མཁའ་ འགྲོ་ མའི་ བརྡ་ ཡིག

རང་སྒྲ།         2010-08-25

མཁའ་ འགྲོ་ མའི་ བརྡ་ ཡིག

རྫ་ལུང་ལྷ་སྡེ་ནི་རྫ་གོང་མའི་ལུང་མདོར་ཆགས་ཤིང༌།ཆགས་དབྱིབས་ཕལ་ཆེར་འཁར་རྔ་ཞིག་དང་མཚུངས།དགོང་ཕྱི་དྲོའི་ཉི་ཟེར་རིམ་གྱིས་ཇེ་ཞན་དང་ཇེ་གཉོམ་དུ་གྱུར་ཅིང་མཐར་མུན་པའི་ཡོལ་བས་སྡེ་བ་འདི་ཡོངས་སུ་བསྒྲིབས་པར་བྱས།སྐབས་དེར།ཁྱིམ་ཚང་རེ་རེའི་དུ་ཁུང་ནང་ན་དུ་བ་སྔོ་ལྷོག་ལྷོག་འཕྱུར་བ་ལས་སྡེ་བ་འདིའི་དུད་ཁྱིམ་རེ་རེ་བཞིན་ཁྱིམ་བདག་མས་ནུབ་ཟས་གཡོས་སྦྱོར་བྱེད་བཞིན་པ་རྟོགས་ཐུབ། ཨ་མ་ཀླུ་སྐྱིད་ཚང་ནི་ལྷ་སྡེ་འཁར་རྔ་འདྲ་བ་འདིའི་དཀྱིལ་ན་ཡོད་ཅིང༌།ཁྱིམ་དུ་ཁོ་མོ་དང་ཁོ་མོའི་བུ་མོ་གཉིས་ལས་ཁྱིམ་མི་གཞན་མེད་པས་གྲག་འགུལ་ཙམ་ཡང་མེད་པར་སྟོང་འཇགས་གེར་གནས།ཨ་མ་ཀླུ་སྐྱིད་ཀྱིས་ཐབ་ཁུང་དུ་ཨོང་བ་གང་བསྒོངས་རྗེས་ཕྱིར་གོ་འདབས་ནས་ཙོག་པུར་བསྡད་དེ་སྔར་ལྟར་མ་ཎི་འཁོར་ལོ་སྐོར་བཞིན་སྔོན་ཆད་ཀྱི་དོན་རྐྱེན་རྣམས་རེ་རེ་བཞིན་ཡིད་ཀྱི་མེ་ལོང་ལ་གསལ་ལེར་ཤར།
 “གཅིན་ཕྲུག……མུག་ཕྲུག……ཁྱོད་མ་བསད་ན……”
 “ཨ།བདུད་རྒན་འདིས་ངའི་བུ་མོ་བསད་ཐལ།ཨ་བདུད་རྒན།ཁྱོད……ཁྱོད།”
 ཁོ་མོས་ཤུགས་གང་ཡོད་བཏོན་ནས་ཁོའི་ལག་གི་རྟ་ལྕག་འཕྲོག་གང་ཐུབ་བྱས་ཀྱང་ཁོས་ཞེ་སྡང་གིས་ཁོ་མོར་འཕུད་རྒྱག་ཅིག་བྱས་ཏེ་ས་ལ་བསྒྱེལ་བར་མ་ཟད།ལྕག་གིས་འབྲབ་ཞོར་དུ་ཁ་ནས་སྡིགས་མོ་མ་ཎི་འདོན་འདོན་བྱེད་ཀྱིན་འདུག
 “ཡུགས་ས་མ།གདོན་མོ།ཁྱོད་བླངས་པ་ནས……”
 ཁོ་མོས་མིག་ཟུང་ལ་མཆི་མ་འཁྲིགས་བཞིན་ཚེ་སྐྱིད་ཀྱི་གདོང་ལ་ཅེར།ཚེ་སྐྱིད་ནི་ད་སོ་མ་ལོ་བཅུར་སོན་པའི་བྱིས་པ་ཞིག་ཡིན་ཞིང༌།མགོ་སྐྲ་གནག་ཅིང་སྣུམ་ལ།གདོང་མདོག་དཀར་ཞིང་མཁུར་ཚོས་དམར་བ་དང་རྒོད་པོའི་གཤོག་པ་བརྐྱངས་འདྲའི་སྨིན་མ་སྟུག་པོའི་འོག་ཏུ་གྲུང་ཤ་དོད་པོའི་མིག་ཟུང་རིག་རིག་ཏུ་འཁྲུལ་བས་བལྟས་ཀྱིན་བལྟས་ཀྱིན་སྙིང་ཉེ་ཞིང་ཡིད་དུ་འོང་བ་ཞིག་འདུགཡིན་ནའང༌།མཁུར་ཚོས་ཀྱི་དམར་མདངས་སྟེང་དུ་རྨ་ཤུལ་ནག་སྒོར་སྒོར་ཞིག་ཕབ་ཡོད་པ་དེས་ཁོ་མོའི་མིག་ཆུའི་བཞུར་རྒྱུན་ཇེ་དྲག་ཏུ་གྱུར་ན་ཡང་ཚེ་སྐྱིད་ནི་དེ་ལས་ལྡོག་སྟེ་མིག་ཟུང་ལ་ལྐོག་གྱུར་གྱི་མདངས་ཤིག་ཤར་འདུག
 དེ་ནས་བཟུང……
 “ཚེ—སྐྱིད།”
 སྨག་རུམ་སྟུག་པོའི་ཁྲོད་ནས་ཁོ་མོ་སྨྱོ་རྒྱུགས་ཇི་ལྟར་བྱས་ཀྱང་ཚེ་སྐྱིད་རྙེད་མ་བྱུང༌།གཏན་ནས་རྙེད་མ་བྱུང༌།རྨ་ཆུ་ལུ་མ་ནི་གཡང་གཟར་བྲག་གསེབ་ནས་དྲག་ཏུ་འབབ།ཁོ་མོ་ཆུ་འགྲམ་ནས་ཕུར་ཚུགས་སུ་འགྲེང་སྟེ་དྲག་ཏུ་ཁྲོས་པའི་རྦ་ཀློང་ལ་ལྟ་བ་ནི་བྲིས་པའི་རི་མོ་ཞིག་དང་གཉིས་སུ་མི་འདུག…
 “……བདུད་རྒན……ངའི་བུ་མོ།ད་ཁྲིད་ཤོག……ཁྱོད།……འུ་གཉིས་ཀ་འགྲིག་ཐབས་མེད།”……
 “མི་གྲིག་པའི་བཟའ་ཚང་འཐོར་ན་དགའ།མི་དྲག་པའི་ནད་པ་ཤི་ན་དགའ།”
 ཁོའི་ཞེ་སྡང་ད་དུང་ཞི་མེད་པ་འདྲ། དེ་ནས་ཁོ་མོ་ཁྱིམ་དེ་དང་གྱེས།ལྷ་སྐྱིད་རྒྱབ་ཏུ་ཁུར་ཏེ་ཤེལ་དཀར་གསང་ཆེན་སྒྲུབ་ཕུག་གི་ཕྱོགས་སུ་འཐེན་པའི་རྐང་ལམ་བརྒྱུད་ནས་ཕར་ཕྱོགས་སུ་བསྐྱོད།རྐང་ལམ་འདིའི་སྟེང་ན་སྔར་བཞིན་ཕར་འགྲོ་ཚུར་འོང་བྱེད་པའི་མཇལ་བ་ཡོད་ཚད་བླ་མ་རྡོ་རྗེ་འཆང་ལ་དད་པ་དག་སྣང་ཆེ་བ་ཤ་སྟག་ཡིན་ལ།རྐང་ལམ་འདི་བསྙེགས་ནས་ཐད་ཀར་སོང་ན་ད་གཟོད་ཁོང་གི་སྒྲུབ་ཕུག་གི་སྒོ་ཁར་སླེབས་ཐུབ།ཤེལ་དཀར་གསང་ཆེན་སྒྲུབ་ཕུག་ནི་དོན་དུ་བྲག་ཕུག་ཅིག་ཡིན་ཡང༌།བྲག་ལྡེབས་སུ་ཨ་ཡིག་རང་བྱོན་མང་པོ་དང༌།ལྷག་པར་མཁའ་བསྐྱོད་མའི་སྐུ་བརྙན་རང་བྱོན་ཞིག་ཡོད་པས་ས་དེའི་སེར་སྐྱ་མི་དམངས་ལ་མཁའ་འགྲོའི་ཞིང་ཁམས་དངོས་ཀྱི་འདུ་ཤེས་ཆགས་འདུགསྒྲུབ་ཕུག་ཏུ་ཚ་ཐབ་གྲུ་བཞི་མ་ཞིག་བཟོས་ཡོད་པ་དེར་བླ་མ་རྡོ་རྗེ་འཆང་དཀྱིལ་ཀྲུང་དུ་བཞུགས་འདུག ཁོ་མོས་མིག་གཉིས་བཙུམ་ཞིང་ལག་ཟུང་ཐལ་མོ་སྦྱར་ཏེ་མཇལ་ཕྱག་གསུམ་གསུམ་དགུ་བཙལ་བར་བྱས་ཤིང༌།དེ་ནས་གཤིན་པོའི་བསྔོ་ཡིག་དང་བསྔོ་རྟེན་འབུལ་ཞོར་དུ་སེམས་ཀྱི་སྡུག་བསྔལ་མིག་ཆུའི་བཞུར་རྒྱུན་དང་བསྡོངས་ནས་ཡོངས་སུ་ཞུས……
 བླ་མ་རྡོ་རྗེ་འཆང་གིས་ཁོ་མོའི་ཞུ་དོན་རྣམས་ཐུགས་སུ་ཆུད་རྗེས།སྤྱན་ཟུང་བཙུམ་ཞིང་སྙིམ་པ་སྙིང་གར་སྦྱར་ཏེ་སྨོན་ལམ་གསུངས།
 “ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན……” ཁོང་གི་སྙན་ཞིང་འཇེབས་པའི་གསུང་དབྱངས་དེ་བྲག་ཕུག་ལས་བརྒལ་ནས་སྟོང་བའི་དབྱིངས་སུ་འཐིམ་པ་ན།ཤར་ཕྱོགས་ནས་སྤྲིན་དཀར་པོ་ཞིག་ལངས་ཏེ་རིམ་བཞིན་ནམ་མཁར་ཁྱབ་པའི་ཚུལ་ལ་བལྟས་ན་གཤིན་པོའི་རྣམ་ཤེས་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་བསུ་རུ་འོངས་པའི་སྣང་བ་ཞིག་འགོག་མེད་དུ་འཆར།སྤྱིར་ཁོ་མོ་ལ་མཚོན་ན།མ་ལས་བུ་མོ་སྔོན་དུ་འདས་པའི་སྡུག་བསྔལ་འདི་བཟོད་བསྲན་དཀའ་ན་ཡང༌།བླ་མ་རྡོ་རྗེ་འཆང་གི་གསང་བའི་ཡོན་ཏན་དེ་མཐོང་བ་ན་གཤིན་པོ་ཡིན་ཡང་ལས་ཅན་རེད་སྙམ་པའི་འདུ་ཤེས་ཤིག་ངང་ངམ་ཤུགས་ཀྱི་འཆར།……
 དེ་ནས་ཁོ་མོ་མ་སྨད་གཉིས་བླ་མ་རྡོ་རྗེ་འཆང་གི་བཀའ་གསུང་ལྟར་རྫ་ལུང་ལྷ་སྡེའི་ཕྱོགས་སུ་འཐེན་པའི་ལམ་ཕྲན་དེར་ཞུགས། ལམ་ཐག་ནི་དེ་འདྲའི་རིང་ནའང༌།ཁོ་མོའི་ཡིད་ལ་འཆར་བ་ནི་བླ་མ་རྡོ་རྗེ་འཆང་གི་ཞལ་གསུང་དེ་དག་ཡིན་ལ།དེ་དང་བསྟུན་ནས་ཁོང་ལ་ཡིད་ཆེས་དང་དད་པ་ཕན་ཚུན་འགྲན་པ་བཞིནདུ་ཇེཆེ་ནས་ཇེ་ཆེར་གྱུར།
 “འོ།སྙིང་རེ་རྗེ།སྐྱེ་བར་མགོ་མཇུག་ཡོད་ཀྱང༌།འཆི་བར་མགོ་མཇུག་མེད་པ་འཁོར་བའི་རང་གཤིས་རེད།……ད་སེམས་སྡུག་མ་བྱེད།རང་སྡེ་ལས་རྫ་ལུང་ལྷ་སྡེ་བཟང……ར་ཁ་སོས།རྒྱབ་ཁེབས……”……
 “ཨ་མ།མཁའ་འགྲོ་མ་ཕེབས་རྒྱུ་ཡིན་པ་ཨེ་གོ།”
 ལྷ་སྐྱིད་ཀྱི་དྲི་བ་དེས་ཨ་མ་འདས་དོན་ལས་ཕྱིར་དྲངས།
 “ཨུམ།གོ་ཡོང།”
 ལྷ་སྐྱིད་ཀྱིས་ཐབ་ཁུང་དུ་སླར་ཡང་ཨོང་བ་ཅུང་ཙམ་བསྣན་པ་དང་རྩི་ཐུར་ཞིག་ལ་མེ་བསྒོས་ཏེ་དཀར་མེ་བསྒྲོན་རྗེས།མུ་མཐུད་དུ་ཨ་མར་ཁ་བརྡ་བྱས།
 
 “མཁའ་འགྲོ་མ་དེ་གང་གི་རེད།”
 “ཁོ་མོ།མཁའ་འགྲོའི་བརྡ་ཡིག་གྲུབ་པའི་ལྷ་སའི་རི་ཁྲོད་མ་ཞིག་རེད།”
 “མཁའ་འགྲོའི་བརྡ་ཡིག”
 “ཨུམ།མཁའ་འགྲོའི་བརྡ་ཡིག་གྲུབ་སོང་ན།ཡི་དམ་གྱི་ལྷ་མཁའ་འགྲོ་མས་འདས་མ་འོངས་ད་ལྟའི་ལུང་བསྟན་ཡི་གེའི་ལམ་ནས་གསང་བརྡ་སྟོན་པ་རེད།ཡ་མཚན་མི་ཆེའམ།”
 “ཡི་གེ་དེ་བོད་ཡིག་ཡིན་ནམ།”
 “……”
 “ང་ཚོས་རིག་ཐུབ་བམ།”
 “འདྲི་རྒྱུ་མ་མང༌།ནུབ་ཇ་སྐོལ།”
            2
 ཨ་ཁུ་ལྷ་བརྟན་ཚང་གི་སྒོ་དྲུང་ན་རྫ་ལུང་ལྷ་སྡེའི་སྐྱེ་ཕོ་མོ་རྒན་གཞོན་རྣམས་འཚང་ཁ་ཤིག་ཤིག་བྱེད།  “འཚང་ཁ་མ་བྱེད།ཨ་རོག་ཚོ།དེ་རིང་གཟའ་སྐར་འཕྲོད་སྦྱོར་མི་ལེགས་པས་དགོང་མོའི་ཆུ་ཚོད་བཅུ་གཉིས་ཀྱི་རྗེས་ནས་མ་གཏོགས……ཨིན……ཚང་མ……” ཨ་ཁུ་ལྟ་བརྟན་གྱི་མཆོག་མའི་སྐྲ་རྣམས་བྱི་སྟེ་མར་སྐོགས་ཤིག་དང་མཚུངས་ལ།དེའི་ཁར་ཁ་སང་ནས་མཁའ་འགྲོ་མའི་ཡོན་བདག་ཏུ་གྱུར་ཏེ་ལས་ཀ་མང་པོར་བྲེལ་བའི་དབང་གིས་ཐོད་པ་ནས་རྔུལ་ཆུ་འོད་ཀྲིག་ཀྲིག་བཞུར་ནའང།ཁོས་ཅི་མི་སྙམ་པར་ལག་པའི་ཕྱི་རྒྱབ་ཀྱིས་ཕྱིས་ཕྱིས་བྱེད་བཞིན་དེ་ལྟར་སྨྲས།སྐབས་དེར།རྫ་ལུང་ལྷ་སྡེའི་མཇལ་བ་རྣམས་སྐྱ་ཀའི་ཚང་ལ་རྡོ་འཕངས་པ་ནང་བཞིན་གྱུར།
“གཟའ་སྐར་འཕྲོད་སྦྱོར།བགེགས་བར་ཆད་མིན་ནམ།”རྒན་པོ་རྣམས་ཀྱིས་སྨྲས།
 “ལས་ཤིག་ཡོད་ན་ལམ་ཞིག་ལོས་ཡོད།འགྲོ……”གསར་བུ་འགས་སྨྲས།
 “གང་ལྟར་མཇལ་ཐུབ་སོང་ན།དཀོན་མཆོག་གསུམ་པོ།”དད་པ་ཅན་འགས་སྨྲས།
 “འོ་ན།མངོན་ཤེས་ལྔ་བོར་ཐོགས་པ་མེད་ཟེར་ག”རྒན་མོ་དེས་དྲིས།
 “ཁོ་མོ།”རྒད་པོ་དེས་དྲིས།
 “ལོས་ཡིན།མཁའ་འགྲོའི་བརྡ་ཡིག་གིས་འདི་མི་ཤེས་དང་དེ་མི་མཁྱེན་ཞེས་ཇི་ལྟར་བཤད།དཔེར་ན་ཟླ་བ་གཅིག་དུས་གཅིག་ལ་ཆུ་སྣོད་མང་པོར་འབད་བརྩོན་མེད་པར་ཤར་བ་བཞིན……”
 གསར་བུ་དེས་འགྲེལ་བཤད་ཞིབ་མོ་ཞིག་རྒྱག་འདོད་ཡོད།
 “ལྷ་སའི་རི་ཁྲོད་མ།”
 “མིན།འཁྲུངས་ཡུལ་ཁམས་ཕྱོགས་རེད།”
 “ངས་རྒྱལ་འཇོག་ཐུབ།ལི་ཐང་མིན་ན་……”
 ……
 “དེ་ནི་གུང་རི་མཁའ་འགྲོ་མ་རེད།”
 “མིན།གུང་རི་ཚང་ད་ལྟ་”
 “ངེད་ཚང་གི་དགེ་ལྡན་མ་དངོས་སུ་མཇལ་མྱོང་ཟེར།སུས་ཀྱང……”
 ……
 ཁོ་ཚོའི་བར་ལ་རྩོད་གཞི་ཆེན་པོ་ཞིག་བྱུང་ཡང་མཇུག་མཐར་སུ་རྒྱལ་སུ་ཕམ་གྱི་དབྱེ་བ་མ་བྱུང་སྟབས་རིམ་བཞིན་རང་རང་གི་ཕྱོགས་སུ་མི་འགྲོ་ཀ་མེད་རེད།
3
 དགོང་ཕྱི་དྲོའི་ཉི་ཟེར་རིམ་གྱིས་རྫ་གོང་མའི་རི་རྩེ་ནས་ཡལ་ཞིང༌།གྲིབ་གཟུགས་ནག་པོ་ཞིག་གིས་ལྷ་སྡེ་འདི་བཏུམས་ནས་ཡུན་རིང་འགྱངས་པ་ན།ཨ་ཁུ་ལྷ་བརྟན་ཚང་གི་སྒོ་ཁ་ན་སྔར་ལྟར་རྫ་ལུང་ལྷ་སྡེའི་སྐྱེ་ཕོ་མོ་རྒན་གཞོན་རྣམས་འཚང་ཁ་ཤིག་ཤིག་བྱེད།“གྲལ་སྒྲིགས།དལ་མོ་བྱོས།ཚང་མས་མཇལ་ཐུབ་ངེས་རེད།འཚང་ཁ་མ་བྱེད།ཨ་རོག་ཚོ……”་ཁུ་ལྷ་བརྟན་གྱིས་མིད་པ་ཕྱི་སློག་ནང་སློག་བྱས་ཏེ་བཀོད་འདོམས་བྱེད་ཀྱིན་ཡོད་མོད།མི་ཚོགས་ཀྱིས་ཁོའི་སྐད་ཆར་ཅི་མི་སྙམ་པར་འཚང་ཁ་ཤིག་ཤིག་གིས་མཁའ་འགྲོ་མར་མཇལ་རྒྱུར་བྲེལ།
མཁའ་འགྲོ་མ་ནི་ཨ་ཁུ་ལྷ་བརྟན་ཚང་གི་ཤིང་ཁང་ཆུང་ཆུང་དེའི་ནང་དུ་བཞུགས་ཤིང།ཁོ་མོའི་དབུ་ལོ་ནི་གནག་ཅིང་སྣུམ་ལ།གཞི་ནས་མ་སླས་པས་ལྟག་རྒྱབ་ཡོངས་སུ་ཁེབས་འདུག་ཅིང༌།ལུས་ལ་གོས་ཆེན་སེར་པོ་འཁོར་ལོའི་རྒྱན་རིས་ཅན་གྱི་ན་བཟའ་ཞིག་མནབས་པ་དང༌།མདུན་དུ་ཅོག་ཙེ་གྲུ་བཞི་མ་ཞིག་བཞག་པ་དེའི་སྟེང་དུ་སྨྱུ་གུ་ཞིག་དང་འབྲི་དེབ་ཅིག་ལས་གཞན་ཅི་ཡང་མེད།ཤིང་ཁང་ཆུང་ཆུང་འདིའི་ནང་དུ་ཤུག་བདུག་དང་སྤོས་བདུག་བྱས་པས་དྲི་མ་ཞིམ་པོ་ཞིག་འཐུལ་འདུག་ལ།མཇལ་བ་རྣམས་ཀྱིས་ཐོད་པས་ཐང་ལ་ལྟིག་དི་རི་རྡུང་བཞིན་མཇལ་ཕྱག་འབུལ་བ་དང༌།རང་རང་གི་སེམས་སུ་ཉར་ཡོད་པའི་ཞུ་ཚིག་རྣམས་འཚབ་འཚུབ་ཀྱི་ངང་ནས་ཞུས་མགོ་བརྩམས།
 “……སྦྲུལ་དཀར་པོ་རྐང་ལག་དགུ་ཅན་ཞིག་རྨིས།”
 “ན་ཚ་ཆད་མ་མྱོང༌།ཁ་སང་རྟ་རྐྱང་རྒོད་གཡེར་བ་འདྲ་བ་དེ་ཐོག་གིས་བསད……”
 “མནའ་མ་འདྲེས་བཟུང༌།”… མཁའ་འགྲོ་མས་ཞུ་ཚིག་རྣམས་ཐོས་རྗེས།ལག་པའི་སྙིམ་པ་སྙིང་གར་སྦྱོར་བ་དང༌།སྤྱན་ཟུང་གིས་སྟོང་བའི་དབྱིངས་སུ་ཡུད་ཙམ་གཟིགས་རྗེས།ད་གཟོད་ཤོག་གུ་དཀར་པོའི་ངོས་སུ་ཡི་གེ་ནག་ཆུང་འགའ་བྲིས་ཏེ་རང་རང་ལ་གནང་བ་ལས་བཀའ་གསུང་ཅི་ཡང་མི་བརྗོད།
 “……ཁྱིམ་གཞི་ཀླུ་རྒྱལ་གྱི་ཕོ་བྲང་ལ་བབས་འདུག”
 ……“ལྷ་སྲུང་མི་མཐུན……” “དགེ་ལྡན་མའི་དུར་ས་འགྲིག་མེད།”
འ་འགྲོའི་བརྡ་ཡིག་ལས་བསྟན་པ་རྣམས་ལ་ལ་ཁོ་ཚོ་སྔོན་ཆད་ཕྲད་ཟིན་པའི་དོན་དངོས་ཡིན་ལ།ལ་ལ་བླ་མ་རྡོ་རྗེ་འཆང་ཚང་གི་ལུང་བསྟན་དང་ཨ་ན་མ་ན་ཡིན་པས།དེར་འདུས་མཇལ་བ་རྣམས་ཧ་ལས་ཤིང་ཧང་སངས་ཏེ་མཁའ་འགྲོ་མར་དད་ཤུགས་ཇེ་ཆེ་ནས་ཇེ་ཆེར་གྱུར།
ཨ་མ་ཀླུ་སྐྱིད་ཀྱིས་མཁའ་འགྲོའི་བརྡ་ཡིག་མངོན་སུམ་དུ་གྲུབ་པའི་མཁའ་འགྲོ་མ་མཐོང་བ་ན།དད་པའི་མིག་ལ་མཆི་མ་འཁྲིགས་བཞིན་ལག་ཟུང་ཐལ་མོ་སྦྱར་ཏེ་མཇལ་ཕྱག་གསུམ་གསུམ་དགུ་བཙལ་རྗེས།པུས་མོའི་ལྷ་ང་སར་བཙུགས་པ་དང་སྙིམ་པ་སྙིང་གར་སྦྱར་ཞིང་མགོ་བོ་སྨད་དེ་རང་གི་སྡུག་ཡུས་བགྲང་མགོ་བརྩམས།
ཨ་མ་ཀླུ་སྐྱིད་ཀྱིས་རང་གི་སྡུག་ཡུས་བགྲང་གིན་བགྲང་གིན་སྐད་ཤུགས་ཇེ་ཆེར་གྱུར་པ་དང༌།དེ་བཞིན་དུ་མགྲིན་པ་བརྣངས་ཏེ་མིད་པའང་གཅོད་ལ་ཁད་བྱེད།མཁའ་འགྲོ་མ་ཨ་མ་ཀླུ་སྐྱིད་ཀྱིས་སྡུག་ཡུས་བགྲང་བའི་སྐད་ཆའི་འགྲོས་དང་བསྟུན་ནས་སྙིང་གི་འཕར་རྒྱུན་ཇེ་དྲག་ཏུ་གྱུར་པར་མ་ཟད།ཐ་ན།དབུགས་ཀྱང་འབྱིན་རྔུབ་བྱེད་དཀའ་བའི་གནས་སུ་ལྷུང༌།
 “……ང་འདྲའི་རྒན་མོ་ལས་ངན།ཁྱོ་བོ་སྔོན་མ་ཆུར་ལྕེབས།རྗེས་མ་དང་ཐོར།བུ་མོ་ཡང་ཆུར་ལྕེབས།ང་འདྲའི་ལས་ངན……མཁའ་འགྲོ་མས་སྙིང་རྗེ་སྒོམས།ངའི་བུ་མོ……དགའ་ལྡན་ནས་སྐྱེ་ཁོ་ཐག……ཉིན་དེར་ཤར་ཕྱོགས་ནས་སྤྲིན་དཀར་པོ་ཞིག་ལངས།དགའ་ལྡན་ནས་སྐྱེ་ཁོ་ཐགབླ་མ་རྡོ་རྗེ་འཆང་གིས་འཕོ་བ་གསུང་ཚད……མཁའ་གྲོ་མས་ལོས་མཁྱེན……”
 ཨ་མ་ཀླུ་སྐྱིད་རེ་ཞིག་ལ་ཧ་ལས་ཤིང་ཏོན་འཐོར།ཁོ་མོའི་ངག་ལས་རང་དབང་མེད་པར་ཅི་ཞིག་ཟློ་བཞིན་མཁའ་འགྲོ་མར་འཐམས།
 “མིན……མིན……མིན་ཁོ་ཐགབླ་མ་རྡོ་རྗེ་འཆང་ལ་འཁྲུལ་བ་མེད།ཁྱོད།……”
               4
 རྫ་ལུང་ལྷ་སྡེ་ནི་རྫ་གོང་མའི་ལུང་མདོར་ཆཊ་ཤིང༌།ཆགས་དབྱིབས་ཕལ་ཆེར་འཁར་རྔ་ཞིག་དང་མཚུངས།ཞོགས་པའི་ཉི་གཞོན་རྫ་གོང་མའི་རི་རྩེ་ནས་རིམ་བཞིན་ཇེ་མཐོ་ནས་ཇེ་མཐོར་གྱུར་ཚེ།ལྷ་སྡེ་འདི་གཡོགས་པའི་གྲིབ་གཟུགས་ནག་པོ་དེ་གར་སོང་ཆ་མེད་དུ་གྱུར།སྐབས་དེར།ཁྱིམ་ཚང་རེ་རེའི་དུ་ཁུང་ནང་ན་དུ་བ་སྔོ་ལྷོག་ལྷོག་འཕྱུར་བར་བལྟས་ན།ད་གཟོད་ཁོ་ཚོས་ཞོགས་ཟས་གཡོས་སྦྱོར་བྱེད་བཞིན་པ་རྟོགས་ཐུབ།
 ཞོགས་པའི་ཉི་ཟེར་ཨ་མ་ཀླུ་སྐྱིད་ཚང་གི་སྒེའུ་ཁུང་ཁར་ཕོག་པ་ན།རྫ་ལུང་ལྷ་སྡེའི་སྐྱེ་ཕོ་མོ་རྒན་གཞོན་རྣམས་སླར་ཡང་སྐྱ་ཀའི་ཚང་ལ་རྡོ་འཕངས་པ་ནང་བཞིན་གྱུར།
 “འདྲེ་མོ་དེའི་དམིགས་ཡུལ་མི་ལེགས།”རྒན་པོ་རྣམས་ཀྱིས་སྨྲས།
 “འོ་ཡ།མཁའ་འགྲོའི་བརྡ་ཡིག་ཇི་ལྟར་ཡོད་ཆོག……”གསར་བུ་འགྲེལ་བཤད་པ་དེས་སྨྲས།
 “གདོན་མོ་དེ།དམྱལ་བ་བཅོ་བརྒྱད་ལས་བསམ་རྒྱུ་མེད”དད་པ་ཅན་རྣམས་ཀྱིས་སྨྲས།
 “……དེ་ཚང་གི་ལུང་བསྟན་དང་མཐུན་པ”གཞོན་ནུ་དེས་དོགས་སློང་བྱས།
 “ཆོས་རྫུན་མཁན་དེ་གཙོ་བོ་དཀོར་ལ་རྔམས་པ་འདྲ།”མི་མང་གིས་མཐུན་པར་གླེང༌།
 “ཁྲིམས་ཁང་ལ་མ་གཏུགས།སྙིང་རེ་རྗེ……”མི་མང་གིས་དེ་སྐད་སྨྲས།……
 སྐབས་དེར།ཨ་མ་ཀླུ་སྐྱིད་ཚང་གི་ཁུ་སིམ་པའི་ཁྱིམ་གཞི་དེར་དགའ་སྐྱོ་འདྲེས་མའི་གཏམ་རྒྱུད་གསར་བ་ཞིག་གི་མགོ་བརྩམས།
 “རྨ་ཤུལ་དེ་མིན་རྒྱུ་ན་ངོས་མ་ཟིན།”ཨ་མས་བཤད།
 “མཚན་མོ་དེར་གང་ནས་བསྡད།”ཨ་མས་དྲིས།
 “ཨ་ཅེ།དགེ་ལྡན་མའི་དུར་ས་དངོས་གནས་འགྲིག་མེད་དམ།”ལྷ་སྐྱིད་ཀྱིས་དྲིས། “ལྷ་སྲུང་མ་མཐུན་ན།”ལྷ་སྐྱིད་ཀྱིས་སླར་ཡང་དྲིས།
 “མཁའ་འགྲོ་མར་བརྫུས་རུང་ངམ།”
 “མཁའ་འགྲོའི་བརྡ་ཡིག”
 “ཨ།འདི་ཡོད་ཚད—ཨ་ཁུ་ལྷ་བརྟན……”
  • ལེ་ཚན་སྔོན་མ།:གནས་སྐབས་མེད།
  • ལེ་ཚན་རྗེས་མ།:འཚོ་ བའི་ བྲོ་ རྫས།