མགུར་གླུ་ཡིད་ཀྱི་ལྕགས་ཀྱུ།
སངས་རྒྱས་དཔལ་མོ། 2013-09-03
ཀ
ཀ་བ་གསེར་ནི་མ་རེད། །
གདུང་མ་དངུལ་ནི་མ་རེད། །
ཁང་པ་ཤིང་ཁང་ཁྲ་མོ། །
ག་ས་ག་ལ་བརྒྱབ་ཆོག །
ཀ་ཤི་དཀར་པོའི་དར་ལྕོག །
དཔལ་རི་ཕྱོགས་ལ་བཙུགས་ཡོད། །
བྱམས་པ་གང་འགྲོ་གང་འདུག །
དར་ལྕོག་རླུང་གིས་སྐྱོད་རོགས། །
ཀ་ཁ་སུམ་ཅུ་སྦྱོང་དུས། །
ངེད་གཉིས་མནའ་ཞིག་བཞག་ཡོད། །
ད་ནི་མཁས་པ་རེད་དུས། །
མནའ་ཆེན་བརྗེད་ལ་ཐལ་ཚར། །
ཀོ་གྲུ་གཏོང་ན་གཏོང་ཆོག །
ཀོ་ཐག་གློད་ན་གློད་ཆོག །
བུ་མོ་རྒྱ་མཚོའི་མཐའ་ལ། །
ཀོ་བས་སྐྱེལ་རོགས་གནང་དང་། །
ཀོ་བ་ནག་ཆུང་ནང་ལ། །
འཛུལ་ཟེར་ཚར་ནི་མིན་པས། །
ག་པར་འཁོད་ན་འཁོད་ཆོག །
སྐྱིད་ས་ཕྱོགས་ལ་འཁོད་རོགས། །
ཀོ་བ་ཆུ་མོའི་གཞུང་ལ། །
འགྲོ་དགོས་བསམ་པ་མ་གཏོགས། །
མཉན་དཔོན་བསོད་ནམས་སྟོབས་རྒྱལ། །
མཇལ་ཡོང་བསམ་པ་མ་བྱུང་། །
དཀར་པོ་ཉི་མའི་འོད་ཟེར། །
ང་ཡི་ཆུང་འདྲིས་བྱམས་པ། །
ག་འགྲོ་ག་འདུག་ས་ལ། །
མུན་པ་སེལ་བར་གནང་རོགས། །
དཀར་གསལ་ཟླ་བའི་དཀྱིལ་ལ། །
རི་བོང་བློ་ལྡན་ཤེས་རབ། །
བྱམས་པ་ག་འགྲོ་ས་ལ། །
མུན་པ་སེལ་རོགས་གནང་དང་། །
དཀར་ཡོལ་ཆག་ན་ཆག་ཆོག །
སང་ཉིན་ཁྲོམ་ལ་ཉོ་ཆོག །
བདག་གི་དྲིན་ཆེན་ཕ་མ། །
ཉོ་རྒྱུ་ཡོད་པ་མ་རེད། །
དཀར་ཡོལ་འབྲུག་རིས་ནང་ལ། །
ཞིམ་པོའི་ཆང་རག་བླུགས་ཡོད། །
དེ་ལ་འཐུང་སྔ་མ་བྱེད་། །
ཆང་རག་དུག་ཆུར་འགྱུར་འགྲོ། །
དཀར་ཡོལ་དཀར་པོ་གཅིག་ལ། །
རི་མོ་བཀྲ་ཤིས་རྟགས་བརྒྱད། །
དཀར་ཡོལ་འདི་འདྲ་འབྱོར་ན། །
རི་མོ་འབྱོར་ས་མ་རེད། །
དཀར་ནི་རས་བལ་དཀར་སོང་། །
འཇམ་ནི་འབུ་རས་འཇམ་སོང་། །
འཇམ་པོའི་འབུ་རས་གྱོན་དུས། །
རས་བལ་དགོངས་པ་མ་འཚོམས། །
དཀར་ཡོལ་དཀར་དཀར་ནང་ལ། །
འོ་མ་དཀར་དཀར་བླུགས་ཡོད། །
བློ་སེམས་ཨེ་དཀར་མི་དཀར། །
དཀར་ཡོལ་ཁ་ལ་བལྟ་ཆོག །
དཀར་གསལ་བཅོ་ལྔའི་ཟླ་བ། །
ཨ་སྔོན་གནམ་ལ་ཤར་བྱུང་། །
ནུབ་ཕྱོགས་དཀྲིགས་པའི་སྤྲིན་ནག །
ཟླ་བ་མ་བཀག་ཨེ་ཆོག །
དཀར་ཡོལ་ཆག་ན་དཀར་དཀར། །
འོ་མ་བོ་ན་དཀར་དཀར། །
མ་ཤི་སེམས་པ་དཀར་དཀར། །
ཤི་ན་རུས་པ་དཀར་དཀར། །
དཀར་འཇམ་ཕྱིང་གདན་ཐོག་ལ། །
གྲོ་ཡིས་གཡུང་དྲུང་བཀོད་ཡོད། །
བག་མས་གཡུང་དྲུང་དཀྱིལ་ལ། །
གསེར་གྱི་ཚིགས་སྐོར་བཞག་སོང་། །
དཀར་གསལ་ཟླ་བའི་དཀྱིལ་ལ། །
རི་བོང་བློ་ལྡན་ཤེས་རབ། །
ཟླ་བའི་ཐུགས་ལ་མེད་ན། །
སྤང་རྩྭ་ཟ་བར་འགྲོ་ཆོག །
དཀར་གསལ་ཟླ་བ་གཞོན་ནུ། །
མཛེས་བསམ་སྙམ་པ་མ་གནང་། །
ཆུང་འདྲིས་བྱམས་པའི་ཞལ་རས། །
ཟླ་བ་ལས་ཀྱང་མཛེས་པ། །
དཀར་གསལ་ཟླ་བ་ཤར་བྱུང་། །
རྩིག་ངོས་གྲིབ་མ་ཞུགས་སོང་། །
ང་ཡི་ཆུང་འདྲིས་བྱམས་པ། །
ཡོང་བ་མིན་ན་བསམ་བྱུང་། །
བཀའ་དྲིན་ཆེ་བ་ལོས་ཡིན། །
སྐུ་དྲིན་འཇལ་རྒྱུ་མ་བྱུང་། །
མ་ཤི་ཚེ་རིང་བྱུང་ན། །
སྐུ་དྲིན་ལས་ཀྱིས་འཇལ་ཆོག །
རྐ་འགོར་འཁྲིད་ནས་མ་སླེབས། །
རྐ་སྐེད་སྲུང་ཡང་མ་སླེབས། །
ཆུ་མོ་ཀྱག་ཀྱག་ཀྱོག་ཀྱོག །
ཞིང་ཆུང་ནང་ལ་སླེབས་བྱུང་། །
རྐང་ལ་མ་འགྲིག་ལྷམ་ནི། །
རྒྱ་དར་བཏགས་ཀྱང་མི་ཕན། །
ལག་ལ་མ་འགྲིག་སོར་གདུབ། །
ཁྲ་རྒྱན་ཡོད་ཀྱང་མི་ཕན། །
རྐང་ལ་མ་འདྲིས་ལྷམ་ཆུང་། །
འཇའ་ཆེན་ཡིན་ཡང་མི་དགོས། །
བློ་ལ་མེད་པའི་བྱམས་པ། །
གསེར་སྐུ་ཡིན་ཡང་མི་དགོས། །
རྐྱང་ཆུང་འགྲོ་བའི་ནང་སྔར། །
ཐང་ཆེན་མ་བརྗེད་གཏམས་ཡོད། །
ད་སྔོན་རྗེད་ཐལ་ཟེར་མིན། །
འདྲ་གཉིས་ཐུག་ན་བརྗེས་ཡོང་། །
སྐད་གླིང་སྒྲ་སྙན་ནང་ནས། །
སྙན་པའི་གླུ་ཞིག་ལེན་རོགས། །
བློ་སེམས་ཨེ་མཐུན་མི་མཐུན། །
ལེན་པའི་གླུ་ལ་ཉོན་ཆོག །
སྐད་ཅིག་གློག་དང་འདྲ་བའི། །
མིག་གིས་མདའ་མོ་འཕེང་བྱུང་། །
གངས་དཀར་སེམས་ལ་ཐེབས་ནས། །
རང་དབང་འདུས་ཐབས་མ་བྱུང་། །
སྐལ་བཟང་གསེར་ཁྲིའི་ཐོག་ལ། །
ལྷ་གཅིག་ཉི་མ་གཞོན་ནུ། །
ཆོས་འཇལ་ང་རང་མ་གཏོགས། །
གཞན་པ་གཏོང་བ་མ་བྱེད། །
སྐར་མ་སྨིན་དྲུག་ཁྲ་མོ། །
སྒང་དང་ལ་མོ་བརྒྱབ་ཐལ། །
མནའ་ཆེན་མནའ་ཆུང་སྲུང་ངོ་། །
ལོ་ཆུང་ང་ནི་རྐྱང་རྐྱང་། །
སྐར་མ་བརྒྱ་ཡི་དཀྱིལ་ནས། །
པ་སངས་འདྲ་བ་མི་འདུག །
བུ་མོ་བརྒྱ་ཡི་ནང་ནས། །
ཁྱོད་རང་འདྲ་བ་མི་འདུག །
སྐར་མ་ཐར་རེ་ཐོར་རེ། །
ག་ས་ག་ནས་ཤར་བྱུང་། །
སྙིང་དང་འདྲ་བའི་སྐར་ཆེན། །
སྙིང་གི་སྟེང་ལ་ཤར་བྱུང་། །
སྐར་མ་སྨིན་དྲུག་འདྲ་བའི། །
ཧྲ་གེ་ཧྲུག་གེ་མི་དགོས། །
ཐོ་རངས་སྐར་ཆེན་ལྟ་བའི། །
གཅིག་གིས་ཆོག་པ་དགོས་ཡོད། །
སྐར་མ་ཐར་རེ་ཐོར་རེ། །
ག་ས་ག་ནས་ཤར་བྱུང་། །
རང་གི་གནམ་གསལ་སྐར་ཆེན། །
ད་དུང་ཤར་རྒྱུ་མི་འདུག །
སྐེད་རགས་རིང་པོ་བརྗེ་ཤོག །
མི་ཚེ་རིང་བའི་ཆེད་ཡིན། །
ལྷམ་སྒྲོག་ཐུང་ཐུང་བརྗེ་ཤོག །
སྔ་ཙམ་འཛོམ་པའི་ཆེད་ཡིན། །
སྐེད་རིའི་སྐེད་ལ་འགྲོ་རྒྱུ། །
བསམ་རྒྱུ་ཙན་དན་སྡོང་པོ། །
ཙན་དན་མ་ལོན་བར་ལ། །
ཤིང་སྣ་གང་ཡིན་མི་འཐུ། །
སྐྱ་ཀ་ཁྲ་མོའི་མཇུག་སྒྲོས། །
བུམ་པའི་ཁ་རྒྱན་འོང་ན། །
རྨ་བྱའི་སྒྲོ་མདོངས་ང་ཡིས། །
ལྟད་མོ་རྒྱང་ནས་བལྟ་ཆོག །
སྐྱ་ཟམ་ཟམ་པའི་ཞབས་ལ། །
ཉ་པ་འཚང་ཁ་ཤིག་ཤིག །
བརྩོན་སེམས་ཅུང་ཟད་མེད་ན། །
ཉ་མོ་སོད་ས་མ་རེད། །
སྐྱ་ཟམ་ཟམ་པའིའོག་ལ། །
འཁྱུག་དགའ་ཚ་བའི་ཉ་མོ། །
ཉ་པས་སླུ་བའི་ཟས་ལ། །
དོགས་ཟོན་ཡང་ཡང་བྱེད་རོགས། །
སྐྱ་ཟམ་ཟམ་པའིའོག་ལ། །
འཁྱུག་དགའ་ཚ་བའི་ཉ་མོ། །
ཉ་མོ་འཁྱུག་དགའ་མ་ཚ། །
ལྕགས་ཀྱུ་སྔོ་མོས་བཟུང་ཡོང་། །
སྐྱིད་པོའི་ཉི་མ་ལྷ་ས། །
ཕ་ཡུལ་བྱེད་བསམ་ཡོད་དེ། །
ས་འདྲིས་མི་འདྲིས་མེད་ན། །
ལོ་ཆུང་ཆགས་ས་མ་རེད། །
སྐྱིད་པོ་ཆང་རག་འཐུང་སར། །
ལྡུམ་ར་མང་པོ་ཡོད་ཀྱང་། །
སྡུག་མོ་ཁ་བས་བཀབ་དུས། །
ལྡུམ་ར་གཅིག་ཀྱང་མི་འདུག །
སྐྱེ་ཡག་ལྷ་ཤིང་ཤུག་པ། །
བྲེལ་བ་མ་བྱེད་སྒུག་རོགས། །
ལ་རྩེར་ལྷ་བསང་གཏོང་དུས། །
བསང་དུད་བང་ཆེན་གཏོང་ཆོག །