མགོ་ལོག་ཁུལ་གྱི་གླིང་གེ་སར་སྐུ་འདྲ།

    གླིང་གེ་སར་ཚང་།    2012-03-07

མགོ་ལོག་ཁུལ་གྱི་གླིང་གེ་སར་སྐུ་འདྲ།མགོ་ལོག་ཁུལ་གྲོང་སྟོད་དུ་ད་ལོ་བོད་ཀྱི་དཔའ་བོའི་མི་སྣ་གླིང་རྗེ་གེ་སར་སྐྱེས་བུའི་སྐུ་འདྲ་གདན་ཁྲི་དཔངས་མཐོ་བཀོད་ལེགས་ཀྱི་སྟེང་། པད་གདན་རིང་ཚད་ལ་སྤྱི་རྨིད ༡༡ དང་། མཐོ་ཚད་ལ་རྨིད ༡.༥ ཅན་གྱི་གདན་ལ། འདོ་རྗེ་རྐྱང་རྒོད་རིན་ཆེན་སྒ་ཆ་ཅན་མཐོ་ཚད་ལ་རྨིད༦ཅན་གྱི་གོང་དུ་སྐུ་སྐྱེས་མཆོག་ནོར་བུ་སྐུའི་མཐོ་ཚད་ལ་རྨིད ༦ གཟི་བརྗིད་དཔའ་རྔམ་དང་ལྡན་པ། ནང་རྟེན་གཟུངས་གཞུག་ཆ་ཚང་གཟུངས་སྒྲུབ་ཚད་ལྡན་ཅན་ཞལ་འབྲོག་གནས་རྨ་རྒྱལ་སྤོམ་རའི་གནས་མདུན་དུ་ཕྱོགས་པ་ལེགས་གྲུབ་བྱུང་བ། སྤྱི་ཟླ་བརྒྱད་པའི་ཚེས ༡༢ བོད་ཟླ་བདུན་པའི་ཚེས ༡༣ རེས་གཟའ་པ་སངས་ཀྱི་ཉིན་མོར་ མགོ་ལོག་ཁུལ་རིག་གནས་ལས་རྩལ་ཅུའུ་མགོ་གཙོ་གཞོན་པ་མཚོ་སྐྱེས་རྡོ་རྗེ་དང་། མགོ་ལོག་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གི་མགོ་གཙོ་ཚེ་རིང་། སྒྲུང་གཏེར་ཆེན་མོ་དུར་བུད་གུ་རུ་རྒྱལ་མཚན། མགོ་ལོག་གི་གླུ་བ་དགེ་ལེགས། སྦྲ་གསར་དཔོན་སྲས་དབང་པོ་སོགས་ཀྱི་དབུ་ཁྲིད་འོག མགོ་ལོག་ཁྲ་གླིང་དཔོན་པའི་སྤྲུལ་སྐུ་བསྟན་པའི་ཉི་མ་སོགས་ཕྱོགས་སོ་སོ་ནས་གླིང་གེ་སར་སྐྱེས་བུའི་རྣམ་སྒྲུང་མཛད་ཕྲིན་ལ་འབྲེལ་བ་ཆེ་བའི་བླ་སྤྲུལ་སྔགས་སེར་མི་ཉུང་བ་གདན་དྲངས་ཏེ། ཉི་ཤར་ནས་དབུ་བརྩམས་ཁྲུས་གསོལ་རབ་གནས་ཀྱི་མཛད་སྒོ་ཕྱེས་པ་དང་། མདུན་ཐང་དུ་རྟེན་འབྲེལ་གྱི་སྣ་མ་རལ་བའི་ལྷ་བསང་གི་དུད་སྤྲིན་དགུང་ལ་འཕྱུར་བར་བྱས་པ་ན། (མཁའ་དབྱིངས་ནས་རྒོད་ཐང་དཀར་ཞིག་དང་གླག་རྒོད་ཅིག་གིས་ལྡིང་སྐོར་ཡང་ཡང་བྱས་པ་སོགས་རྟེན་འབྲེལ་གྱི་དཔྱད་སྒོ་བྱུང་) དེར་འདུས་སྟག་ཤར་སྐྱེས་བུ་ཚོས་ཀི་བསོ་ལྷ་རྒྱལ་དང་། རླུང་རྟའི་ཁ་དོག་སྣ་ཚོགས་ཀྱིས་ས་དང་བར་སྣང་གང་བ་ཞིག་བྱས། ཉིན་གོང་མགོ་ལོག་གི་སྲིད་པའི་སྦྲ་རྒན་ཞེས་གླིང་དཀར་པོའི་གཡུ་སྦྲ་མཐིང་ཤོག་གོང་དགུ་ལ་འགྲན་བཟོད་པ་དེའི་ནང་དུ་ཡོན་མཆོད་ཚང་མས་གསོལ་སྟོན་དང་ཞལ་ཏ་སྣ་ཚོགས་བཅས་བཀྲ་ཤིས་རྒྱལ་ཁའི་ངང་གྲོལ།

  • ལེ་ཚན་སྔོན་མ།:གླིང་དགོན་རྟ་རྣ་རུ་ཉར་ཡོད་པའི་གླིང་གི་གནའ་རྫས།
  • ལེ་ཚན་རྗེས་མ།:གསེར་ཐར་ཡུལ་གྱི་གླིང་གེ་སར་རྒྱལ་པོའི་གནའ་ཤུལ་ཟུར་ཙམ་གླེང་བ
  • དོ་སྣང་ཆེ་བའི་རྩོམ།