གུར་དགའ་རིན་པོ་ཆེ—སྨག་རུམ་སྟུག་པོའི་ཁྲོད་ཀྱི་གཟིམ་མེད་ཀྱི་མར་མེ་ཀོང་གཅིག

        2010-05-12

གུར་དགའ་རིན་པོ་ཆེ—སྨག་རུམ་སྟུག་པོའི་ཁྲོད་ཀྱི་གཟིམ་མེད་ཀྱི་མར་མེ་ཀོང་གཅིག

ཝུན་ཁྲོན་ས་ཁུལ་དུ་རིམ་པ༨ཅན་གྱི་ས་འགུལ་ཆེན་པོ་བྱུང་བའི་ཉིན་གསུམ་པ་ནས་ད་བར་ས་འགུལ་གྱི་གནོད་སྐྱོན་ཚབས་ཆེན་ཐེབས་པའི་སི་ཁྲོན་ཞིང་ཆེན་གྱི་པེ་ཁྲོན་དང་།ཕེང་ཀྲུའུ།ཧྲི་ཧྥང་།མེན་དབྱང་།མན་ཀྲུའུ་སོགས་གནོད་ཐེབས་ས་ཁུལ་དུ་སྐུ་ལ་གཟན་ཤམ་མནབས་པའི་བླ་མ་ཞིག་གིས་ནམ་རྒྱུན་རང་མོས་རོགས་སྐྱོབ་པ་ཚོའི་ཁྲོད་དུ་སྨན་རྫས་དང་གྱོན་ཆས།ཆུ་སོགས་སྐྱེལ་བཞིན་པའི་རྣམ་པ་གསལ་པོ་ཞིག་མཐོང་ཐུབ།ཁོང་ནི་སྡེ་དགེ་རྫོགས་ཆེན་བཤད་གྲྭའི་དབུ་གཙོ་གཞོན་པ་དང་།རྫོགས་ཆེན་བེེཌྰུརྱ་གསོ་དཔྱད་གླིང་གི་དབུ་འཛིན་པ་གུར་དགའ་རིན་པོ་ཆེ་ཡིན་པ་རེད།
ཟླ་བ༥པའི་ཚེས༡༢ཉིན་མ་གཞི་གུར་དགའ་རིན་པོ་ཆེ་རང་ཉིད་ཀྱི་སྨན་ཁང་ལ་མཁོ་དགོས་ཆེ་བའི་སྨན་རྫས་མང་ཙམ་ནད་སྐྱོབ་རླངས་འཁོར་ནང་བཅུག་ནས་ཕ་ཡུལ་སྡེ་དགེའི་ཕྱོགས་སུ་ཕེབས་བཞིན་ཡོད།འོན་ཏེ།དར་མདོར་སླེབས་དུས་རྒྱང་བསྒྲགས་ལས་སི་ཁྲོན་ཝུན་ཁྲོན་དུ་ས་འགུལ་ཆེན་པོ་བྱུང་ནས་མི་མང་པོ་ཤི་རྨས་བྱས་ཡོད་པ་དང་ལམ་དང་ཟམ་པ་ཆད་ནས་སྨན་རྫས་དང་དངོས་པོ་གཞན་དག་འདྲེན་དཀའ་བའི་གནས་ཚུལ་ཐོས་འཕྲལ་ཁོང་གི་ཐུགས་སུ་བྱམས་དང་སྙིང་རྗེ་ཆེན་པོ་སྐྱེས་ནས་རང་སར་ཕྱིར་ཁྲེང་ཏུའུ་རུ་ལོག་ནས་གནོད་ཐེབས་ས་ཁུལ་དེ་དག་ལ་རོགས་སྐྱོར་ཅུང་ཐོན་ཐབས་བྱ་རྒྱུའི་ཐུགས་ཐག་བཅད་པ་རེད།
ཚེས༡༣ཉིན་གྱི་ཞིགས་པར་ཁོང་སི་ཁྲོན་རྒྱ་གྲམ་དམར་པོའི་ཚོགས་པའི་ནང་ཕེབས་ནས་ས་གནས་གང་དག་ལ་གནོད་སྐྱོན་ཐེབས་ཚུལ་དང་ས་གནས་གང་དག་ལ་རོགས་སྐྱོར་ཅི་འདྲ་དགོས་ཚུལ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་རྗེས་ཕེང་ཀྲུའུ་དང་།ཧྲི་ཧྥང་།མེན་དབྱང་།མེན་ཀྲུའུ།ཨན་ཤན་སོགས་སུ་རོགས་སྐྱོར་དགོས་གལ་ཆེ་བ་མཁྱེན་རྗེས།ཚེས༡༤ཉིན་སྔོན་ཡོད་སྨན་རྫས་ཀྱི་རྨང་གཞིའི་ཐོག་ཡང་གནོད་ཐེབས་ས་ཁུལ་ལ་དགོས་མཁོ་ཆེ་བའི་སྨན་རྫས་དང་གྱོན་ཆས།བཟའ་ཆས།སྔོ་རིགས།ཆུ་སོགས་ཁོང་རང་ཉིད་སྨན་ཁང་གི་ནད་སྐྱོབ་རླངས་འཁོར་ནང་བཅུག་ནས་སྨན་པ་དང་ནད་གཡོག་གཉིས་ཁྲིད་དེ་ཚེས༡༥ཉིན་ནས་བཟུང་ཕེང་ཀྲུའུ་དང་།ཧྲི་ཧྥང་།མེན་དབྱང་།མེན་ཀྲུའུ།ཨན་ཤན།ལའོ་ཧྲུའེ།ཀའོ་ཁྲོན།ཞིའུ་ཧྲུའེ།ཏུའུ་ཅང་ཡོན།ཞའོ་པ།ཀམ་ཅིའི་ཀྲེང་སོགས་ཀྱི་གནོད་ཐེབས་ས་ཁུལ་དུ་ཐེངས་མང་ཕེབས་ནས་ས་གནས་དེ་གའི་རྒུད་སྐྱོབ་ལྟེ་གནས་དང་འབྲེལ་བ་གནང་ནས་ཟླ་བ༥པའི་ཚེས༣༠ཉིན་བར་དགོས་གལ་ཆེ་བའི་སྨན་རྫས།གྱོན་ཆས་དང་།ཆུ།བཟའ་བཅའ།སྔོ་རིགས།ཆུ་རས་སོགས་རྒུད་སྐྱོབ་དགོས་རྫས་ཆེས་ཐག་རིང་བའི་གྲོང་ཁུལ་གྱི་གནོད་ཐེབས་མང་ཚོགས་ཀྱི་ལག་ཏུ་བསྐྱལ་བ་རེད།
ཐེངས་ཤིག་གུར་དགའ་རིན་པོ་ཆེས་ཧྲི་ཧྥང་གི་ལའོ་ཧྲུའེ་གྲོང་ཁུལ་གྱི་ལུང་ཀྱོག་ཞིག་ཏུ་སྨན་རྫས་དང་གྱོན་ཆས།སྔོ་རིགས་སོགས་སྦྱིན་སར་ཕེབས་བཞིན་པའི་སྐབས་སུ་གློ་བུར་དུ་ལམ་ཟུར་ནས་མི་གཉིས་ཀྱིས་རྨས་སྐྱོན་ཐེབས་པའི་མི་ཞིག་ཁུར་ཡོང་བ་མཐོང་།ཁོང་གིས་ནད་པ་ཚབས་ཆེན་དེ་ལམ་ཐག་རིང་བའི་སྨན་ཁང་ནང་སྐྱེལ་རྒྱུ་ཡིན་པའི་གནས་ཚུལ་མཁྱེན་རྗེས་དེ་མ་ཐག་ནད་པ་ལ་སྟབས་བདེའི་སྨན་བཅོས་བྱས་ཏེ་ནད་སྐྱོབ་རླངས་འཁོར་ཁ་ཕྱིར་བསྐོར་ནས་ནད་པ་དེ་གྲོང་ཁྱེར་གྱི་ཆ་རྐྱེན་བཟང་བའི་སྨན་ཁང་ནང་སྐྱེལ་རོགས་གནང་།ནད་པ་དེའི་ཚེ་སྲོག་མྱུར་སྐྱོབ་ཐུབ་པ་བྱུང་རྗེས་ནད་པའི་ཁྱིམ་བདག་ཀྲང་ལགས་ཀྱིས་སེམས་འགུལ་ཐེབས་པའི་ངང་ནས་གུར་དགའ་རིན་རིན་ཆེའི་ཕྱག་ཏུ་བཟུང་ནས་བཀའ་དྲིན་ཆེ་ཡང་ཡང་ཞུ་བཞིན་བཤད་རྒྱུར་ངས་ཉེ་སྔོན་བརྙན་འཕྲིན་ཐོག་ནས་ལྷ་སར་རྡུང་གཅོག་འཕྲོག་སྲེག་བྱེད་པའི་གསར་འགྱུར་མཐོང་བས་བླ་མའི་གོས་གྱོན་མཁན་ཚོ་ལ་ཁོང་ཁྲོ་སྐྱེས་བྱུང་།འོན་ཏེ་དེ་རིང་ཁྱེད་དང་ཐུག་དུས་བླ་མའི་ནང་མི་སེར་ལ་སེམས་ཁུར་དང་མི་སེར་གྱི་ཚེ་སྲོག་སྐྱོབ་མཁན་ཡང་ཡོད་པ་གཞི་ནས་ཤེས་སོང་ཟེར།གུར་དགའ་རིན་པོ་ཆེས་གྲོང་ཁུལ་དང་ཡང་ན་ལམ་བར་འཕྲད་པའི་ནད་པ་ཚབས་ཆེན་གྲོང་ཁྱེར་གྱི་སྨན་ཁང་ནང་སྐྱེལ་རོགས་གནང་ནས་ནད་པ་མང་པོའི་ཚེ་སྲོག་མྱུར་སྐྱོབ་ཐུབ་པར་བྱུང་བ་ནི་ཐེངས་མང་ཡིན་ཞིང་།ད་དུང་ས་གནས་གཞན་པའི་སྨན་བཅོས་རུ་ཚོ་མང་པོ་གྲོང་ཁྱེར་ནས་གྲོང་ཁུལ་དུ་སྐྱེལ་རོགས་གནང་བ་ཡང་ཐེངས་མང་ཡིན།གོང་གི་ནད་པ་དེའི་ཁྱིམ་བདག་གིས་བཤད་པའི་སྐད་ཆ་བསྐྱར་ཟློས་བྱེད་མཁན་ཡང་ཉིན་ལྟར་མང་དག་ཡོད་རུང་གུར་དགའ་རིན་པོ་ཆེས་སེམས་ཅན་ལ་སྡུག་བསྔལ་འབྱུང་དུས་ང་ཚོ་ནང་པ་སངས་རྒྱས་པ་ཚོས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྐྱེད་ནས་གཞན་ཕན་བསྐྲུན་རྒྱུུ་ནི་ཆོས་ཀྱི་སྙིང་པོ་ཡང་ཡིན་ཞེས་གསུང་བཞིན་ཡོད།དེས་མ་ཚད་པར་ཁོངས་གནས་གང་དུ་ཕེབས་རུང་རང་ཉིད་སྨན་པ་ཞིག་གི་འོས་འགན་བསྒྲུབས་པར་ཕུད་ད་དུང་བླ་སྤྲུལ་ཞིག་གི་མིང་ཐོག་ནས་ས་གནས་དེ་དག་གི་ས་འགུལ་ནང་སྲོག་ཤོར་བའི་ཤི་པོ་དག་ལ་བསྔོ་སྨོན་གསུང་ཐུབ་གནང་བ་དང་།གསོན་པོ་རྣམས་རྐྱེན་གེགས་བར་ཆད་མི་འབྱུང་བའི་སྐྱབས་འགྲོ་སེམས་སྐྱེད་ཀྱང་གནང་ངོ་།།
སྤྱིར་གུཏ་དགའ་རིན་པོ་ཆེ་ནི་སི་ཁྲོན་ཞིང་ཆེན་བོད་ཡིད་སློབ་གྲྭའི་གསོ་རིག་འཛིན་གྲྭ་ནས་སློབ་ཐོན་བྱུང་རྗེས་དཀར་མཛེས་ཁུལ་བོད་སྨན་ཁང་དུ་སྨན་པའི་འགན་གནང་།ཁོང་ལ་ཚད་མཐོ་བའི་རིག་གནས་དང་།ཡ་རབས་ཀྱི་ཀུན་སྤྱོད།གཞན་ཕན་གྱི་ལྷག་བསམ་བཅས་མཆོག་ཏུ་མངའ་བས༢༠༠༥ལོར་གུར་དགའ་རིན་པོ་ཆེས་སྒོར་ཁྲི༢༠༠ལྷག་བཏང་ནས་སྡེ་དགེའི་རྫོགས་ཆེན་དུ་སྤྱིའི་རྒྱ་ཁྱོན་སྨི་གྲུ་བཞི་མ༦༠༠ལྷག་ཙམ་ཡོད་པའི་དམངས་ཕན་སྨན་ཁང་ཞིག་གསར་འཛུགས་གནང་།ད་དུང་སྨན་ཁང་དེར་ཆེས་སྔོན་ཐོན་ཅན་གྱི་ནད་པའི་འཕྲལ་སྐྱོབ་རླངས་འཁོར་དང་།Bཁྲའོ།སྙིང་ཁམས་ལྟ་བྱེད་འཕྲུལ་ཆས་སོགས་ཀྱི་སྒྲིག་ཆས་ཡག་པོ་ཡོད་ལ་སྨན་ཡོན་ཀྱང་འདྲ་མཚུངས་ཀྱི་སྨན་ཁང་གཞན་དག་ལས་བརྒྱ་ཆ༤༠ཙམ་དམའ་བས་སྨན་ཁང་དེ་བཙུགས་པ་ནས་བཟུང་ས་གནས་དེ་གའི་ནད་པས་མ་ཚད་པར་ཉེ་ཟུར་གྱི་ནག་མདོ་དང་།ཡར་དིས།སྟག་དགོན།འགོ་བཟི།ཨ་ཕྱུགསེར་ཤུལ་སོགས་ཀྱི་འབྲོག་དམངས་དག་ལའང་ནད་ལྟ་བར་སྟབས་བདེ་བསྐྲུན་ཡོད།
གསར་འགོད་པས་ཁོང་ལ་ཁ་པར་ཐོག་ནས་བཅར་འདྲི་ཞུ་སྐབས་ཁོང་ཨན་ཤན་གྱི་ཞའོ་པ་གྲོང་ཁུལ་གྱི་གནོད་ཐེབས་ས་ཁུལ་དུ་སྨན་རྫས་སྐྱེལ་སའི་ལམ་དུ་ཕེབས་བཞིན་པའི་སྒང་རེད་འདུགགསར་འགོད་པས་ཁོང་ལ་གནོད་ཐེབས་ས་ཁུལ་དུ་རོགས་སྐྱོར་གནང་བའི་དམིགས་ཡུལ་སྐོར་འདྲི་སྐབས་ཁོང་གིས་གསུང་རྒྱུར།སྤྱིར་རང་ཉིད་ཀྱིས་བཙུགས་པའི་སྨན་ཁང་ལའང་དཀའ་ངལ་ཆེ་ཞིང་སྨན་རྫས་མི་འདང་རུང་ད་ཐེངས་ཝུན་ཁྲོན་ཕྱོགས་སུ་དེ་འདྲའི་མི་མང་པོ་ཤི་རྨས་བྱུང་བ་དང་།དེ་འདྲའི་མི་མང་པོ་ཞིག་ལ་དཀའ་ངལ་འཕྲད་སྐབས་ང་རང་སྨན་པ་ཞིག་དང་ལྷག་པར་དུ་ནང་པ་སངས་རྒྱས་པའི་རྗེས་འཇུག་པ་ཞིག་གི་ཆ་ནས་བཤད་ན་རྒྱལ་ཁབ་གང་ཞིག་དང་མི་རིགས་གང་ཞིག་གི་སྐྱེ་འགྲོ་གང་ཞིག་ལ་སྡུག་བསྔལ་ཐེབས་སྐབས་དེ་ལ་རང་ནུས་ཅི་ལྕོག་གི་རོགས་སྐྱོར་ཅུང་ཐོན་ཐབས་བྱ་རྒྱུ་ནི་ང་རང་གི་འོས་འགན་ཡིན་ཅེས་གསུངས་བྱུང་།
ཐེངས་འདིའི་ཝུན་ཁྲོན་ས་ཁུལ་གྱི་ས་འགུལ་ཆེན་པོའི་གནོད་སྐྱོན་གྱིས་གནོད་ཐེབས་ས་ཁུལ་དེ་དག་སྡུག་བསྔལ་གྱི་མུན་པའི་གླིང་སྐྱེལ་ཡོད།འོན་ཏེ་གུར་དགའ་རིན་པོ་ཆེ་ལྟ་བུ་གཞན་ཕན་གྱི་ཐུགས་བསམ་ཟབ་པའི་སྐྱེས་ཆེན་མང་དག་གི་བྱམས་དང་སྙིང་རྗེ་བླ་ན་མཐོ་བ་འདི་འདྲ་ལྡན་ཚེ་དུས་ཡུན་མི་རིང་བར་མུན་པ་སྟུག་པའི་འདི་ཕྱི་གཉིས་ཀྱི་འཇིག་རྟེནའདི་ལ་གཟིམ་མེད་ཀྱི་མར་མེ་ཁྲི་སྟོང་མང་པོའི་འོད་སྣང་འཕྲོས་ནས་གསལ་ལྷམ་མེར་འགྱུར་ངེས་།
  • ལེ་ཚན་སྔོན་མ།:ཚེ་རིང་དབང་རྒྱལ་གྱི་ལོ་རྒྱུས་མདོར་བསྡུས།
  • ལེ་ཚན་རྗེས་མ།:དུང་དཀར་བློ་བཟང་འཕྲིན་ལས་ཀྱི་མཛད་རྣམ་མདོར་བསྡུས།
  • དོ་སྣང་ཆེ་བའི་རྩོམ།