ཤོ་བཤད་མེས་པོའི་ཤགས་འདེབས་དགེ།

        2018-01-10

ཤོ་བཤད་མེས་པོའི་ཤགས་འདེབས་དགེ།

གཉན་འདོང་ཁྲོམ་དབེན་གནས་ནང་གི་ཙནྡན་ཀ་བ་དགུ་བསྒྲིགས།

ཤོ་ཐོག་མར་རྒྱག་དུས་ཤོ་འབོད་འདི་ལྟར་བྱ་སྟེ།

འོ། ཚུགས་བཟང་། ཚུགས་བཟང་། ཚུགས་བཟང་།

ཕོ་ལྷས་ཚུགས། མོ་ལྷས་ཚུགས།དགྲ་ལྷ་ཡོན་ཏན་དཀར་པོས་ཚུགས།

ཨ་ནེ་གོང་སྨན་རྒྱལ་མོས་ཚུགས།ཤོ་བདག་རྡོ་རྗེ་ལེགས་པས་ཚུགས།

ཐེའུ་རང་རྒྱལ་པོ་སྤུན་དགུས་ཚུགས།དགའ་ས་ནས་ཡོང་། སྐྱིད་སར་ཚུགས།

ཨ་མི་སྔོན་མོས་བྲོ་འཁྲབ་སར་ཚུགས།ཕོ་ངའི་མིང་ལ་ཐོབ་རྒྱལ་གྱི་དབང་པོ་ཟེར།

མི་ཕོ་ཁྱོད་ཀྱི་མིང་ལ་ཤོ་ཡི་དབང་པོ་ཐོགས།ཤོ་མོ་འདི་རི་ཐོག་ལ་ཚུགས་སོ།།

བང་མ་དེ་རླུང་ཐོག་ནས་ལེན་ནོ།།ཞེས་དང་།

ཤོ་ཨ་ལི་མས་གར་བྱེད་ས།ཡང་ལི་མས་བྲོ་འཁྲབ་ས།

ཤོ་པ་རས་གཡས་བསྐོར་བརྒྱག་ས།མི་ཕམ་ས། རང་ཁེ་ས།

ཤོ་བདག་རྡོ་རྗེ་ལེགས་པ།དམ་ཅན་ལག་པ་སྔོ་རྗེན་ནེ།

ཐེའུ་རང་ལག་པ་སྤུ་སུ་རེ།ཕོབས། ཕོབས། ཞེས་འབོད།

པ་ར་བབ་བྱུང་དུས།བསྭོ་བསྭོ།ཁྱོད་འདྲ་བ་བརྒྱ་ཤོག

ཁྱོད་འདྲ་བ་སྟོང་ཤོག   ཞལ་ཟས་ལ་འདོམ་གང་།

མར་མེ་ལ་ཁྲུ་གང་།པ་ར་ཁྱོད་སྔ་མ་བྱུང་།

ཕྱི་མ་བྱུང་།རེམ་པའི་ཐིག་ཆེན་བཅོ་བརྒྱད་ལ་རྒྱབ་བྱུང་། ཞེས་ཟེར།

ཤོ་མིག་གཉིས་པ། པ་ར།

པ་རས་སྤོབས་བཟླས་ན་རྒྱལ་ཁམས་ལོ་ཡག།

པ་ར་ཕེབས་ཀྱི་དང་པོ་རེད།འུར་རྡོ་མཚོན་གྱི་གཉིས་པ་རེད།

ཤོ་ལ་པ་ར་མེད་པ་ཅི་རེད།གོང་ལ་དཔོན་ལུ་མེད་པ་ཅི་རེད།

ཤོ་ལ་པ་ར་མེད་པ་ཅི་རེད།ཕོ་ཕྱུག་པོ་ལ་ད་ར་མེད་པ་ཅི་རེད།

པ་ར་ལ་སྤེན་པ་བཀྲ་ཤིས་ཟེར།ཉི་མ་ལ་ཟླ་བ་ཚེ་རིང་ཟེར།

མགྱ་མགྱ་གྱིས་ཤོག  མགྱོགས་མགྱོགས་གྱིས་ཤོག

པ་ར་ཡང་ལྟ་གྱིས་ཤོག  པ་རའི་བུ་མོ་ལྟེ་ཤོ་མ།

ལྟེ་བའི་ཞབས་ལ་མཐོ་གང་ཡོད།རྒྱུ་མ་མི་ལུག་ཡ་མཚན་ཆེ།

པ་ར་གཅིག་གིས་ང་འགྲོ་ཟེར།པ་ར་གཅིག་གིས་ཁོ་འགྲོ་ཟེར།

ཐེའུ་རང་པ་རས་ང་འགྲོ་ཟེར།དམ་ཅན་པ་རས་ང་འགྲོ་ཟེར།

འགྲོ་ངོ་མ་ཐེའུ་རང་པ་ར་འགྲོ།པ་ར་ཤོག་དང་ད་ར་བླུད།

ད་ར་ཨ་མའི་ལག་ལ་ཡོད།པ་ར་ཤོག་དང་ད་ར་བླུད།

ད་ར་འོ་མའི་རྒྱ་མཚོ་ཡིན།པ་ར་ཤོག་དང་ད་ར་བླུད།

པ་ཕྲུག་ངེད་གཉིས་རྩེད་མོ་རྩེ།པ་ར་ཤོག་དང་ད་ར་བླུད།

ཨ་སྟག་ཤོག་དང་འབྲོང་ཤ་སྟེར།ཐེའུ་རང་ཤོག་དང་ཡོས་ཁྲ་སྦྱིན།

པ་རེ་ཟེར་དུས་སྤོག་རེ་སྐྱེལ།དེ་དུས་སེམས་བུ་ཀྲོག་ཀྲོག་གྱིས།

འབབ་ཚེ་རིང་དུང་གི་རྣ་རྒྱན་ཅན།འབོད་མི་དགོས་ཤྭ་པའི་གྲོགས་ལ་བྱོན།

ཤོ་མིག་གསུམ་པ། སུག

གསུར་ཐོངས་ཤོག་དྲི་ཟའི་གནོད་པ།

སུག་སུག་བླ་ལུའི་དབུ་ཞྭ་རེད།རྗེ་མི་ལ་རས་པའི་སྒོམ་ཞྭ་རེད།

སུག་དང་སུ་ལུ་མགོ་འཛོམས་རེད།སྡང་དང་བེའུ་ཚ་ཞང་རེད།

སུག་ཐུང་གྲུམ་པའི་པགས་པ་དེ།མགྱོགས་པ་རྟ་ཡི་ཟེ་རྒྱན་ཡིན།

སུག་ཐུང་གྲུ་ཐུང་ཁུར་པོ་ཁུར།དེ་ལ་མགྱོགས་པ་ཐོགས་ལེ་མིན།

ཨ་སྐྱིད་ཚག་པས་མདའ་གཞུ་ཁུར།དེ་ལ་དཔའ་བོ་ཐོགས་ལེ་མིན།

ཨ་སྐྱིད་ཚག་པ་ནི་འབུ་ཆ་ག་པ།སུག་སྟིམ་སྐམ་པོས་ཧུབ་ཅིག་བསྐོལ།

མི་རྟ་བཅོ་བརྒྱད་རྒྱག་རབས་ཡོད།སུག་སྟིམ་སྐམ་པོས་ཧུབ་ཅིག་བསྐོལ།

དེ་རིང་མི་དགོས་སང་ཉིན་རྒྱགས།སུག་སྟིམ་སྐམ་པོས་ཧུབ་ཅིག་བསྐོལ།

ང་ཡིས་མི་འཐུང་ཁྱོད་ལ་དྲངས།སུག་སྟིམ་ནི་རྐང་ལག།

སུག་སུག་བུ་མོའི་འདུག་ལུགས་དེ།ཕྱི་རྟིང་སྟུ་དང་ཁ་སྤྲོད་རེད།

སུག་ཁྱི་འཆམ་མགོ་ལ་གྲ་མ་ཟུག།ཨ་ཚ་ཨ་ནས་རྒྱུན་མི་ཆད།

སུག་སོག་པོས་བྱས་བྱས་ངས་མ་བྱས།ཐེའུ་རང་འབེན་ནི་ངས་མ་རྫོགས།

ཕྱུག་པོ་བུ་ལ་བློ་དྲིས་ན།མགོ་ནག་མི་ལ་རྒྱན་མི་བསྐུར།

ཕོ་སུག་དར་དཀར་མཛེས་མཛེས་རེད།

མོ་སུག་དར་ནག་མཛེས་མཛེས་རེད།སུག་ཕོ་མོ་གཉིས་ལ་རྟ་ཞིག་གདའ།

རྟ་དེ་ལ་སུག་མཛེས་རབ་དཀར་ཐོགས།

ཤོ་མིག་བཞི་པ། ཟིག།

ཛིག་འབའ་ཁྲ་ཆུང་རྒྱབ་ལ་ཁུར།ཁ་ལ་ཨེ་བསམ་མ་ཎི་འདོན།

ཟིག་པ་ལྷ་འདྲེས་ཟིག།ཆུ་ནང་ཉ་མོ་ཟིག།

ཟིག་ཟིག་མར་ཁུའི་ཆུ་འཐུང་དེ།གེ་སར་ལྷ་ཡི་གདུང་རྒྱུད་རེད།

ཟིག་པ་མ་ཟ་ལེབ་འགའ་མ།མར་ཐང་ཆང་ཉོ་སོང་ཟི་ཡིན།

ཟིག་གི་ར་རྒན་རྒྱ་མོ་དེ།ཧྲུག་ཧྲུག་ཟེར་ནས་འཆའ་རྒྱུ་ཡིན།

ཟིག་གི་ར་རྒན་རྒྱ་མོ་དེ།བཞོ་སྒྱིད་ཐག་མི་དགོས་གཡང་གིས་སྲུངས།

ཟིག་པ་ལྷ་འདྲེའི་སྒོ་ཟོག་རེད།བཀའ་བཙན་ལེ་ཤེས་ཀྱང་གསོད་རྒྱུ་ཡིན།

ཟིག་གི་ལྷ་སྐྱིད་སྒྲོལ་མ་དེ།མཇེ་རླིག་ལྔ་བརྒྱའི་བདག་པོ་རེད།

ཟི་ལིང་ལྕགས་ཐག་འཇའ་རེད་ཟེར།འུག་པའི་མིག་རྡོག་གསེར་རེད་ཟེར།

ཙི་གུ་ལྷ་ལྕམ་སྒྲོལ་མ་ལ།རྔ་མ་འདོམས་པ་བཅོ་བརྒྱད་ཡོད།

རྩིག་པ་ལྷ་འདྲེས་བརྩིགས་ཟི་རེད།དེ་ལ་ཡི་དྭགས་འཁོར་དོན་མེད།

ཤོ་མིག་ལྔ་པ། ཁ།

ཁ་ཁ་རོགས་བཟུང་ན་ཁ་མཆུ་མེད།མགོ་རུམ་ནང་བཙུད་ན་ལྷགས་པ་མེད།

ཁ་འབབ་ལག་འབབ་སྦྱིན་མི་རྣམས།ནུབ་བདེ་བ་ཅན་ལ་སྐྱེ་བར་ཤོག།

ཁ་མཁས་པས་བཤད་ན་ཅི་ཡང་བདེན།ལག་བདེ་མོས་ལས་ན་ཅི་ཡང་ཐོན།

ཁ་ལ་ཡ་ཁ་ཟེར།ཁ་ལ་མ་ཁ་ཟེར།

རིན་ཆེན་གསེར་གྱི་ཁ།ཨ་གཉན་དམ་པའི་ཁ།

ཁ་ལ་ཡ་ཁ་ཟེར།ཁ་ལ་མ་ཁ་ཟེར།

སྟུ་ལ་ལྟས་ངན་ཟེར།མཇེ་ལ་དགོ་རུ་ཟེར།

དགོ་རུ་ནི་རི་དྭགས་དགོ་བའི་རྭ་ཅོ།

ཁ་ལ་ཡ་ཁ་བདག་པོ།ཁ་ལ་མ་ཁ་བདག་པོ།

ཨ་རུ་བཅུད་ལེན་བདག་པོ།སེར་བ་མཛུབ་ཁྲིད་བདག་པོ།

ཁ་ལོ་གོང་གསུམ་གཡུ་ལོ་ཅན།རྗེ་ཉི་མའི་མགྱོགས་ལམ་མི་དགག་རོགས།

ཁྭ་ཏ་ཟེར་བའི་བྱ་ཞིག་གདའ།ལྷ་བྱ་རེད་དང་འདྲེ་བྱ་རེད།

ཁ་ལ་ཡ་ཐོད་རྫ་མ་མགོ།ཐོད་པ་མེ་ལོང་གཅིན་འགིས་མགོ།

ཁ་ལ་ལ་དང་ཁ་ལ་ལ།གླང་ཆེན་ཉི་ཟླ་བསྐོར་ལ་ཁ།

ཁ་དོག་ཡག་ལེ་བལྟས་བལྟས་ཤི།དེ་ཚེ་འབྲུག་མོ་ཧོར་གྱིས་ཁྲིད།

ཁ་མཆུ་མི་གཏམ་ཁ་མེད་བྱུང་།རྩ་བ་རང་ལ་ཐུག་ལེ་རེད།

ཨ་ཀ་ཤཱཀྱ་ཐུབ་པ་ལ།གཙུག་ཏོར་འདམ་པ་དགུ་བརྒྱ་ཡོད།

ཁག་ཁུར་རྒྱན་འཛོམས།དེ་ལ་ཁག་ཁུར་རྒྱན་འཛོམས་ཐོགས།

ཁོབ་ཟེར་ནས་ཨ་ཕོས་བོག་ཅིག་འཕང་།སྐྱ་རལ་ལེ་བསྒྲིལ་རྒྱུ་དགོ་བ་རེད།

སེམས་ཅན་ཁ་ནི་ཡ་ཁ་མ་ཁ་རེད།ཉོན་མོངས་ཁ་ནི་ཕ་ཁ་ཚུར་ཁ་རེད།

ཤོ་མིག་དྲུག་པ། འབྲུག

འབྲུག་པ་ཀུན་ལེགས་ཨེ་ཤེས།ས་སྐྱ་པཎ་ཆེན་ཨེ་ཤེས།

འབྲུག་པ་ཀུན་ལེགས་ཕྱེན་ལ་དགའ།དེ་མིན་ཇ་དང་ཆང་ལ་དགའ།

འབྲུག་བྱམས་ཆེན་མགོ་ལ་ཉི་མ་ཤར།གླིང་སེང་ཆེན་དབུ་འཕ

ང་དགུང་ལས་མཐོ།འབྲུག་ཚང་ནང་ནས་འབྲུག་གཅིག་གྲགས།

རྩངས་པ་རྒྱ་བོ་ཚ་ཚིག་ཡལ།ཨ་འབྲུག་འབྲུག་པ་ཨེ་ཤེས།

དར་རྩེ་མདོ་པ་ཨེ་ཤེས།སྟོང་སྐུད་ལྷས་མ་ཨེ་ཤེས།

ཨ་དྲུག་ལ་ར་མ་དྲུག།ར་མ་དྲུག་ལ་རེའུ་དྲུག།

གྲུ་གུ་དྲུག་ལ་སྣམ་བུ་དྲུག།དེང་སང་གཡག་གུ་སོ་དྲུག་པ།

གྲུ་གུ་དྲུག་ལ་སྣམ་བུ་དྲུག།དེ་འདྲ་སྣམ་བུ་ཡ་མཚན་ཅན།

གྲུ་གུ་དྲུག་ལ་སྣམ་བུ་དྲུག།སྣམ་བུ་དྲུག་གི་ཚོས་ཁ་དེ།

གྲུ་གུ་ནི་སྐུད་པའི་གོང་བུ།དྲུག་དྲུག་སྐར་མ་སྨིན་དྲུག་དེ།

ཇག་རྟ་ཐོག་གཅིག་གི་ཟ་མ་རེད།ཚོང་འགྲོ་ཐོག་གཅིག་གི་ཁེ་སྐྱེད་རེད།

ལུག་ཐོང་པ་མི་བཤའ་ཁ་མེད་རེད།དཔའ་རྒྱ་ཚའི་གསོལ་ཡ་ཆད་ལེ་རེད།

ཤོ་མིག་བདུན་པ། རི།

རི་མོ་གཅིག་ལ་ངོ་བཞི་གདའ།ངོ་གཅིག་དེ་ང་ལ་གཡར་རོགས་གྱིས།

སྐྱིན་པོ་སང་ཉིན་གཞེས་ཉིན་སྤྲད།རི་བདུན་ཤོ་དེ་འབོད་མི་དགོས།

བ་གླང་གི་རྙང་པ་བཙིར་མི་དགོས།རི་ཕར་ནས་ཇ་མས་ཇ་བསྐོལ་རེད།

ནམ་གསལ་དུས་མི་བསྐོལ་ཁ་མེད་རེད།ཨ་རི་མ་གཅིག་བོབ་ཤོག།

དུང་རི་མ་གཅིག་བོབ་ཤོག།དུང་རྟ་ཁ་ལོ་བསྒྱུར་ཤོག།

དགྲ་བོའི་སྙིང་སྲོག་ཆོད་ཤོག།རི་ལྟེམ་ལྟེམ་ལྟད་མོ་ལྟ་ས་རེད།

ཐང་བདེ་མོ་ཨ་ར་བཤའ་ས་རེད།

རི་ལུ་མི་ལུ་སྒྲིལ་ཤོག།སྲན་མའི་རི་ལུ་སྒྲིལ་ཤོག།

རི་མོ་གཅན་གཟན་མགོ་ནག་མ།ཤི་ལེ་མིན་ན་ཡ་ལ་ལོངས།

རེའུ་ཁུག་ཁུར་ཤོག་སྣ་ཐ་འདུལ།ཡ་ལེ་ཡོ་ལེ་སུ་ཡིས་བཟོ།

རིགས་དྲུག་ཀུན་ལ་ཆོས་སྒྲ་སྒྲོགས།གུ་རུ་སེངྒེ་སྒྲ་སྒྲོགས་ཡིན།

རིགས་དྲུག་འདྲེན་པའི་བླ་མ་དེ།སེང་ཆེན་ནོར་བུ་དགྲ་འདུལ་ཡིན།

རིག་ཚད་བྱས་ནས་བུ་ཞིག་བཟོས།བུ་དེ་ལ་ལྷ་བུ་ཚེ་རིང་བཏགས།

ཤོ་བཤད་མེས་པོའི་ཤགས་འདེབས་དགེ།

གཉན་འདོང་གནས་མཆོག་བདེ་བ་ཕུག་ཏུ་བཞུགས་པའི་སིནྡྷུ་རའི་ཕུག་པ།

ཤོ་མིག་བརྒྱད་པ། ཤ།

ཤ་གཅིག་རེད་ན་བཟའ་བཞག།མར་གཅིག་རེད་ན་བཅང་བཞག།

ཤོ་ཤ་རི་བོའི་རྩེ་ལ་ཡོད།ཉ་ཤ་རྒྱ་མཚོའི་འགྲམ་ལ་ཡོད།

ཤ་བཞག་ཟི་འདྲ་མ་བྱས་ན།ཤ་ཐག་ལེགས་པོ་ཁྱོད་ཀྱིས་བཅད།

ཤ་བཞག་ཟི་འདྲ་མ་བྱས་ན།ཤོ་བདག་ལག་པ་མདའ་ལས་ཚ།

ཤ་པས་ལ་ཁ་ནས་གྲི་རྡར།རྒན་མོ་ལུང་ཁུག་ནས་ངུ་ལུག།

ཤ་བཅད་ཤིང་རྟ་འཁོར་ལོ་མ།སྨན་བུ་མོའི་ལོ་རྟགས་འབྲུག་ལོ་རེད།

ཤ་ཤ་བུ་མོའི་རུམ་ནང་ནས།ཤི་ཤི་མིན་པའི་ཁས་ཤིག་བླངས།

ཤབ་ཟེར་དུས་དཔའ་བོས་རལ་གྲི་ཤག།ཤག་ལེ་གཡུག་ལེ་དུས་གཅིག་རེད།

ཤར་རྒྱལ་བ་བློ་བཟང་གྲགས་པ་ལ།གསེར་རྟ་རྒྱབ་གཅིག་དང་དྲེལ་རྒྱབ་གཅིག།

ཨ་བརྒྱད་པ་བརྒྱད་ཤོ་བ་བརྒྱད།ཕུ་ན་ལྷ་མཚོ་ཕྱུག་མོ་བརྒྱད།

མདའ་ན་ས་ནག་གད་པ་བརྒྱད།མགོན་ཁང་ནང་ལ་མགོན་པོ་བརྒྱད།

མགར་ཚང་ནང་ལ་དམ་ཅན་བརྒྱད།བྲག་དམར་ཞབས་ལ་ཐེའུ་རང་བརྒྱད།

ཤོ་མིག་དགུ་པ། དགུ།

མཛོ་མོ་དགུ་ཡི་བདག་པོ་ཡིན།དབྱར་ཞོ་དགུན་ཞོ་ཆད་མ་མྱོང་།

སྒུག་བསྡད་ཡོད་དེ་སྒུག་བསྡད་ཡོད།བོད་སྡེ་པ་གཞུང་གིས་སྒུག་བསྡད་ཡོད།

སྒུག་པའི་བླ་མ་མ་མཇལ་ན།བུ་ས་འོག་ས་སྟེང་འདུག་ཐབས་མེད།

དགུ་དགུ་རྭ་ཅོའི་ཕྲེང་བ་ལ།རྒྱན་རྫས་གཡུ་དང་བྱེ་རུ་རེད།

དགུ་དགུ་བརྒྱད་ཅུ་གྱ་གཅིག་དེ།ཧོར་རྒན་ཤན་པའི་མགོ་ལ་བསྒྱུར།

དགུ་པ་ཨེ་ཤེས་ཕྱེ་མར་མགོ།ཕྱེ་མར་མེད་ན་གོ་རྒན་མགོ།

རྒུན་འབྲུམ་བཟས་ན་ཞིམ་པོ་ཡོད།རྒུན་འབྲུམ་བཟས་ན་མངར་མོ་ཡོད།

ཕོ་དགུ་བསད་པ་སྟག།མོ་དགུ་བསད་པ་གཟིག།

ཝ་ལེ་ཝུ་ལེ་ཆང་།རྔ་མ་ལེབ་ཀྱི་སྦེ།

རྒུན་འབྲུམ་ལོ་ཏོག་རྒྱས་ཉིན་མ།བྱ་ཏིང་ཏིང་ཁ་ལ་ཐལ་བ་ཐོབ།

རྒས་པོ་ལ་ལ་སོང་ན་སྒུ་རུ་རུ།རྒན་མོ་ཐུར་ལ་ཡོང་ན་སྒུ་རུ་རུ།

བྱིས་པས་མེ་ཏོག་འཐུ་ན་སྒུ་རུ་རུ།བ་རྒན་གཅིན་རྙང་གཏོང་ན་སྒུ་རུ་རུ།

སྒུ་ན་མི་བཟང་སྒུ་ན་བཟང་།ལོ་ཡག་སྙེ་མ་སྒུ་ན་བཟང་།

རྒྱ་ཟོར་ངར་མ་སྒུ་ན་བཟང་།ཚེས་གསུམ་ཟླ་བ་སྒུ་ན་བཟང་།

སྐྱེས་པའི་དཔའ་རྩལ་སྒུ་ན་བཟང་།ཕོ་སྒུ་སྒུ་ཐམས་ཅད་དཔའ་རྩལ་སྒུ།

དགུ་གོམ་གསུམ་སྤོས་ན་དོན་གསུམ་འགྲུབ།

བདུད་ཀླུ་བཙན་མགོ་ལ་ཐོད་མདའ་སྤྲད།

ཧོར་གུར་དཀར་མགོ་ལ་གཉའ་སྒ་གཏད།

ཤོ་མིག་བཅུ་པ། ཆུ།

ཆུ་བོ་ཡར་ཀླུང་གཙང་པོ་ལ།གྲུབ་པ་ཐོབ་པའི་མི་ཞིག་འགི།

ཆུ་ལ་ཆར་པའི་སྐྱོབ་རོགས།ང་ལ་བྱམས་པའི་སྐྱོབ་རོགས།

ཆུ་འགྲོ་བ་འདྲེན་པའི་འགྲམ་ངོགས་ལ།ང་ཤོ་བ་སྨུག་ཆུང་སྣང་བ་སྐྱིད།

ཆུ་དྭངས་མ་ཤར་ཤར་མ་རྒྱུགས་ན།སྨན་བུ་མོའི་ཞལ་ངོ་གང་གིས་འཁྲུ།

དེ་རིང་ང་ཡི་ཆུ་རེད།ང་ལ་ལ་འགྲོ་བའི་ཆུ་རེད།

སང་ཉིན་ཁྱོད་ཀྱི་ཆུ་རེད།ཁྱོད་ཀླུང་ལ་འགྲོ་བའི་ཆུ་རེད།

དབྱར་ཁ་དབྱར་ཁའི་ཆུ།དགུན་ཁ་དགུན་ཁའི་ཆུ།

ཉིན་ལེབ་སྤང་གི་ཆུ།རྫ་མ་རང་གི་ཆུ།

དེ་རིང་ང་ཡི་ཆུ།སང་ཉིན་ཁྱོད་ཀྱི་ཆུ།

ཤོ་མིག་བཅུ་གཅིག་པ། ཐོབ།

ཐོབ་སྒྲ་ཆེ་བའི་གཤོག་སྒྲ།བྱ་ཝང་འཕུར་བའི་གཤོག་སྒྲ།

ཐོབ་ཟེར་ལི་རྟ་མིན་རྟེའུ་མགོ་མ།དངུལ་སི་ལི་མི་ལི་སྤྲོད་ས་རེད།

ཐོབ་རྟ་མིན་རྟེའུ་མགོ་མ་རྒྱབ་ན།དངུལ་སི་ལི་མི་ལི་ཤོར་ས་རེད།

ཐོབ་ཐོབ་མཆིན་པའི་དཀྱིལ་ལ་གདའ།མཆིན་པ་ཧ་ཤང་དི་རི་རི།

ཐོབ་ཐོབ་དར་རྒྱས་དགོན་པ་ལ།མདང་སང་རྐུན་མ་འཇབ་རབ་ཡོད།

འཇབ་རབ་ཡོད་དེ་ཤོར་རབ་མེད།

ཐོབ་ཐོ་མོ་གཉིས་ཀྱིས་རྟ་ཞིག་ཉོས།རྟ་དེ་ལ་ཅི་བཏགས་མ་ཤེས་ན།

རྟ་དེ་ལ་ཐོབ་རྒྱན་རག་ཕྲུག་བཏགས།ཐོག་ཐོག་གཉན་ཆེན་ཐང་ལྷའི་ཐོག།

གོ་ར་སེང་ལྕང་རྫ་ལ་ཐོག།རྔ་མ་བྲེ་སེར་འབྲོང་ལ་ཐོག།

དགོས་པ་སྣང་སྲིད་ལྷ་འདྲེའི་ཐོག།ཐོག་ཆེན་ནམ་མཁའི་འབྲུག་གྲགས་དེ།

ཐོག་རེ་རྒྱག་དུས་གློག་རེ་འཁྱུགས།གནམ་ལྕགས་ཐོག་གི་འགྲིམ་ལམ་ནས།

བྲག་རི་སྲ་ཡང་བརྟན་ལེ་མིན།

ཐོག་ཆེན་ཤེད་ཆེན་མགོ་ལ་རྒྱོབ།

མེ་རི་བཙན་པོའི་སྙིང་ལ་རྒྱོབ།

ཐོག་རེད་ན་ཐེའུ་རང་མགོ་ལ་རྒྱོབ།

མེ་རེད་ན་རྫ་མའི་འོག་ལ་བུས།མདའ་རེད་ན་གུར་དཀར་མགོ་ལ་རྒྱོབ།

ཕོ་ཐོབ་གསེར་གྱི་ཀ་བ།མོ་ཐོབ་དངུལ་གྱི་གདུང་མ།

ཤོ་མིག་བཅུ་གཉིས་པ། འཇམ།

འཇམ་བཅུ་གཉིས་གླིང་དཀར་སྟོད་ལ་ཡོད།

སྨན་འབྲུག་མོ་ཧོར་སེར་སྨད་ལ་ཡོད།

འཇམ་བཅུ་གཉིས་རྐྱང་དཀར་སྟོད་ལ་ཡོད།ངང་པ་ལྷོ་བྱང་མཚམས་ལ་ཡོད།

འཇམ་བཅུ་གཉིས་ལ་མོ་མ་རྒྱག་ན།ཨ་རུབ་རྫ་ལ་ཤི་ལེ་ཡོད།

འཇམ་སྐྱ་ལུའི་ལ་མོ་མ་བརྒྱབ་ན།རྟ་འདོ་སྒའི་མིག་ནས་འཆི་མ་འབབ།

འཇམ་སྐྱ་ལུའི་ལྕགས་ཐག་ཁྲ་བོ་རེད།འུག་རྒན་མིག་རྩ་སེར་པོ་རེད།

འཇམ་ཆེན་སྐྱ་ལའི་གྲུ་ཁ་ལ།གྲུ་ལོག་མ་ཁུར་གྲུ་པའི་བུ།

འཇམ་བཅུ་གཉིས་ཡན་ལས་ཤོ་མེད།གུ་ར་ཡན་ལས་རྫ་མེད།

ཨ་ཆེན་ཡན་ལས་ཐང་མེད།འཇམ་དཔལ་མི་བསྐྱོད་རྡོ་རྗེ་རེད།

ལོངས་སྤྱོད་ཆོས་ཀྱི་འཁོར་ལོ་རེད།འཇམ་དཔལ་མཚན་བརྗོད་འདོན་འདོན་ཤི།

བན་རྒན་ཁུར་རྩ་ཇེ་ཡང་ཡིན།བཅུ་གཉིས་ལྕང་དཀར་རྡེབ་རྡེབ་རེད།

འོག་རྟ་བྱ་བྱེའུ་འཕུར་འཕུར་རེད།

པ་ར་དང་། སུག།

པ་སུག་སྤུ་སུག་བྱེད་ཟིག་འགི།ར་མས་འབའ་རད་འདེབས་ཟིག་འགི།

པ་སུག་ཀྲད་འགའ་ཤོ་པའི་ལྟས་ངན་རེད།སྡུག་ཐུག་ན་མི་འབོད་ཁ་མེད་རེད།

སུག་དང་། འབྲུག

སུག་འབྲུག་དང་ནེའུ་འབྲུག་ཟེར།ཨ་ཕྱི་དང་ལོ་ལོ་ཟེར།

ཟིག་དང་། སུག

ཛིག་སུག་དང་ནིའུ་ཟུག་ཟེར།ཨ་ཕྱི་དང་ལོ་ལོ་ཟེར།

ཟིག་སུག་གཉིས་ལ་ལ་མི་འགྲོ་བར།ང་ཤོ་པ་རྒད་པོའི་དམ་བཅའ་ཡིན།

ཟིག་སུག་ཡན་ལས་མགོ་མི་བཀྱག  ཤོ་པ་རྒད་པོའི་ཁས་ལེན་ཡིན།

ཟིག་སུག་ར་ལམ་མགོན་པོའི་ཐུགས་དམ་བསྐང་།

ཞིང་སྐྱོང་དབང་ཕྱུག་ཆེན་པོའི་ཐུགས་དམ་བསྐང་།

ཟིག་དང་། འབྲུག

ཟིག་འབྲུག་ཚིག་པ་ཟ་ཀྱིན་འདུག  ཤོ་པ་སྙིང་རླུང་ལངས་ཀྱིན་འདུག།

ཁ་དང་། པ་ར།

ཁ་པར་དྲུག་ལྕག་མི་ལ་རྒྱག།ཇ་ཁུག་ནག་རིལ་རྐུན་མས་ཁུར།

དྲུག་ལྕག་ནི་ལྕག་ཚན།

ཁ་དང་། ཟིག

ཁ་ཟིག་ཁ་སེང་ཞུས་བཞག་ཡོད།དེ་རིང་བདག་ལ་གནང་རོགས་གྱིས།

ཁ་དང་། སུག

ཁ་སུག་ཀོ་སུག་རྡེབ་རྡེབ་རེད།གཡག་གུ་སྣ་ལོ་རྩ་རྩ་རེད།

ཁ་དང་། འབྲུག

ཁ་འབྲུག་ཁམས་པའི་ཕྲུ་གུ་རེད།བདག་ང་རང་ཁམས་པའི་ཕྲུ་གུ་རེད།

ཁ་འབྲུག་བུ་རྗེས་ཤི་འགི་ཟེར།ཤི་ཡི་ཤི་ལུགས་ཅི་འདྲ་རེད།

ཁ་དང་། ཤ

ཁ་ཤར་ལ་ཕྱོགས་པའི་ལྟག་སྒོ་དེ།ཕ་སྟག་རོང་དཔོན་པོའི་གཟིམས་ཆུང་རེད།

ཁ་ཤ་མཁས་པའི་མི་ཞིག་གདའ།རྡེའུ་བསགས་པའི་གྲམ་ཕུང་རེད།

ཁ་ཤ་ཉ་ཤ་དགོ་ཤ་གསུམ།ཤ་ག་ནས་བཅད་ན་འདྲ་འདྲ་རེད།

ཁ་ཤ་ངོ་ཤ་མཁུར་ཤ་གསུམ།ཤ་ག་ནས་བཅད་ན་རང་ཤ་རེད།

ཁ་ཤ་བྲག་ལ་རྒྱག་ཀྱིན་གདའ།བྲག་ལ་སྐོར་ཏོ་ཟེར་གྱིན་གདའ།

ཁ་ཤ་གོང་མ་དཔོན་ཆེན་ལ།གསེར་ཏོག་ཙེས་སྐོས་དང་གཡག་པས་འཕྱག།

ཁ་དང་། རི།

ཁ་རིང་གོས་ཀྱི་གོང་བ།ཡང་རིང་དར་གྱི་མདུད་པ།

ཁ་རིང་གོས་ཀྱི་གོང་བ་རེད།གོས་གོང་བ་མེད་ན་རྒྱ་གོས་རེད།

ཨ་རིག་རིག་པའི་རི་མགོ་རིག་བྱུང་།མི་རིག་རིག་པའི་རི་མགོ་རིག་བྱུང་།

རྒྱ་ནག་རྒྱལ་པོའི་རྒྱབ་རི་རིག་བྱུང་།གེ་སར་རྒྱལ་པོའི་མདུན་རི་རིག་བྱུང་།

ཧོར་སེར་ཁག་གི་དག་རི་རིག་བྱུང་།

ཁ་དང་། དགུ

ཁ་དགུ་མ་ནེ་བཅུ།

ཁ་དགུ་ལ་ཉི་མ་ཤར།གླིང་སེམས་ཅན་དབང་པོ་དར།

ཁ་དང་། ཆུ།

ཁ་ཆུ་སྣ་ཆུ་བདུད་རྩི་ཟེར།ཤིག་དང་སྲོ་མ་དངོས་གྲུབ་ཟེར།

ཁ་ཆུ་མི་རྒྱག་ཁ་མེད་རེད།རྩ་བ་རང་ལ་ཐུག་ལེ་རེད།

ཁ་དང་། ཐོབ།

ཁ་ཐོག་ཡག་མོ་དགེ་ཐོག་དགོན་ནང་གདའ།

རྨ་བྱ་ཡག་མོ་ལྷ་བྱ་དགོན་ནང་གདའ།

འབྲུག་དང་། པ་ར།

འབྲུག་པ་བནྡེའི་གཡོག་པོ་རེད།གསེར་སྐུ་བརྡུང་མི་འབྲུག་པ་རེད།

འབྲུག་པ་བལ་པོའི་གཡོག་པོ་རེད།རྒྱབ་ལ་ཏིང་ཏིང་ཁུར་ལེ་རེད།

འབྲུག་པ་བལ་པོའི་གཡོག་པོ་རེད།དིས་ཇ་རྒྱབ་ལ་ཁུར་མཁན་རེད།

དེས་ཇ་ནི་མེ་མདའ།

དྲུག་དང་། བཞི།

དྲུག་བཞི་དྲུག་ཅོག་དགོན་པ་ལ།དར་ཅོག་འོང་སྒྲ་དི་རི་རི།

འབྲུག་དང་། ཐོབ།

གྲུབ་ཐོབ་ཐང་སྟོང་རྒྱལ་པོ་དེ།ཆུ་ལ་ཟམ་པ་བཙུགས་མི་རེད།

གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ལ།ཞལ་རྒྱན་ཨག་ཚོམ་ཁྲུ་གང་ཡོད།

རི་དང་། པ་ར།

རི་པ་རྡོ་རྗེ་གཡུ་སྒྲོན་མ།བཀའ་ཡི་གཏོར་མའི་ལམ་སྣ་དྲོངས།

རི་དང་། འབྲུག

རི་འབྲུག་རྫ་རི་རོག་པོ་ལ།རྫ་ཕོ་རོག་ཨོ་རོག་རྡེབ་རྡེབ་རེད།

རི་འབྲུག་བྲག་དཀར་འབྲུག་སྒྲ་ཆེ།འགྲེང་བུ་ན་བཀྲ་འཕུར་ཤེད་ཆེ།

རི་འབྲུག་ཤོ་དེ་འབོད་མི་དགོས།བ་གླང་གི་རྙང་པ་བཙིར་མི་དགོས།

རི་འབྲུག་ཤོ་ལ་གདམ་ཆ་གྱིས།དེ་མིན་ཤོ་ལ་དགོས་པ་མེད།

རི་འབྲུག་མོ་གཉིས་ཀྱི་སྐེ་རྩ་ལ།གསུང་སྙན་མོ་ཨེ་ཤེས་རས་རྐྱང་བུ།

རི་དྲུག་ལ་བསྐོར་བ་རྒྱབ་མི་དེ།རྗེ་བཙུན་མི་ལ་ངེད་གཉིས་ཡིན།

ངེད་གཉིས་ནང་ནས་ང་རང་ཡིན།།

ཀ་རི་འབྲུག་གཉིས་ཀྱིས་ས་བཟུངས།པ་རའི་བསྟན་པ་ཡར་དར།

རི་དང་། ཤ།

རི་ཤ་ལྷབ་བེ་ལྷུབ་བེ་དེ།མཁའ་འགྲོ་མང་པོའི་ཚོགས་ཤ་རེད།

རི་དང་། དགུ།

རི་དགུ་ལུང་གསུམ་ཁ་བས་མནན།ཁ་དཀར་རྐྱང་ལ་ཕ་ཡུལ་མེད།

རི་དགུ་དམ་ཅན་དམ་ལ་བཏགས།ལས་ངན་ཤོ་པ་དམ་ལ་བཏགས།

རི་དང་། ཆུ།

རི་ཆུ་ཀླུང་ཆུ་འཕྲོད་བྱུང་ཟེར།ནམ་ཟླ་དབྱར་ཀ་ཚེས་བྱུང་ཟེར།

ཤ་དང་། རི།

ཤ་རི་གངས་ཐང་གཡུ་ལོ་རྒྱས།ང་ནི་གོང་མོའི་གོང་ཕྲུག་ཡིན།

ཤ་རིལ་རིལ་ལུག་གི་རླིག་པ་དེ།ཟོས་བཞག་ན་ཞིམ་པོ་ཅི་འདྲ་ཡོད།


ཤ་དང་། དགུ།

ཤ་དགུ་ཤིང་དགུ་འོ་དགུ་གསུམ།ཤིང་སྤེན་ནེ་གཅིག་ལ་གླུ་མ་ལེན།

ཁ་དགུ་འུ་དགུ་ཤིང་དགུ་གསུམ།ཤིང་སྤེན་ནེའི་འོག་དགུ་ཁུར་རྩ་ཡིན།

ཤ་དང་། ཆུ།

ཤ་ཆུ་ཐབ་ལ་ཚུགས་ཤོག།རྔོན་པས་རི་ནས་བསྐོར་ཡོང་།

ཤ་ཆུ་ཚུགས་ཤོག་ལས་ཟད་མ།རྔོན་རྒན་རི་ནས་སླེབ་བྱུང་བཟླས།

ཤ་ཆུ་ཐབ་ལ་ཚུགས་ཤོག་མིན།མགྲོན་པོ་གལ་ཆེན་སླེབས་ལེ་རེད།

ཤ་དང་། ཐོབ།

ཤ་ཐོ་ཐོ་ལུག་གི་རླིག་པ་རེད།ཟོས་བཞག་ན་ཞིམ་པོ་དེ་ལ་མེད།

ཤ་དང་། འཇམ།

ཤ་འཇམ་ལག་པ་མ་འཇམ་ན།དེ་མིན་འཇམ་དང་མ་འཇམ་མེད།

དགུ་དང་། སུག

དགུ་སུག་དཔུང་པ་གྲི་ལས་རྣོ།ཤོ་པ་ལག་པ་མདའ་ལས་ཚ།

དགུ་དང་། དྲུག

དགུ་འབྲུག་ལོ་ལ་དམག་ཅིག་བོར།དམག་འབུམ་ཚོ་བཅུ་གཉིས་ཁས་ལེན་བྱས།

དགུ་དང་། རི།

དགུ་རིའི་རི་ལ་དར་ལྕོག་བཙུགས།སྐྱེས་བུ་ང་རང་ཀླུང་རྟ་དར།

དགུ་རིའི་རྒོད་མ་གྲོ་རིལ་མ།རྟ་དབྱར་ལ་མི་རྒྱུགས་དགུན་ལ་རྒྱུགས།

དགུ་དང་། ཆུ།

དགུན་ཆུ་འཁྱག་དཀར་སྦུག་ལ་ཡོད།ལུང་པ་ཧོར་ཡུལ་རྫོང་ལ་ཡོད།

དགུན་ཆུ་རྟ་ལ་མ་བླུད་མིན།རྟ་ཕོ་གྲང་དུག་ན་བསྡད་གདའ།

དགུ་དང་། ཐོབ།

དགུ་ཐུག་བསྐོལ་དང་དགུ་ཐུག་བསྐོལ།ཉི་ཤུ་དགུ་ལ་དགུ་ཐུག་བསྐོལ།

དགུ་ཐུབ་ཨ་འབར་ཐུབ་ཐལ།བོད་ལ་བདེ་སྐྱིད་ཐོབ་ཐལ།

ཆུ་དང་། པ་ར།

ཆུ་པ་བུ་ཕྲུག་དཀར་པོ་ཟེར།མིག་ལ་དགེ་བཤེས་རྟ་འདྲ་གླེང་།

ཆུ་དང་། སུག

ཆུ་སུག་ཁུར་དུས་ལྷམ་ཡ་ཤུད།གཞན་པའི་མི་རྗེས་ཅི་ཕྱིར་ཆོད།

ཆུ་དང་། རི།

ཆུ་རིས་ཤིག་ཤིག་ངང་པའི་སྒྲོ།དེ་ལས་མཛེས་ན་རྨ་བྱའི་སྒྲོ།

ཆུ་རིས་ཉ་སྲམ་གྲུམ་པའི་བུ།ཉི་མའི་མགྱོགས་ལམ་མི་དགག་རོགས།

ཆུ་རིས་ཇག་པ་བཙན་རེད་ཟེར།ར་མདའ་ཤི་རྟགས་བདུད་རེད་ཟེར།

ཆུ་དང་། དགུ།

ཆུ་དགུ་ལུང་པའི་སུམ་མདོ་ནས།བུ་བུ་མོ་གཉིས་ཀྱིས་རྒྱོ་ཞིག་བརྒྱབས།

དེ་ལྷ་རྒྱོ་རེད་དང་འདྲེ་རྒྱོ་རེད།

ཆུ་དང་། ཐོབ།

ཆུ་ཐོབ་ཨ་འབར་བོད་ལ་སླེབས།གནམ་ས་ཡོ་ལོག་བརྗེ་ལེ་ཡོད།

ཆུ་དང་། འཇམ།

ཆུ་འཇམ་འུག་པ་སྐེ་རིང་ཟེར།འུག་པས་འུག་ཕྲུག་སྐེ་རིང་ཟེར།

ཆུ་འཇམ་རྡོ་རྗེ་གཡུ་སྒྲོན་མ།དེ་རིང་ཤོ་པའི་གྲོགས་ལ་བྱོན།

ཆུ་འཇམ་པའི་དབྱངས་ལ་བཀྲ་རེ་ཤིས།དེ་ལ་ཆུ་འཇམ་བཀྲ་ཤིས་ཐོགས།

ཆུ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།།ལས་དགེ་སྡིག་ཅི་བྱས་བཀྲ་ཤིས་ཤོག།

ཆུ་འཇམ་པའི་དབྱངས་ལ་སྐྲ་རེ་བཀྲུས།

ལས་དགེ་སྡིག་མེད་པ་མཐོལ་ལོ་བཤགས།

ཐོབ་དང་། པ་ར།

ཐོབ་པ་སྐར་ཚོགས་བཀྲ་ཤིས།རྒྱག་མཁན་འཕྲིན་ལས་རྣམ་རྒྱལ།

ཐོག་འབྲུག

ཐོག་འབྲུག་ནམ་མཁའི་གཏིང་ནས་གྲགས།

གྲགས་ཀྱང་གྲགས་ཏེ་འཛིང་ཡང་འཛིང་།

ཐོག་འབྲུག་གློག་དམར་འཚུབ་འཚུབ་རེད།དབྱར་ཀའི་དུས་དང་འདྲ་འདྲ་རེད།

འཇམ་དང་། པ་ར།

འཇམ་པ་མི་རྐྱང་རྟ་རྐྱང་རེད།ཤི་རི་ཤི་ར་འགྲོ་མི་རེད།

འཇམ་པ་འགྲོ་ས་ན་གཞུང་རེད།ཇག་པ་ཀླད་ཡུ་འཁོོར་ས་རེད།

འདི་དག་ནི་གཙོ་བོར་ཁམས་ཕྱོགས་ཀྱི་ཤོ་བཤད་དག་བསྡུས་པ་ཡིན་ལ།དབུས་གཙང་སོགས་ས་གནས་གཞན་གྱི་ཤོ་བཤད་དག་ནི་མཁས་པ་གཞན་གྱིས་བསྡུས་པ་ལྟར་ཡིན་པར་ཤེས་པར་བྱའོ།།ཞེས་རབ་བརྟན་དགེ་ལེགས་ཕུན་ཚོགས་པས་ཤོ་པ་རྒན་པོ་དག་གི་ངག་ལམ་ནས་ཇི་ལྟར་ཐོས་པ་ལྟར་བསྡུས་པ་དགེ་ཞིང་བཀྲ་ཤིས་འཕེལ།།


  • ལེ་ཚན་སྔོན་མ།:མེས་པོའི་གྱང་གླུ་ཁུ་བྱུག་མགྲིན་སྒྲ།
  • ལེ་ཚན་རྗེས་མ།:བོད་ཀྱི་རིགས་རུས་སོ་སོའི་བླ་ཟོག