སྐུ་ཞབས་བརྩོན་འགྲུས་རབ་རྒྱས་ལགས་ངོ་སྤྲོད་མདོར་བསྡུས།

ཀརྨ་རྒྱལ་མཚན    དཀར་མཛེས་ཉིན་རེའི་ཚགས་པར་ལས་དྲངས།    2010-04-26

སྐུ་ཞབས་བརྩོན་འགྲུས་རབ་རྒྱས་ལགས་ངོ་སྤྲོད་མདོར་བསྡུས།
 
 

ཀུན་འདུས་ཞལ་ཐང་ཆེན་མོའི་གཙོ་འགན་པ་བརྩོན་འགྲུས་རབ་རྒྱས་ལགས་ནི། ༡༩༥༡ལོའི་ཟླ༡༢པར་མཚོ་སྔོན་ཞིང་ཆེན་ཞུན་ཧྭ་རྫོང་བིས་མདོའི་ཞིང་བ་དཀྱུས་མ་ཞིག་གི་ཁྱིམ་དུ་སྐྱེས།  ཁོང་གིས་ད་ལྟ་མཐོ་རིམ་མཛེས་རྩལ་པ་དང་།  རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་མཛེས་རིས་ཡར་སྐུལ་ཚོགས་པའི་ལས་འཛིན་པ།  མཚོ་སྔོན་ཞིང་ཆེན་སྐབས་བཞི་བའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན།  མཚོ་སྔོན་ཞིང་ཆེན་བོད་རིག་པ་ཚོགས་པའི་ལས་འཛིན།   ཀུན་འདུས་ཞལ་ཐང་ཆེན་མོའི་སྤྱི་ཁྱབ་ཇུས་འགོད་པ་དང་ཁག་ཁུར་བ་སོགས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཡོད།
    ཁོང་ལོ་ན་ཆུང་དུས་ནས་བིས་མདོ་དགོན་ཆེན་དུ་ཡི་གེ་འབྲི་ཀློག་བསླབས་པ་ཙམ་ལས་སློབ་གྲྭ་ཆེ་ཁག་ཏུ་འགྲིམ་སྐལ་མ་ལྡན་ཡང་། རང་གི་ལྷན་སྐྱེས་ཀྱི་ཤེས་རབ་དང་བརྩོན་པ་ལ་བརྟེན་ནས་མོས་པའི་རི་མོ་སྦྱངས་ཏེ་འབྲས་བུ་གང་འཚམ་ཐོབ་པའི་རྨང་གཞིའི་སྟེང་། རྗེས་སུ་ཞིང་ཆེན་དང་རྫོང་རིམ་པའི་ཟབ་སྦྱོང་འཛིན་གྲྭར་ཞུགས་པ་ལས་དེང་རབས་རི་མོའི་ལག་རྩལ་བྱང་ཆུབ་པར་གྱུར། ༡༩༧༢ལོར་རི་མོའི་བྱ་བར་དངོས་སུ་ཞུགས་པ་ནས་བཟུང་བརྩོན་པ་ཆེན་པོས་མུ་མཐུད་དུ་རྒྱལ་ཁབ་ཕྱི་ནང་གི་བྲིས་འབུར་རི་མོ་སྣ་ཅི་རིགས་སྦྱངས་ཤིང་། ལྷག་པར་དུ་རྐ་སར་ཀུན་བཟང་ལགས་དགེ་རྒན་དུ་བསྟེན་ཏེ་བོད་ཀྱི་རི་མོའི་འབྲི་རྩལ་གཞུང་དང་ལག་ལེན་ཁ་མ་བྲལ་བར་སྦྱངས་ཏེ་རྒྱ་བོད་ཟུང་འབྲེལ་གྱི་རི་མོ་མང་པོ་ཞིག་གསར་རྩོམ་བྱས་པ་ལ་སྤྱི་ཚོགས་སྟེང་བྱ་དགའ་ཐེངས་མང་ཐོབ་ཅིང་མཁས་མང་གིས་གདེང་འཇོག་མཐོན་པོ་དང་། གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པས་ཁོང་གི་མཚན་དེ་འཛམ་གླིང་མི་སྣ་གྲགས་ཅན་གྱི་ཟིན་ཐོར་བཀོད་ཡོད། རྒྱལ་སྤྱིའི་མཛེས་རྩལ་པ་མཉམ་འབྲེལ་ལྷན་ཚོགས་སོགས་འཛམ་གླིང་རིམ་པའི་སྒྱུ་རྩལ་སྡེ་ཁག་བཅུ་དྲུག་གིས་ཁྱོད་ཀྱིས་མིའི་རིགས་ལ་བསྐྲུན་པའི་ཕྱག་རྗེས་ནི་འབུར་དུ་ཐོན་པ་ཞིག་ཡིན་ཞེས་བསྟོད་ཚིག་བཀོད་པའི་འཛིན་ཡིག་གནངས་ལ། བོད་ཀྱི་མཁས་དབང་ཁྲོ་རུ་ཚེ་རྣམ་མཆོག་གིས་མདོ་སྨད་པ་རིག་པའི་དཔའ་བོ་ཞེས་བསྔགས་པ་མ་ཟད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅང་ཙེ་རྨིན་གྱིས་དེང་དུས་སུ་འབྲུས་བུ་བསྐྲུན་ཅིང་། རྗེས་རབས་ལ་ལག་རྗེས་བཞག་ཅེས་སྒྱུ་རྩལ་གྱི་གྲུབ་འབྲས་ལ་བསྔགས་བརྗོད་ཆེ་ཐོན་མཛད།
    རང་གི་མི་ཚེ་དོན་ཡོད་དུ་སྒྲུབ་པ་དང་། མི་ཡུལ་ལ་ཟས་རིན་ཙམ་གྱི་ལེགས་རྗེས་ཤིག་བསྐྲུན་ཕྱིར་ལོ་མང་པོ་ཞིག་ཏུ་ཁོང་གི་བསམ་བློར་འཆར་ཟིན་ལེགས་པར་བཀོད་པའི་རྨང་གཞིའི་སྟེང་། རང་ཉིད་ལ་དངོས་པོའི་ཆ་རྐྱེན་གང་ཡང་མེད་པ་ལ་མ་བལྟས་པར། སྤྱི་ཚོགས་ལས་རིགས་ཁག་གི་རྒྱབ་སྐྱོར་འོག་དཀའ་ཁག་ཡོད་ཚད་རང་སྟེང་གིས་ཁྱད་དུ་བསད་དེ༡༩༩༦ལོ་ནས་དངོས་སུ«ཀྲུང་གོ་བོད་ཀྱི་རིག་གནས་སྒྱུ་རྩལ་ཀུན་འདུས་ཞལ་ཐང་ཆེན་མོ»བཞེངས་ཏེ་གྲུབ་པར་བྱས་པ་འདི་ནི་ཁོང་གིས་རང་ཉིད་དགའ་བའི་རི་མོའི་ཆེད་ལས་སྒྱུ་རྩལ་དེ་ལ་བརྟེན་ནས་འཇིག་རྟེན་གྱི་མིའི་རིགས་ལ་ཕུལ་བའི་ལེགས་སྐྱེས་ཤིག་ཡིན་ནོ།།

  • ལེ་ཚན་སྔོན་མ།:ལེགས་སྨོན་གྱི་ལོ་རྒྱུས་མདོར་བསྡུས།
  • ལེ་ཚན་རྗེས་མ།:ཚེ་རིང་དབང་རྒྱལ་གྱི་ལོ་རྒྱུས་མདོར་བསྡུས།
  • དོ་སྣང་ཆེ་བའི་རྩོམ།