༼ དཔྱོད་ལྡན་མཆོད་པའི་མེ་ཏོག ༽གི་རྩོམ་བསྡུའི་ཞུ་ཡིག

ཁྲི་བསོད་བསྟན།    ཧི་མ་ལ་ཡའི་བོན།    2013-08-09

༼ དཔྱོད་ལྡན་མཆོད་པའི་མེ་ཏོག ༽གི་རྩོམ་བསྡུའི་ཞུ་ཡིག


 དུས་ཀྱིས་འདས་པའི་ལོ་རྒྱུས་ཀྱི་ཆུ་རྒྱུན་ཁྲོད། ང་ཚོ་ཁ་བའི་ལྗོངས་སུ་ཡ་ཐོག་ཤེས་རིག་གི་དགེ་མཚན་མི་ཉུང་བ་ཞིག་ཆགས་སྡང་དང་སྒེར་སེམས་ཀྱི་འཐབ་རྩོད་ལས་ཉམས་རྒུད་དུ་སོང་ཡོད་པ་དེ་ནི། དཔེར་ན། རང་ཕྱོགས་རང་གིས་གཅོད་པའི་སྲིན་འབུ་དང་མཚུངས་པར་སྣང་བས་ད་ནི་གླེན་རྟགས་ཀྱི་སྨྱུག་གཟེབ་ཏུ་མི་ཚུད་པར་མེས་པོའི་རིག་གཏེར་གྱི་སྙིང་པོ་དེའི་འཚོལ་ཞིབ་ལ་བྲེལ་ན་ལགས་སོ། །
      ང་ཚོའི་ཤེས་གསལ་ལྟར་ཐབས་ཤེས་ཟུང་གིས་བསྐྱེད་པའི་ཤེས་རིག་གི་ཉི་གཞོན་གསར་བ་ནི་གངས་ཏི་སེ་ཉེ་ཕྱོགས་སུ་ད་ལྟའི་བར་ཁྱབ་ཅིང་རྒྱུན་འཛིན་སྐྱེ་བོའི་ཕྲེང་ཐག་ཀྱང་མ་ཆད་པར་ཞང་ཞུང་སྒོ་ཕུགས་བར་གསུམ་ནས་འཚར་ལོངས་བྱུང་དང་འབྱུང་བཞིན་པ་རེད། དེའི་ཁྲོད་དུ་བོད་དམ་བོན་གྱི་རིག་གཞུང་སྤྱི་ལ་ཐོན་པའི་ལེགས་རྩོམ་ཡང་ཆར་རྗེས་ཀྱི་ཤ་མོ་ལྟར་བརྡོལ་བཞིན་པ་སོགས་ནི་སད་རྟོགས་ཀྱི་ཚ་རླབས་རིགས་ཤིག་ཡིན་པར་གདོན་མི་ཟ།
       ང་ཚོ་རེབ་གོང་བོན་བརྒྱ་དགོན་གྱིས་གཉེར་བའི་གཡུང་དྲུང་བོན་བསྟན་དཔྱད་བརྗོད་དེབ་«དཔྱོད་ལྡན་མཆོད་པའི་མེ་ཏོག»སྤྱི་དེབ་དགུ་བ་འགྲེམ་སྤེལ་ཟིན་པ་དང་། ད་ལྟའང་སྤྱི་དེབ་བཅུ་བའི་རྩོམ་སྒྲིག་ལས་ཀར་བྲེལ་བའི་སྒང་འདིར། ཞང་ཞུང་སྒོ་ཕུགས་བར་གསུམ་ནས་ཡིན་པའི་མདོ་དབུས་ཁམས་གསུམ་གྱི་གཟུར་གནས་དཔྱོད་ལྡན་ཁྲི་མ་འབུམ་གྱིས་ཡ་ཐོག་ཞང་བོད་ཤེས་རིག་གི་གནད་ལས་བརྩམས་པའི་ཞང་ཞུང་ཤེས་རིག་གི་བྱུང་འཕེལ་དང་འབྲེལ་བའི་ཕ་བོན་རིག་པའི་ཉིང་ཁུ་བོད་འབངས་མིའི་གསོས་སུ་འཇོ་བའི་ལེགས་རྩོམ་གསར་བྱུང་ཅི་རིགས། བྲེལ་མྱུར་གང་མགྱོགས་སྒོས་བསྐུར་གནང་མཛད་པའི་ཞོར་དུ་མི་སྒེར་གྱི་མཚམས་སྦྱོར་ཡི་གེ་ཐུང་ངུ་རེའང་འབུལ་སྤྲོད་ཡོད་པར་ཞུ།
       རྩོམ་ཡིག་བསྐུར་ཡུལ། trisoten727@yahoo.com

  • ལེ་ཚན་སྔོན་མ།:སྐབས་དྲུག་པའི་ཀྲུང་གོའི་བོད་ལྗོངས་ཀྱི་ཇོ་མོ་གླང་མའི་བརྙན་རིས་འགྲེམ་སྟོན་འགོ་ཚུགས་པ།
  • ལེ་ཚན་རྗེས་མ།:བོད་ཀྱི་བུད་མེད་རྩོམ་རིག་གསར་རྩོམ་དཔྱད་གླེང་ཚོགས་འདུ་སྐབས་དང་པོ་ཟི་ལིང་དུ་བསྡུས།
  • དོ་སྣང་ཆེ་བའི་རྩོམ།