་རོན་སོགས་ལ་མ་བལྟས།མགོ་བོ་བསྒུར་ནས་ཨར་འདམ་ཁོ་ན་ལ་བལྟས།    གཞུང་ལས་ཁང་གི་སྒོ་ཕྱེས་ནས་རང་གི་མདུན་ཅོག་སྒང་དུ་བསྡད།མདུན་ཅོག་ཐོག་ཡིག་ཙེར་ཞིག་བཞག་འདུགདེ་གནོན་བྱེད་དུ་ཀ་ར་བྱི་རིལ་ཤུན་པགས་མཛེས་སྣང་ཅན་རྡོག་མ་འགའ་བཞག་འདུགཤོག་ཙེར་སྟེང་འདི་ལྟར་བྲིས་འདུག་སྟེ།

     དོ་དགོང་ཁོམ་པ་ཡོད་ན།Dསྤྱི་གླིང་དུ་འཆམ་འཆམ་དུ་སོང་ན་ཇི་འདྲ་ལགས།དེ་གར་མེ་ཏོག་ཁྲ་ཆིལ་ལེར་བཤད་འདུག
     དབྱར་དགའ་མ་སྒྲོལ་དཀར་ནས།     “དགུན་ཁར་གྲང་རླུང་ལྡང་དུས་ཀྱང་ཁྱོད་དེར་འགྲོ་རྒྱུར་མི་དགའ།ཧ---”ཁོས་ཀ་ར་བྱི་རིལ་ཞིག་གི་ཤུན་པགས་བཤུས་ནས་ཁ་ནང་ལ་བཞགལྕེ་ཡིས་ཡར་འདེད་མར་འདེད་ཀྱིས་བྲོ་བ་མྱངས་ཙམ་བྱས་པ་ན་བྲོ་བ་མི་འདུགབྲོ་བ་མི་འདུགཁོས་“ཕེ”ཞེས་ཀ་ར་དེ་མཆིལ་མ་འདོར་བ་བཞིན་པང་གཅལ་སྒང་ལ་འཕངས།ཁོའི་རོ་འཛིན་དབང་བོ་ལས་སུ་མི་རུང་བ་འདྲ།ཤོག་ཙེར་ཐོག་གི་ཡི་གེ་དེ་མཐོང་ན།སྤྱིར་བཏང་གི་གཞོན་ནུ་ཞིག་ཡིན་ཚེ་དགའ་ཉམས་དགྱེས་ཚོར་སྐྱེ་བར་ངེས་ཀྱང་།འོན་ཀྱང་ཉོབ་ཉམས་དང་བཅས་བཙུན་ཆུང་འདང་རྒྱག་ནང་དུ་ལྷུང་།ཡར་སྔོན་མོ་དང་མཉམ་དུ་སྤྱི་གླིང་དུ་འགྲོ་དུས།“ཧ---”རེག་བྱ་འཇམ་པའི་སྣང་བ་ཡིད་ལ་མ་ཤར།ཁོས་ཡིག་ཙེར་དེའི་ཚིག་འབྲུ་རྣམས་གཞིར་བཞག་ནས་སླར་ཡང་སྡེབ་ཁ་ཞིག་བསྒྲིགས་པར།“དེ་དགོངས་ཕྱི་དྲོ་Dསྤྱི་གླིང་དུ་འཁྱམས་འཁྱམས་སུ་དབྱར་དགའ་མ་སྒྲོལ་དཀར་སོང་ན་ལེགས།དེ་གར་མེ་ཏོག་ཁྲ་ཆིལ་ལེར་ཇི་འདྲ་བཞད།”བྲིས་ཚར་རྗེས་ཅིག་རིལ་བྱས་ཏེ་གཟེབ་དྲའི་ནང་འདོར་དུ་སོང་བ་ན།གཟེབ་དྲ་ལས་དཔེ་ཆ་ཞིག་མཐོང་།ཡར་བླངས་ནས་ལྟ་དུས་《མེ་ལོང་མ》རེད།བསྟན་བཤིག་སུ་ཞིག་གིས་འཕངས་ངམ་བསམས་ནས་ནང་ཤོག་ལ་བལྟས་པ་ན།དཔེ་ཆའི་བདག་པོའི་མིང་བྲིས་ཡོད་པ་མཐོང་།འོན་ཀྱང་མིང་དེ་ནི་ཇི་ལྟར་བྱས་ཀྱང་ཀློག་མི་ནུས།མགོ་མཇུག་བསློགས་ནས་བལྟས་པ་ན་སྔར་བཞིན་བཀླགས་མི་ཐུབ་ཀྱང་ཚོར་ཤེས་ཤིག་སྐྱེས་ཡོང་།མིང་དེ་རེ་ཞིག་བརྟག་གཞིར་བཞག་ནས་ནང་དོན་ལ་རོབ་ཙམ་མིག་གཡེང་བྱས་པ་ན།ཕུག་རོན།ནེ་ཙོ།རྨ་བྱ……ཤོག་གུ་དཀར་པོ་ཞིག་ལ་ལྟ་བ་ལས་ཁྱད་ཅི་ཡང་མི་འདུགརྒྱུན་དུ་བཤད་པའི་《མེ་ལོང་མ》མིན་པ་འདྲ།“ཧ---”དེབ་དེ་ཅོག་ཙེའི་ཟུར་དུ་བཞག
    འཐེན་སྒམ་ལས་ཤོག་ལྷེ་ཞིག་བླངས་ཏེ་ཐར་བཅད།དེ་ནི་བཙུན་ཆུང་གི་གྲོགས་པོ་ཞིག་གིས་བསྐུར་ཡོང་བའི་སྙན་ངག་ཅིག་རེད།
     “འཚོ་བའི་བེམ་པོར་སྲོག་གི་སྙིང་པོ་སྤྲོད།
      འདུ་འཛིའི་ཁྲོད་ནས་རྙེད་པ་རྣམས་ནི་རིན་ཐང་གཞལ་དུ་མེད།
      དོར་བ་རྣམས་ཀྱང་ས་ལེ་སྦྲམ་ལས་ལྷག
     དབང་པོ་བརྟུལ་དུས་མ་གཟབ་གཞན་ལ་རྨ་བཟོ།
     དབང་པོ་རྣོ་དུས་མ་གཟབ་རང་ལ་རྨ་བཟོ།”བཙུན་ཆུང་གི་གྲོགས་པོ་དེ་གྲོང་ཁྱེར་དུ་ཡོང་མྱོང་བ་འདྲ།རྒྱ་ལམ་དུ་ཁ་ལུད་དོར་ན་དངུལ་ཆད་གཅོད་པའང་ཤེས་པ་འདྲ།
     བཙུན་ཆུང་གིས་ཐ་མག་ཞིག་ལ་མེ་སྒྲོན།ཐ་མག་ཡག་པོ་ཞིག་རེད།དགའ་བྱིའུ་བྱ་བའོ།བཙུན་ཆུང་གིས་འཇིབ་ཁ་ཤས་བླངས་རྗེས་ཐ་མག་སྣ་ཡི་སྒོར་ཁྱེར་ནས་དྲི་མ་ལ་སྣོམ་ཙམ་བྱས།“ཕས---”ཐ་མག་གི་མེ་བསད་རྗེས་རོ་ཏོ་ས་ལ་གཡུག་པ་ན།ཏག་ཏག་འདི་སྔོན་དོར་བའི་བྱི་རིལ་དེའི་ཐོག་ལ་འཁེལ་ནས་འབྱར་སོང་།ཁོ་མགོ་བོ་ཡོན་པོ་འཁྱོག་ནས་ཡུད་ཙམ་ཅེར་ནས་བསྡད།“ཧ……”ལུས་པོ་དྲང་མོ་བྱས་རྗེས་ལག་པ་གཉིས་ཀྱིས་འགྲམ་པ་བསྐྱོར་ནས་ཅི་ཡང་ཡིད་ལ་མི་བྱེད་པའི་སྒོམ་དུ་ཞུགས།ཏོག་ཙམ་ཕྱིན་རྗེས་གཉིད་ཅོར་བརྒྱབ་ནས་རྨི་ལམ་རབ་རིབ་ཅིག་རྨིས།སླ་ང་ཆེན་པོ་ཞིག་གི་ནང་དུ་ལྡུ་རུ་ནུར་པོ་ཞིག“ཕག་ཕག་ཕག་”ཅེས་གདུ།འབྲོག་པ་མང་པོ་ཞིག་གིས་མཐའ་བསྐོར་ནས་དཀར་ཡོལ་གཟེད།ཤིང་ཐོམ་ཞིག་གིས་གང་རེ་གང་རེ་མྱུར་མོར་བཅུས།ཚང་མས་ཧུབ་གང་འཐུང་རྗེས།རྐན་སྒྲ་ཆུང་ཆུང་རྡེབ་ཞོར་ཕན་ཚུན་གྱི་ངོ་ལ་ལྟ།དེ་ནས་ཚང་མས་ཇ་མ་དེའི་ངོ་ལ་བལྟས་ཤིང་རིམ་བཞིན་ཁ་དང་སྐེ་བྲང་ལྟོ།མཐའ་མར་རུམ་དུ་འབུར་ཐོ་ཞིག་འདུག་པ་མཐོང་ནས་ཚང་མས་ལག་པ་ཀྲབ་ཀྲབ་ཀྱིས་དེ་ལ་མྱངས་འཐེན་བྱས།འབྲོག་པ་ཞིག་གིས་ལག་པ་རུམ་དུ་བཏང་ནས་ཁུག་མ་ཆུང་ཆུང་ཞིག་ཕྱིར་དྲུང་ཡོང་།དེ་ནི་དུད་ཁུག་ཅིག་རེད།ཇ་མ་བགད།དགོད་ཉམས་ཤིན་ཏུ་མཚར།བུ་མོ་ཞིག་གིས་ལག་པ་རུམ་དུ་བཏང་ནས་ཡང་ཁུག་མ་ཆུང་ཆུང་ཞིག་དྲུང་ཡོང་།ཇ་མས་ཚུར་འཕྲོག་ཏེ་ཁ་བཤིགས་ནས་གུང་མཛུབ་དང་མཐེ་མོའི་བར་བུ་མོ་དེའི་དཀར་ཡོལ་ནང་དུ་ཕྱེ་མ་ཞིག་གཏོར།དགའ་ཉམས་དང་བཅས་ཏེ་ཁ་ཕྱིར་འཁོར་ནས་སོང་།འབྲོག་པ་ཚང་མས་དཀར་ཡོལ་སྔོན་དུ་བསྲིངས་ནས་གཟེད།དཀར་ཡོལ་དང་དཀར་ཡོལ་བརྡབས་ནས་ཆག་ཆག་གྲགས།“ཏིང་ལིང་ལིང”རྨི་ལམ་གྱི་མཇུག་སྒྲིལ།ཁ་པར་ལས“ཝེ།ངས་ཁྱོད་ལ་བརྡ་འཕྲིན་གསར་པ་ཞིག་མཁོ་འདོན་བྱེད།ཞང་ཞུང་ཡིག་རྒན་ཡིན་ཟེར་བའི་སྔོན་ཆད་མཐོང་མ་མྱོང་བ་ཞིག་ངའི་ལག་ཏུ་ཟིན་སོང་།ངེད་གཉིས་ཀ་ངན་པ་ཉིས་ལོག་གིས་རྩོམ་ཡིག་ཅིག་འབྲི་ཨེ་ཐུབ་ལྟ་རས།”
   “གསལ་བྱེད་ག་ཚོད་འདུག”
    “སུམ་ཅུ་ཐམ་པ།”
“དབྱངས་ག་ཚོད་འདུག”、
     “བཞི།”
     “ཡ་ཡ་ཡ།དེ་དགོང་ཡོང་མི་ཐུབ་ཀི་ངར་ཆམ་པ་ཕོག་ནས་ཚ་བརྒྱབ།མགོ་ན་ཨ་ཡོ་ཤེས”ཉན་ཆས་མར་བཞག“ཧེ་---ཆོ་མི་འདུག”     ཕྱིར་ཨོང་སྟེགས་ཐོག་ཏུ་བསྡད་ནས་ལག་པས་འགྲམ་པ་བསྐྱོར་ཏེ་རྨི་ལམ་གྱི་མཇུག་སྐྱོང་ཨེ་ཐུབ་བལྟས།ཏོག་ཙམ་ཕྱིན་རྗེས་བཙུན་ཆུང་གི་གྲོགས་པོ་ཚེ་རྡོ་གཞུང་ལས་ཁང་དུ་འཛུལ་ཡོང་ནས་“ཨ་རོགས།ཕ་ཡུལ་ནས་ཚྭ་ཁུག་མ་གང་བསྐུར་འདུགརྒྱ་ཁོ་ཚང་ན་ཡོད།མྱུར་མོར་ལེན་དུ་སོང”ཞེས་ལབ།བཙུན་ཆུང་ཧད་དེ་ཅུང་ཙམ་བསྡད།ཟླ་འདིའི་གོང་དུ་གྲོང་ཁྱེར་འདི་རུ་ཚྭ་ཆད་བརྒྱབ།བཙུན་ཆུང་གི་ཕ་ཡུལ་དུ་ཚྭ་མཚོ་ཆེ་མ་ཆུང་གསུམ་དུ་མ་ཞིག་ཡོད་པ་རེད།“ཡ་ཡ་ཡ།”བཙུན་ཆུང་གི་ཁ་ནང་དུ་ཁ་ཆུ་ཆི་ལེར་འཛར་བྱུང་།ཁ་ཆུ་ཕྱིར་མིད་ཞོར་དུ“ཡ་ཡ་ཡ”ཞེས་ཡར་ལངས་ནས་སོང་།      བཙུན་ཆུང་སྐས་ཐོག་ཏུ་འཛེགས་ནས་ཉལ་ཁང་ལ་འགྲོ་དུས།བཙུན་ཆུང་གི་སེམས་གློ་བུར་དུ་འབྲོག་པ་རྣམས་ཀྱིས་དཀར་ཡོལ་གཟེད་པའི་དོན་དེ་ཚྭ་ཞིག་དགོས་པ་མིན་ནམ་སྙམ་པའི་འདུ་ཤེས་ཤིག་སྐྱེས།      གནམ་ངོ་མོག་པོར་གྱུར་ཅིང་།ཐོག་བརྩེགས་ཀྱི་སྒེའུ་ཁང་བརྒྱ་ཕྲག་ལས་གློག་འོད་འཚེར།ཡོལ་བའི་མདོག་མི་འདྲ་བའི་རྐྱེན་གྱིས་སྒེའུ་ཁུང་རེ་རེའི་མདོག་ཀྱང་མི་གཅིག་སྟེ་སྒེའུ་ཁུང་ལ་ལྗང་ཤས་ཆེ།ལ་ལ་དམར་ཤས་ཆེ།ལ་ལ་སེར་ཤས་ཆེ།     སྐར་མ་ལྔ་འགོར་རྗེས།བཙུན་ཆུང་དང་སྒྲོལ་དཀར་གཉིས་ཀྱིས་ལག་རྡང་སྦྲེལ་ནས་ལས་ཁུངས་ཀྱི་སྒོ་ལས་ཐལ།འགྲམ་པའི་བུག་ན་འབུར་ཐོ་རེ་ཡོད་པ་ཀ་ར་བྱི་རིལ་རེ་ཁ་ནང་དུ་བཟུང་བ་འདྲ།ཁོ་གཉིས་གླིང་ཀར་འགྲོའམ།ཚྭ་ལེན་དུ་འགྲོའམ།ཡང་ན་དོན་གཞན་ཞིག་གི་དོན་དུ་འགྲོ་བ་དཔྱད་མི་ཚུགས།
     འོན་ཀྱང་མུ་ཏིག་གི་ཕྲེང་བ་ཞིག་གྲོང་ཁྱེར་གྱི་རྩ་ལམ་དེད་ནས་རྒྱུ།མཚན་མོར་ཡོད་ཚད་ལ་བཀྲ་ཤིས་ཀྱི་མཚན་མ་ཤར།།

འཚོ་ བའི་ བྲོ་ རྫས།

  • ལེ་ཚན་སྔོན་མ།:མཁའ་ འགྲོ་ མའི་ བརྡ་ ཡིག
  • ལེ་ཚན་རྗེས་མ།:ར་ ལོ།