2017-05-24
སྔོན་ཝ་མོ་ཞིག་སེང་གེའི་རྗེས་སུ་སོང་སྟེ་སེང་གེས་རི་དྭགས་བསད་པའི་ཤའི་ལྷག་མ་ཡུན་རིང་ཟ་ཡི་ཡོད། ཐེངས་ཤིག་སེང་གེས་གླང་པོ་ཆེ་ཞིག་བསད་ནས་ཝ་མོར། ཁྱོད་ཀྱིས་འདི་ཁུར་ཞིག གལ་ཏེ་མ་ཁུར་ན་ཕྱིན་ཆད་ཤ་ཟ་བར་མ་རེ་ཞིག་ཅེས་བཤད། ཝ་མོའི་བསམ་པར་གླང་པོ་ཆེའི་རོ་ནི་ངས་ག་ལ་ཐེག འོན་ཀྱང་ཤ་ནི་བཟའ་དགོས་པར་འདུག་སྙམ་ནས། སྦྱིན་བདག་ལགས། ངས་འཁུར་བར་མོས། འོན་ཀྱང་བྱ་བ་གཉིས་སྡེབ་གཅིག་ཏུ་མི་འགྲུབ་པས་གཅིག་སྦྱིན་བདག་ཁྱེད་ཀྱིས་མཛད་པར་ཞུ་ཞེས་བཤད། སེང་གེས་བྱ་བ་གཉིས་གང་དང་གང་ཡིན་ཞེས་དྲིས་པར། ཝ་མོས་འཇིག་རྟེན་གྱི་ལུགས་སྲོལ་ལ་སེམས་ཅན་ཆེན་པོ་ཁུར་ནས་འགྲོ་བའི་སྐབས་དེའི་རྗེས་ལ་འཁུན་སྒྲ་འདོན་མཁན་ཞིག་དགོས་པས་གླང་པོ་ཆེ་ཁུར་བ་དང་འཁུན་སྒྲ་འདོན་དགོས་ཞེས་བཤད། སེང་གེའི་བསམ་པར་ང་ནི་རི་དྭགས་ཀྱི་རྒྱལ་པོ་ཡིན་པས་སེམས་ཅན་ཐ་ཆད་འདི་ལྟ་བུའི་རྗེས་སུ་འཁུན་སྒྲ་འདོན་དགོས་པ་ཅི་ཡིན་ནམ་སྙམ་ནས་གླང་པོ་ཆེ་རང་གིས་ཁུར་ཏེ་སོང་བའི་རྗེས་སུ། ཝ་མོ་དགའ་ཞིང་དགོད་བྲོ་བའི་དབྱངས་འཁུན་སྒྲ་ལྟར་བྱས་ཏེ་སོང་།།
རྩོམ་གསར། 10