རྒན་བློ་བཟང་བཤད་སྒྲུབ་རྒྱ་མཚོ་མཆོག་ངོ་སྤྲོད་མདོར་བསྡུས།

        2012-04-17

བློ་བཟང་བཤད་སྒྲུབ་རྒྱ་མཚོ་མཆོག་ནི་སྤྱི་ལོ༡༩༤༠ལོར་ཁྲི་ཤོར་རྒྱལ་མོའི་ལྷོ་རྒྱུད་ཀྱི་རིག་སྨོན་གཞུང་ཞེས་པའི་སར་སྐུ་འཁྲུངས་ཤིང་།བྱིས་པའི་མཚན་ལ་ཀརྨ་དབང་ཆེན་ཞེས་ཞུ།དགུང་ལོ་དྲུག་ཏུ་མདོ་སྨད་བྱང་རྒྱུད་ཀྱི་ཆོས་གྲྭ་ཆེན་པོ་དཔལ་ལྡན་བཀྲ་ཤིས་ཆོས་སྡིངས་སུ་ཕེབས་ཏེ།ཀུན་སྤུངས་ཆེན་པོ་སྙན་གྲགས་རྒྱ་མཚོ་མཆོག་གི་དྲུང་ནས་ཕྲལ་སྦྱོར་གྱི་ཀློག་དང་ཆོས་སྤྱོད་སོགས་ལ་སྦྱངས།དེ་ནས་དགེ་བའི་བཤེས་གཉེན་ཆེན་པོ་ཡེ་ཤེས་རྒྱ་མཚོའི་ཞལ་སྔ་ནས་གཙོས་མཁས་དབང་བཅུ་ཕྲག་ཙམ་བསམ་སྦྱོར་དག་པས་བསྟེན་ཏེ་སྒྲ་སྙན་སྨན་རྩིས་དང་ཚད་མ།གསོ་རིག་སོགས་ལ་ཞིབ་ཏུ་སྦྱངས་ནས་མཁས་པའི་གྲགས་པ་རྒྱས།ཡུལ་དེར་ལོ་རྒྱུས་སྟེང་ཐེངས་དང་པོར་བཙུགས་པའི་སློབ་གྲྭའི་དགེ་རྒན་གྱི་འགན་ཁུར་ནས་འབྲོག་པའི་བྱིས་པ་བརྒྱ་ཕྲག་གསུམ་ཙམ་ལ་ཀློག་བསླབས།དེ་ནས་བཟུང་ལོ་བརྒྱད་ཙམ་ལ་སློབ་ཆུང་དང་རྟ་ཐོག་སློབ་ཆུང་བཅས་ཀྱི་དགེ་རྒན་གྱི་འགན་བཞེས་པའི་སྐལ་བ་ལྡན།
སྤྱི་ལོ༡༩༧༩ལོར་མཚོ་ལྷོ་ཁུལ་མི་རིགས་དགེ་འོས་སློབ་གྲྭས་ཐེངས་དུ་མར་གདན་ཞུས་པ་ལྟར་སློབ་གྲྭ་འདིར་ཕེབས།ཁོང་གིས་རྒྱུན་ལྡན་སློབ་ཁྲིད་ལས་གཞན་གཟའ་ཉི་མ་དང་ཉིན་གུང་།ཕྱི་དྲོའི་ཁོམ་སྐབས་རྣམས་སུའང་སྐུ་ངལ་ལ་མི་འཛེམས་པར་བོད་ཀྱི་རིག་གནས་དོན་གཉེར་ཅན་མོང་པོར་སུམ་རྟགས་དག་གསུམ་དང་སྙན་ངག་ལོ་རྒྱུས།བསྡུས་གྲྭརྩོམ་རིག་སྣ་ཚོགས་བཅས་ཀྱི་ལྗགས་ཁྲིད་གནང་།དུས་མཚུངས་སུ་འདི་གའི་བོད་ཡིག་དགེ་རྒན་རྣམས་ཀྱི་གཙོས་གུང་ཧོ་རྫོང་བོད་ཡིག་སློབ་འབྲིང་དང་ཁུལ་བོད་ཡིག་སློབ་འབྲིང་གི་དགེ་རྒན་རྣམས་ལ་རིག་གནས་སྣ་ཚོགས་ཀྱི་ཞལ་ཁྲིད་ལེགས་པར་བསྐྱངས་པས།ཁུལ་མི་རིགས་སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་རྨང་གཞི་སྔར་ལས་འཕེལ་རྒྱས་སུ་ཕྱིན་པ་ཡང་འདི་བའི་ཐུགས་རྗེ་ལས་བྱུང་བ་ཡིན།དེའི་ཕྱིར་ཁོང་ལ་ཁུལ་དང་ཞིང་ཆེན་རིམ་པའི་ཕུལ་བྱུང་དགེ་རྒན་སོགས་ཀྱི་གཟེངས་བསྟོད་ཀྱང་གང་མང་ཐོབ་མྱོང་།
    གཞན་ཡང་ཁོང་གིས་མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་རྒྱང་བསྒྲགས་ནས་སུམ་རྟགས་དང་། མཚོ་སྔོན་སློབ་གསོ་སློབ་གླིང་།ཀྲུང་གོའི་བོད་བརྒྱུད་ནས་བསྟན་མཐོ་རིམ་སློབ་གླིང་།ད་དུང་དགོན་སྡེ་ཁག་བཅས་སུ་བོད་ཀྱི་རིག་གནས་སྣ་ཚོགས་ཞལ་ཁྲིད་གནང་བ་སོགས་གངས་ཅན་གྱི་རིག་གནས་ཉམས་པ་སོར་ཆུད་དང་མ་ཉམས་པ་གོང་དུ་སྤེལ་བའི་ཕྱོགས་ལ་མཛད་རྗེས་མི་དམན་པ་བཞག
ལས་ཞོར་དུ་བོད་རིག་པའི་ཆེད་རྩོམ་བཅུ་ཕྲག་གཉིས་ཙམ་དང་སྙན་རྩོམ་དང་ལྷུག་རྩོམ།ཤེས་བྱའི་སྐོར་གྱི་དྲི་བ་དྲིས་ལན་བཅུ་ཕྲག་ལྔ་ལྷག་སྤེལ་ཞིང་།༼སྲོང་བཙན་ལོ་ཚིགས་ཀྱི་དོགས་དཔྱོད༽ལ་རྒྱལ་ཁབ་རིམ་པའི་བོད་རིག་པའི་བྱ་དགའ་ཨང་གཉིས་པ་ཐོབ།༼དྷི་ཚའི་གདན་རབས༽སོགས་དཔེ་དེབ་འགའ་པར་དུ་བསྐྲུན་པ་མ་ཟད།རིག་གསར་རྗེས་བོད་ཡིག་སློབ་དེབ་བཅུ་གཉིས་དང་།ལྗོངས་ཞིང་ལྔའི་བོད་ཡིག་སློབ་དེབ་དང་མཚོ་སྔོན་ཞིང་ཆེན་མི་རིགས་དགེ་འོས་བོད་ཡིག་སློབ་ཁྲིད་རྩ་གནད།སློབ་དེབ་དྲུག་བཅས་བསྒྲིགས་པའི་གཙོ་འགན་བཞེས།ཁོང་གི་གསུང་རྩོམ་ཕྱོགས་བསྒྲིགས་སྐོར་ད་ལྟ་ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱེད་བཞིན་པའི་སྒང་ཡིན།ཁོང་སྐུ་བཞུགས་རིང་མཚོ་ལྷོ་ཁུལ་སྲིད་གྲོས་རྒྱུན་ཨུ་དང་མཚོ་ལྷོ་མི་རིགས་དགེ་འོས་སློབ་གྲྭའི་སློབ་གཙོ་གཞོན་པ་བཅས་ཀྱི་འགན་བཞེས་མྱོང་།མཐར་དགུང་ལོ་ང་བརྒྱད་པ་སྤྱི་ལོ༡༩༩༨ལོའི་ཧོར་ཟླ༣པའི་ཚེས་༡༣ཉིན་སྐུ་གཤེགས་སོ། །
༼རྩོམ་སྒྲིག་འགན་ཁུར་བ་ཨོ་རྒྱན་དོན་གྲུབ།༽
  • ལེ་ཚན་སྔོན་མ།:བོད་རིག་པའི་ཆེད་ལས་མཁས་པ་བུ་བཞི་བསམ་པའི་དོན་གྲུབ།
  • ལེ་ཚན་རྗེས་མ།:དཀར་མཛེས་ཁུལ་གྱི་འབུམ་རམས་པ་རྣམ་པ་བཞི།
  • དོ་སྣང་ཆེ་བའི་རྩོམ།