ཁམས་ཨ་ཕྱུག་གི་འཛམ་གླིང་གེ་སར་རྒྱལ་པོའི་ལྷ་ཁང་གི་ལོ་རྒྱུས་རགས་ཙམ་གླེང་བ།

ངག་དབང་སྒྲོལ་མ།    མང་ཚོགས་སྒྱུ་རྩལ་༢༠༡༣ལོའི་དཔྱིད་དེབ།    2013-06-03

 

ཁམས་ཨ་ཕྱུག་གི་འཛམ་གླིང་གེ་སར་རྒྱལ་པོའི་ལྷ་ཁང་གི་ལོ་རྒྱུས་རགས་ཙམ་གླེང་བ།

  གླེང་གཞི།
དེ་ཡང་འཛམ་གླིང་གེ་སར་རྒྱལ་པོ་ཞེས་བོད་གངས་ཅན་གྱི་ལྷ་སྐལ། འགྲོ་བ་འདྲེན་པའི་བླ་མ། ནག་པོ་བདུད་ཀྱི་ཁ་གནོན། སེར་པོ་ཧོར་གྱི་གཉའ་ཤིང་། སྨུག་པོ་འཇང་གི་དཔུང་ཡ། ལྷོ་བདུད་ཤིང་ཁྲིའི་འཕྲུལ་ཡ། སྟག་གཟིག་གཡང་གི་སྒོ་འབྱེད། འདོ་བ་རྟ་ཡི་ནོར་བདག  རིན་ཆེན་དར་ཟབ་ཀྱི་བང་མཛོད་ཅེས་གསུངས་པ་ལྟར་འཛམ་གླིང་གེ་སར་རྒྱལ་པོ་ནི། འཛམ་གླིང་ས་ཡི་ལྟེ་བ་མདོ་ཁམས་སྡེ་དགེའི་ཨ་ཕྱུག་ཏུ་བོད་རབ་བྱུང་དང་པོའི་ས་ཕོ་སྟག་གི་ལོ་སྟེ་སྤྱི་ལོ༡༠༣༨ལོར་ཡབ་ལྡོང་མི་འགྱུར་སེང་བློན་རྒྱལ་པོ་དང་། མ་ཡུམ་ཀླུ་མོ་འགོག་མོ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་འཁྲུངས། ཕུ་བོ་རྒྱ་ཚས་ཇོ་རུ་ཞེས་མཚན་གསོལ་ཞིང་། དགུང་ལོ་ལྔའི་བར་རྫ་འབྲི་གཉིས་སུ་གཟུགས་མེད་ཀྱི་འགྲོ་དོན་མཛད་ནས་བཞུགས་པ་དང་། སྟག་རོང་དཔོན་པོ་ཁྲོ་ཐུང་གིས་བསམ་ངན་བྱས་པ་ལྟར་དགུང་ལོ་བརྒྱད་པར་རྨ་སྨད་གཡུ་ལུང་སུམ་མདོར་སྤྱུགས། དེར་གཟུགས་ཅན་གཟུགས་མེད་ཀྱི་སེམས་ཅན་དུ་མའི་དོན་མཛད་དེ་དགུང་ལོ་བཅུ་གསུམ་པར་རྨ་ཁོག་རྡོ་རྗེའི་གདན་དུ་གླིང་གི་རྟ་རྒྱུག་འགྲན་རྩོད་ལ་ཞུགས་ཏེ་གླིང་དཀར་པོ་རྒྱལ་ཁྲིར་མངའ་གསོལ་ཏེ་གླིང་རྗེ་གེ་སར་རྒྱལ་པོ་ཞེས་མཚན་གསོལ་ཞིང་། རི་རབ་ཁ་ཡི་ཁྱུང་ཆེན། རྒྱ་མཚོའི་ནང་གི་ནོར་བུ། གླིང་སྡེ་ཀུན་གྱི་འགོ་འཛིན་དང་། ཕ་ཟོག་ལས་སྐལ་བཅོ་བརྒྱད། གཏེར་ཟོག་ནོར་བུ་ཆ་བདུན་སོགས་དབང་དུ་བསྡུས། རྫོང་ཆེན་བཅོ་བརྒྱད་དང་རྫོང་ཕྲན་རྩི་རྩི་གྲངས་མེད་ཆམ་ལ་ཕབ་སྟེ། མཐའ་འཁོར་ཉི་ཤུ་རྩ་གཉིས། ཡང་འཁོབ་ཀླ་ཀློ་སོ་གཉིས་སོགས་སུ་སངས་རྒྱས་ཀྱི་བསྟན་པ་སྤེལ་ཏེ། མཐུན་སྒྲིལ་དང་གཅིག་གྱུར་གྱི་ལས་ལ་བརྩོན། དབུལ་པོ་ནོར་གྱིས་ཚིམས། ཉམ་ཆུང་འཕྲོག་བཅོམ་ལས་ཐར། དགའ་བདེའི་དཔལ་ལ་སྤྱོད་ཅིང་ལོངས་སྤྱོད་ཀླུ་དང་མཉམ། རྫོགས་ལྡན་གྱི་དཔལ་ལ་འགྲན་པར་མཛད་ནས། མཐར་དགུང་ལོ་གྱ་གཉིས་པ་སྟེ་བོད་རབ་བྱུང་གཉིས་པའི་ས་མོ་ཕག་གི་ལོ་སྟེ་སྤྱི་ལོ༡༡༡༩ལོར་གཟུགས་སྐུ་བཀོད་པ་ཆོས་དབྱིངས་སུ་བསྡུས་སོ། །
    དེ་ལྟར་འཛམ་གླིང་གེ་སར་རྒྱལ་པོ་ཞེས་སྙན་པའི་བ་དན་ཕྱོགས་བཅུར་གཡོ་ཞིང་གྲགས་པའི་རྒྱལ་མཚན་བླ་ན་མཐོ་བ་གང་ཉིད་ཀྱི་སྐྱེས་རབས་རྣམ་པར་ཐར་པ་དང་། རྗེས་ཤུལ་གྲངས་ལས་འདས་པ་ཞིག་མཆིས་པ་དེ་དག་ལ་གཟུར་གནས་ཀྱི་མཁས་དབང་རྣམ་པས་ཞིབ་འཇུག་དང་རྗེས་དྲན་བྱ་རིན་ཡོད་པ་ཞིག་ཡིན་པས། ད་ལམ་འཛམ་གླིང་གེ་སར་རྒྱལ་པོ་སྐུ་དངོས་སུ་འཁྲུངས་ཤུལ་དུ་བཞེངས་པའི་གེ་སར་ལྷ་ཁང་ངམ་གེ་སར་དྲན་རྟེན་ཁང་གི་བྱུང་བ་མདོ་ཙམ་བརྗོད་པ་ལ་བཞི་སྟེ།
   དང་པོ།  ཆེན་པོ་གླིང་གི་གདུང་རྒྱུད་དང་འབྲེལ་བའི་ལྷ་ཁང་འདེབས་པ་པོའི་ལོ་རྒྱུས་བརྗོད་པ།
  དེ་ཡང་བོད་གངས་ཅན་གྱི་ལྗོངས་སུ་མདོ་སྟོད་སྨད་དབུས་གཙང་སྟེ་ཆོལ་ཁ་གསུམ་དུ་ཕྱེས་པའི་མདོ་སྟོད་མའི་ཆོལ་ཁའི་ཡ་གྱལ་ཁྲ་མོ་གླིང་དཀར་སྡེ་བའམ་གླིང་ཚང་ཞེས་ཡོངས་སུ་གྲགས་པ་འདིའི་ཆོས་རྒྱལ་གྱི་གདུང་རབས་ནི། བོད་མིའུ་གདོང་དྲུག་གི་ཡ་གྱལ་སྨུག་པོ་ལྡོང་གི་རུས་རྒྱུད་ལས་ཆད་དེ། ལྡོང་གི་མ་ཡིག་ལུང་བསྟན་ལས། ལྡོང་ཡེ་སྨོན་ནམ་མཁའི་རྒྱལ་པོ་ཚུན། གླིང་གདུང་རབས་བཅུ་གསུམ་འདས་པའི་རྗེས། བུ་མེད་ནས་བུ་མོས་ས་བཟུང་དུས། ལྷ་སྲས་སྤུ་བོ་བྱ་ཐུལ་ཏེ། འབྲོང་བཟའ་ཁྲི་ལྕམ་མཛེས་ལྡན་ལ། ལྡོང་ར་ཁྲ་རྒན་པོ་སྲས་སུ་འཁྲུངས། དེ་མདོ་ཁམས་རྒྱལ་པོའི་ཐོག་མ་རེད། རི་ཁྲི་བཙན་དང་དམུ་ཁྲི་བཙན། དབུ་ཁྲི་བཙན་ལ་སྲས་གསུམ་འཁྲུངས། ཆོས་ལི་འཕེན་དང་བླ་མ་འཕེན། ཆོས་འཕེན་ནག་པོ་རྣམ་གསུམ་འཁྲུངས། ཆོས་འཕེན་དཔོན་ལ་བུ་གསུམ་ཡོད། གསེར་བུ་འོམ་བུ་སྤྱང་བུ་གསུམ། གླིང་ཆེ་འབྲིང་ཆུང་གསུམ་རྒྱལ་ས་བཟུང་། དགྲ་འདུལ་འབུམ་དང་ཐོག་ལྷ་འབུམ། ཆོས་ལྷ་འབུམ་གྱི་རྒྱལ་རྒྱུད་ལ། ལྡོང་མི་འགྱུར་སེང་བློན་རྒྱལ་པོའི་སྲས། གླིང་སེང་ཆེན་ཉི་ཟླ་སྐར་གསུམ་འཁྲུངས། ཞེས་གསུངས་པ་ལྟར། སེང་བློན་ནས་རྒྱ་བཟའ། རོང་བཟའ། འགོག་བཟའ་གསུམ་ཁབ་ཏུ་བཞེས་ནས་རྒྱ་བཟའ་ལ་སྲས་རྒྱ་ཚ་ཞལ་དཀར་དང་། རོང་བཟའ་ལ་རོང་ཚ་དམར་ལེབ། འགོག་བཟའ་ལ་སེང་ཆེན་ནོར་བུ་དགྲ་འདུལ་རྣམས་འཁྲུངས་ཤིང་། རྒྱ་ཚ་ཞལ་དཀར་གྱིས་རག་བཟའ་ཁབ་ཏུ་བཞེས་པའི་སྲས་དགྲ་ལྷ་རྩེ་རྒྱལ་ཞེས་ཉམ་ཆུང་གི་ཕ་མ་དང་། བཙན་པོའི་གཉའ་གནོན། དགྲ་མགོ་བརྡུང་བའི་ཐོ་བ། མི་རྒྱུད་ལྷ་ལས་ཆད་པ་གང་ཉིད་སྐུ་འཁྲུངས་ཤིང་། འཛམ་གླིང་གེ་སར་རྒྱལ་པོ་རྒྱལ་སར་བཀོད་དེ་གླིང་དཀར་སྟོད་པའི་རྒྱལ་ས་བསྐྱངས།
  དེ་ནས་གདུང་རབས་རེ་གཅིག་པ་གླིང་རྒྱལ་དབང་ཆེན་བསྟན་འཛིན་ཆོས་རྒྱལ་ཉིད་ཀྱིས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་། འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་སོགས་མཁས་མཆོག་དམ་པ་དུ་མའི་ཞབས་རྡུལ་སྤྱི་གཙུག་ཏུ་བཀུར་ནས་སློབ་མའི་མཆོག་ཏུ་གྱུར་ཅིང་། མཁྱེན་ཀོང་རྣམ་གཉིས་ཀྱིས་ཁོང་ལྷ་སྲས་མུ་ཁྲི་བཙན་པོའི་སྐྱེ་མཐའ་ཡིན་པར་མི་འགྱུར་ལུང་གིས་བསྔགས་བརྗོད་མཛད་པའི་སྐྱེས་མཆོག་དམ་པ་གང་ཉིད་བྱོན་པ་ཡིན་ནོ། །
  གཉིས།  ལོ་རྒྱུས་དངོས་དོན་འབྲེལ་བའི་སྒོ་ནས་གང་དུ་བཏབ་པའི་གནས་བསྟན་པ།
  དེ་ཡང་འཁྲུངས་གླིང་མེ་ཏོག་ར་བ་ལས། ས་འདི་སྐྱིད་སོས་ཡག་གི་མདོ། ཆུ་གཉིས་ཆབ་མ་བརྡབ་འདྲ་ཡོད། ། བྲག་གཉིས་མདའ་སྒྲོ་གཤིབ་འདྲ་ཡོད། སྤང་གཉིས་བལ་སྟན་བཏིང་འདྲ་ཡོད། ། བྲག་སྦལ་བ་འདྲ་བའི་རྩ་བ་རེད། ། ཀླུ་གཙུག་ནའི་གཏེར་སྒོ་ཕྱི་མ་རེད། ། ཅེས་དང་། རྟོགས་བརྗོད་མུ་ཏིག་ཕྲེང་བ་ལས། གླིང་ཅི་སྲིད་༼སྐྱིད་སོ༽སྟག་མོའི་འདུས་མདོ་ན། བྲག་རི་ལྷ་བཤོས་བཤམས་འདྲ། ཆུ་གཉིས་ཆབ་མ་བརྡབ་འདྲ། སྤང་རྟ་སྟན་འདྲ་བའི་གཞི་དཀྱིལ།། ཤུག་པ་གཡག་རྔ་འདྲ་བའི་གཡས་ཟུར། ། ཆུ་མིག་ཕོར་བ་གང་འདྲ་བའི་གཡོན་ཟུར་ན། ། ཐང་དཀྱིལ་འཁོར་བའི་གཞི་དཀྱིལ་ལ་ཞེས་གསུངས་པ་ལྟར་འཛམ་གླིང་གེ་སར་རྒྱལ་པོའི་འཁྲུངས་ཡུལ་གྱི་བཤད་པ་རྣམས་ཇི་བཞིན་བདེན་པར་ར་སྤྲོད་བྱེད་ནུས་པའི་ཡུལ་ལུང་དེ་ནི། ། གངས་རིག་ཉེར་གཅིག་གིས་ཡོངས་སུ་བསྐོར་བའི་ལྗོངས། མདོ་དབུས་ཁམས་གསུམ་ལས་ཁམས་སྡེ་དགེ་ནས་གཡས་ཕྱོགས་སུ་སོང་ན། ལེ་བར་བརྒྱ་དང་ལྔ་བཅུ་ཙམ་གྱི་ས་དེར་། རྫ་ཆུ་སྔོན་མོའི་རྒྱུད། རྒྱབ་རི་གླང་ཆེན་ཆུ་འཐུང་། མདུན་རི་སྟག་མོ་ངར་གཟུགས། གཡས་རི་གཡུ་འབྲུག་འགྱིང་ཉམས། གཡོན་རི་སྒོམ་ཆེན་གདན་ལ་བཞུགས་འདྲ་བཅས་ཀྱིས་བསྐོར་བ། ས་ཡི་དགེ་མཚན་མ་ལུས་པ་ཚང་བའི་གནས། ཚབ་ཚ་ཆོས་འཁོར་གླིང་གི་ཉེ་འགྲམ་དེར་ཡོད་པ་ནི་འོལ་ཚོད་ཙམ་དང་། རྗེ་དཔག་གིས་དཔྱད་མ་དགོས་པར་མངོན་སུམ་དུ་གྲུབ་པ་ཡིན་ཏེ། གོང་གི་འཁྲུངས་གླིང་མེ་ཏོག་ར་བ་ལས་གསུངས་པའི་ས་འདི་སྐྱིད་སོས་ཡག་གི་མདོ་ཟེར་བ་དེ། ། ཚབ་ཚ་དགོན་གྱི་གཡས་ཕྱོགས་ལུང་པ་ཕུ་ཐག་རིང་པོ་ཅན་དེ་སོས་ཁོག་ཡིན་ལ། སོས་ཁོག་ལུང་བའི་མཐའ་ནས་གཞུང་ལམ་དེད་དེ་ཕར་ཙམ་སོང་ན། ལུང་བ་ཁ་ཡངས་པ་སྤང་ལྗོངས་ཤིན་ཏུ་སྙོམས་ཤིང་། ཨ་ཕྱུག་ཡུལ་དགོན་ཀུན་གྱིས་དུས་སྟོན་ལ་རོལ་བའི་གནས་དེ་ནི་སྐྱིད་ཁོག་རེད། ཡང་བྲག་གཉིས་མདའ་སྒྲོ་གཤིབ་འདྲ་ཡོད་ཚུལ་ནི། ལུང་པ་གཉིས་ཀྱི་འདུས་གདོང་གི་ས་གནས་མི་རིང་བར་སྤོང་བ་བསམ་གཏན་པའི་གནས་རི་ཁ་སྐད་དུ་ཡར་ཐོད་ཟེར་བཞིན་ཡོད་པའི་རི་དེའི་རྩེ་མོ་ན་མདའ་སྒྲོའི་གཟུགས་ཇི་བཞིན་མཐོང་བ་དང་། ཡང་སྤང་གཉིས་བལ་སྟན་བཏིང་འདྲ་ཟེར་བ་ནི། མདོ་དེ་ནས་གཡས་ཕྱོགས་དང་གཡོན་ཕྱོགས་གཉིས་སུ་སྤང་སྔོན་ལག་མཐིལ་ལྟར་མཉམ་པ་གཉིས་ཡོད། དེའི་དཀྱིལ་དུ་བྲག་སྦལ་བ་འདྲ་བ་དང་། གེ་སར་ལྷ་ཁང་བཅས་ཆགས་ཡོད་ལ། གཞན་ཡང་ཀླུ་གཙུག་ན་རིན་ཆེན་གྱི་གཏེར་སྒོ་ཕྱི་མ་དང་། རྒྱ་བཟས་ཇོ་རུ་རྡོ་ལ་བརྡེག་ཤུལ་དང་། བདུད་ཀྱི་བྱ་ནག་བཏུལ་གནས། རྒྱ་བཟའི་སྦྲ་མལ། བླ་མཚོ་ཆུ་མིག་། བྲག་ནག་ལུང་མདོར་ཨ་མྱེ་སྒོམ་པའི་སྒྲུབ་ཕུག སྐྱི་རྒྱལ་སྟག་རི་སོགས་ད་ལྟ་དངོས་སུ་མིག་མཐོང་ལག་ཟིན་དུ་ཡོད་པས། མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་དང་། རིག་འཛིན་འགྲོ་འདུལ་དཔའ་བོ་རྡོ་རྗེ་དང་། གཏེར་ཆེན་ལས་རབ་གླིང་པ། འགྱུར་མེད་ཐུབ་བསྟན། འཇམ་དབྱངས་གྲགས་པ། མཁས་མཆོག་དམུ་དགེ་བསམ་གཏན་སོགས་སྔ་ཕྱིའི་མཁས་དབང་དུ་མས་རྩོད་མེད་དུ་གྲུབ་པའི་གནས་མཆོག་དེར། ཆོས་རྒྱལ་ཆེན་པོ་དེ་ཉིད་ལ་ཉག་བླ་བསོད་རྒྱལ་རིན་པོ་ཆེ་ནས་གེ་སར་འཁྲུངས་ཡུལ་འདིར་གེ་སར་ལྷ་ཁང་ཞིག་བཞེངས་ན་འཛམ་གླིང་གི་ས་གནད་མེ་བཙའ་ལྟ་བུ་ཤིན་ཏུ་གལ་ཆེ་བ་ཡིན་པས། སྤྱིར་བོད་ཁམས་ཡོངས་དང་། སྒོས་སུ་གླིང་རྒྱལ་པོའི་མངའ་འབངས་ལ་འགྲོ་ཕན་རྒྱ་ཆེན་ཡོད་ཅེས་ལུང་བསྟན་པ་བཞིན་གླིང་ཚང་མངའ་ཤོག་གི་མཆོད་གནས་གེ་སར་ལྷ་ཁང་འདི་ཉིད་གསར་བཞེངས་མཛད་པ་ཡིན་ནོ། །
གསུམ་པ། སྒྱུ་རྩལ་གྱི་ཁྱད་ཆོས་དང་ལྡན་པའི་རྟེན་མཆོག་གི་བཞུགས་བྱང་བསྟན་པ། དེ་ནས་རྟེན་ཕུ་ནུ་སུམ་ཅུ་སོགས་སྐུ་མདོག་ཕྱག་མཚན་རྣམས་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོའི་ཞལ་བཀོད་ལྟར། གཙོ་གཞུང་ཁྲི་ཐོག་ཏུ་སེང་ཆེན་རྒྱལ་པོའི་མི་རྟ་གཉིས་ཟངས་གསེར་ལས་གྲུབ་པའི་སྐུ་དེ་ལ་རྡོ་རྗེ་ཕ་ལམ་དང་། གཟི་བྱི་རུ་སོགས་རིན་པོ་ཆེའི་རྒྱན་ཆ་གྲངས་མང་གིས་བརྒྱན་པ་དང་། རྒྱབ་ཡོལ་ཐོག་ཏུ་གེ་སར་རྒྱལ་པོའི་དགྲ་ལྷ་ཝེར་མ་བཅུ་གསུམ་གྱིས་བསྐོར་ཏེ། རྩལ་ལྡན་ཁྱུང་ཆེན་དར་མ། དགྲ་བླའི་གཡུ་འབྲུག་སྔོན་མོ། འགྱིང་རོགས་གངས་སེང་དཀར་མོ། ངར་རོགས་རྒྱ་སྟག་དམར་པོ། རྒྱུག་རོགས་སྤྱང་ཆུང་ཁ་དཀར། ཟ་རོགས་སྤྱང་ཐང་སྔོན་མོ། འཛིང་རོགས་གླག་མོ་ཁྲ་འབར།  ངར་རོགས་དོམ་བུ་སྙིང་དཀར། རྣ་མྱུར་སྐྱ་ཁྲ་ཧོར་བ། རྭ་རྒྱལ་ཤྭ་བ་རྒྱ་ལྡིང་། རྔམས་འཇིགས་དྲེད་མོང་སོག་དཀར། འཁྱིལ་རོགས་གསེར་སྦྲུལ་སེར་པོ། སྟོབས་ཆེན་འབྲོང་གཡག་དར་མ་རྣམས་བཞུགས་སུ་གསོལ།
   དེ་ནས་གླིང་ལྷ་རྣམས་ཀྱི་བཞུགས་བྱང་ལ། རྒྱབ་ཡོལ་རྒྱབ་ཀྱི་ངོས་གཡས་སུ་སྟོན་པ་ཤཱཀྱ་ཐུབ་པ་དང་། གཉན་ཆེན་ཨ་བོ་གེར་མཛོ། ཀླུ་རྒྱལ་གཙུག་ན་རིན་ཆེན། ཕུ་བོ་དུང་སྐྱོང་དཀར་པོ། སྲིང་མོ་རྒོད་ཆིབས་དཀར་མོ། རྗེ་བཙུན་མི་ལ་རས་པ་བཅས་བཞུགས་པ་དང་། རྒྱབ་ཀྱི་གྱང་ངོས་གཡོན་དུ་སློབ་དཔོན་པདྨ་འབྱུང་གནས། ལྷ་ཆེན་ཚངས་པ་དཀར་པོ། ནེ་ནེ་གནམ་སྨན་དཀར་མོ། ནུ་བོ་ཀླུ་ཕྲུག་འོད་ལྡན། དགྲ་བླའི་མེ་སྟག་དམར་པོ། གྲུབ་ཆེན་ཐང་སྟོང་རྒྱལ་པོ་བཅས་བཞུགས་སོ། །
  དེ་ནས་གླིང་གི་དཔའ་ཐུལ་དང་ཕུ་ནུ་རྣམས་ཀྱི་བཞུགས་བྱང་ལ། གཡས་ཀྱི་ཕྱོགས་སུ་གདོང་འབུམ་པའི་རྒྱ་ཚ་ཞལ་དཀར། སྤྱི་དཔོན་རོང་ཚ་ཁྲ་རྒན། དཔའ་ཡ་མེད་སེང་སྟག་ཨ་དོམ། སྤྱི་དཔོན་སྣང་ཆུང་གཡུ་སྟག  གདོང་གསེར་བའི་ཉི་འབུམ་དར་ཡག  འོམ་བུ་ཨ་ནུ་དཔའ་སེང་། ཡབ་ཆེན་སེང་བློན་རྒྱལ་པོ། ཨ་གེ་ཚངས་པའི་ངོ་ལུག  ལྷ་སྲས་དགྲ་ལྷ་རྩེ་རྒྱལ།  སྒ་སྐྱ་ལོ་སྟོན་པ་རྒྱལ་མཚན། དཀར་རི་ཉི་མ་རྒྱལ་མཚན། ལྷ་བུ་ནམ་མཁའ་སེང་ཞལ། ནག་རུ་ཐར་བ་རྒྱལ་མཚན། གདོང་བཙན་སྣང་ངུ་ཨ་དཔལ། བཅོ་ལྔའི་དཔའ་གསལ་ཟླ་བ། འཇང་ཕྲུག་གཡུ་ལྷ་ཐོག་འགྱུར། སྟག་རོངས་ཉ་ཚ་ཨ་བརྟན། དབང་བཅད་དབང་པོ་དར་འཕེན། སྡིག་གཅོད་ཤན་རྨེ་རུ་རྩེ། བོད་ཕྲུག་མི་ཆུང་ཁ་བདེ་བཅས་དང་། གཡོན་ཕྱོགས་སུ་ཨ་ཁུ་ཁྲོ་ཐུང་རྒྱལ་པོ། རོང་ཚ་གུང་གི་དམར་ལེབ། འབྲི་སྒ་བདེ་ཆོས་སྐྱོང་བེར་ནག  གདོང་ཆོས་ལུ་བུ་ཡི་དར་འཕེན། དཔའ་ཚ་ཞང་འདན་མ་བྱང་ཁྲ། རོང་སྲས་ལྷ་རྒོད་འབུམ་ལུ། སྐྱེས་མཆོག་ཐར་བ་རྒྱལ་མཚན། མི་ཆེན་རྒྱལ་བ་ལྷུན་གྲུབ། སྟག་རོང་ཨ་ནུ་གཟིག་འཕེན། དུམ་པ་ཤེལ་དཀར་རྒྱང་གྲགས། བརྒྱ་དཔོན་གསེར་གྱི་ཨརྒྷཾ། བྱང་ཨ་སྟག་འཁྱིལ་བའི་ཀླུ་མོ། མོ་མ་ཀུན་ཤེས་ཐིག་པོ། ལྷ་རྗེ་ཀུན་དགའ་ཉི་མ། ཆེ་བརྒྱུད་གང་བ་ཁྲོ་རྒྱལ། དུང་སྐྱོང་སྟག་ལྷ་ཁྲི་དཀར། གཟི་ཆེན་ཝེར་མ་ལྷ་དར། རོང་བློན་ཨ་ནུ་སེང་སྔོན། ཁྱི་ཤི་བུ་ཡི་སྒུ་རུ་རྣམས་བཞུགས་སོ། །
  གླིང་གི་དྭངས་སྨན་བརྒྱད་ཀྱི་བཞུགས་བྱང་ལ། གཡས་ཕྱོགས་སུ་སྒ་སྐྱ་ལོ་སེང་ལྕམ་འབྲུག་མོ། མ་ཡུམ་འགོག་བཟའ་ལྷ་མོ། མེ་བཟའ་འབུམ་སྐྱིད། སྟོང་ཉིད་མགར་བཟའ་ཆོས་སྒྲོན་བཅས་དང་། གཡོན་ཕྱོགས་སུ་སྤྱི་དཔོན་བུ་མོ་གཡུ་སྒྲོན། ཆགས་ཆེན་རག་བཟའ་དགེ་མཚོ། ཁྲོ་ཐུང་གི་བུ་མོ་ཁྲོ་མཚོ། སྔོ་ལོ་སྐྱིད་ཀྱི་ནེའུ་ཆུང་བཅས་བཞུགས་པར་མ་ཟད། ལྷ་ཁང་དེའི་གཡན་གཡོན་རྒྱབ་ཀྱི་གྱང་ངོས་ཀྱི་མཆོད་ཁྲིའི་ཐོག་ཏུ་རྒྱ་གར་གྱི་གྲུབ་ཆེན་བརྒྱད་ཅུ་དང་། འཛམ་གླིང་གེ་སར་རྒྱལ་པོའི་བ་སོའི་ཐམ་ག་དང་། གོ་ཁྲབ། མཚོན་ཆ། དཔའ་རྒྱ་ཚའི་དབུ་རྨོག  སེང་བློན་གྱི་གཟི་ཡི་མགུལ་རྒྱན།  སྤྱི་དཔོན་རོང་ཚ་ཁྲ་རྒན་གྱི་ཁྱིམ་གྱི་དེབ་ཐེར། བློན་ཆེན་ཉ་ཚ་ཨ་བརྟན་གྱི་རལ་གྲི་སོགས་གནའ་རྫས་རིན་ཐང་ཅན་དུ་མ་བཞུགས་སོ། །
  གཞན་ཡང་གྱང་ངོས་མདུན་ཕྱོགས་ཀྱི་གཡས་གཡོན་གཉིས་སུ་སེང་ཆེན་ནོར་བུ་དགྲ་འདུལ་གྱིས་རྫོང་ཆེན་བཅོ་བརྒྱད་ཕབ་ཚུལ་སོགས་ཀྱི་མཛད་པ་འཕྲིན་ལས་དང་བཅས་པའི་ལོགས་བྲིས་རྣམས་སྒྲུབ་རྒན་བདུད་འདུལ་བསྟན་པའི་ཉི་མས་ཕྱག་བྲིས་བགྱིས་ཏེ། འཇམ་དབྱངས་མཁྱེན་ཀོང་རྣམ་གཉིས་དང་། མི་ཕབ་འཇམ་དབྱངས་རྣམ་རྒྱལ། ཉག་བླ་བསོད་རྒྱལ་སོགས་རིས་མེད་སྐྱེས་ཆེན་འཕགས་པ་རྣམས་ཀྱིས་རབ་གནས་མཛད་པས་བྱིན་རླབས་ཀྱི་གཟི་འོད་འབར་བ་བྱུང་ཞིང་། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་བྱོན་སྐབས་མི་ཆུང་ཁ་བདེས་ཞྭ་ཕུད་པ་དང་། ཨ་སྟག་ཀླུ་མོའི་མིག་འབྱེད་འཛུམ་བྱས་པ་དང་། ལྷ་རྟ་རྐྱང་བུའི་འཚེར་སྐད་ཀུན་གྱིས་མཐུན་སྣང་དུ་ཐོས་པ་དང་། དུས་རྒྱུན་དུ་ལྷ་ཁང་གི་སྒོ་ཕྱི་ནང་ནས་རྟ་སྐད་དང་མི་སྐད་རྡོག་སྒྲ་སོགས་མི་ཀུན་གྱིས་གོ་ཐོས་ཡོད་པའི་ངོ་མཚར་བའི་ལྷ་ཁང་གྲགས་ཅན་ཞིག་ཏུ་གྱུར་ཅིང་། ཆོས་རྒྱལ་ཆེན་པོའི་སྐུ་རིང་ལ་བཙན་པོ་ཐམས་ཅད་གཉའ་ནས་གནོན་པ་དང་། ཉམ་ཆུང་ཐམས་ཅད་མཐའ་ནས་བསྐྱངས། དགེ་བཅུའི་བཀའ་ཁྲིམས་ཀྱིས་མངའ་འབངས་བདེ་ལ་བཀོད་ནས་རྒྱལ་ཇུས་ལ་ཆགས་འཇིག་མ་བྱུང་བ་སྲ་ཞིང་བརྟན་པ་བྱུང་བའང་འདི་ཉིད་ཀྱི་རྟེན་འབྲེལ་ལས་བྱུང་བར་གྲགས་སོ། །
  བཞི་པ། དུས་རབས་ཀྱི་ཆགས་འཇིག་དང་འབྲེལ་བའི་ལྷ་ཁང་གི་འཕེལ་འགྲིབ་བརྗོད་པ།
  དེ་ལྟར་ལྷ་ཁང་འདི་ཉིད་ཕྱག་བཏབ་ནས་བཟུངས་དམངས་གཙོ་བཅོས་བསྒྱུར་སྐབས་སུ་རྒྱལ་ཁབ་ཀྱིས་སྲུང་སྐྱོང་བྱ་ཡུལ་གྱི་ལྷ་ཁང་དུ་བརྩིས་ནས་སྲུང་སྐྱོབ་ཆེད་དུ་གྲྭ་རྒན་ཁ་ཤས་བཞག་ཀྱང་། རྗེས་སུ་རིག་གནས་གསར་བརྗེའི་སྐབས་སུ་ལྷ་ཁང་རྟེན་དང་བརྟེན་པ་བཅས་བརླགས་ཏེ་མིང་གི་ལྷག་ཙམ་དུ་གྱུར་ཏོ། །
  སླད་ནས་མི་ལོ་སུམ་ཅུ་ལྷག་གི་རྗེས་སུ་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས། ཆོས་ལུགས་དང་རིག་གནས་སྲིད་ཇུས་གོམ་གང་མདུན་སྤོས་ངང་ལག་ལེན་མཐའ་འཁྱོལ་བྱས་ནས། སི་ཁྲོན་ཞིང་ཆེན་དང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་རིམ་པ་ཁག་གིས་རྒྱབ་སྐྱོར་ཐུགས་ཁུར་འོག་ཏུ་སྐྱེས་མཆོག་དམ་པ་དཔལ་རྒྱལ་རིན་པོ་ཆེ་སྐུ་དངོས་ཀྱིས་ཉིན་མཚན་ལྟོས་མེད་འབད་བརྩོན་བྱས་ཏེ། ཕྱི་ཕྱོགས་ལ་དྲིལ་བསྒྲགས་དང་། མ་དངུལ་ནང་འདྲེན། ལས་ཀར་འགོ་བསྡུ། རྟེན་བཞེངས་གསར་སྐྲུན་བཅས་ལ་སྒོར་ཁྲི་བརྒྱ་ཡས་མས་འགྲོ་སོང་བཏང་སྟེ་སྤྱི་ལོ༡༩༩༩ལོའི་ཟླ་བ་བརྒྱད་པའི་ཚེས་བརྒྱད་ཉིན་བསྐྱར་བཞེངས་ལེགས་གྲུབ་བྱུང་ནས། གེ་སར་རྒྱལ་པོ་གཙོས་པའི་གླིང་གི་ཁྲ་གླག་སྤྱང་གསུམ་དང་། རྒྱ་ཚ་ཞལ་དཀར་གཙོས་པའི་ཡང་ཐུལ་དམ་པ་མི་བདུན། ལྷ་ཆེན་ཚངས་པ་དཀར་པོ་གཙོས་པའི་གླིང་ལྷ་བརྒྱད། སེང་ལྕམ་འབྲུག་མོ་གཙོས་པའི་གླིང་གི་མི་སྨན་བརྒྱད། རྒྱ་གར་གྲུབ་ཆན་བརྒྱད་ཅུ་སོགས་རྟེན་བཞེངས་གནང་བས་མཐོང་ན་ཡིད་དབང་འཕྲོག་པ་དང་། ཐོས་ན་དོན་དང་ལྡན་པར་མ་ཟད། གེ་སར་ལྷ་ཁང་ངམ་གེ་སར་རྗེས་དྲན་ཁང་འདི་ལ་སྔར་བཞེངས་བའི་དུས་ནས་བཟུང་། བླ་བསྐོས་མཁན་པོ་རེ་དང་། གྲྭ་པ་བདུན་བརྒྱད་རེས་དུས་རྒྱུན་དུས་མཆོད་གསོལ་ཁ་སོགས་དང་། ལྷ་ཁང་ཉར་ཚགས་བྱེད་སྲོལ་ཡོད་ལ། དེང་སང་ཡང་བདག་གཉེར་ཚོ་ཆུང་གི་མགོན་བླ་དང་། གྲྭ་པ་བཅུ་ཕྲག་ཙམ་གྱིས་བསང་མཆོད་དང་གསོལ་ཁ་སོགས་ཀྱི་འགན་བཞེས་ཏེ་མཆོད་པའི་ཞིང་ས་བླ་མེད་ཅིག་ཏུ་གྱུར་ཡོད་དོ། །
  མཇུག་བྱང་། 
  དེ་ལྟར་འཛམ་བུ་གླིང་གི་སྐྱེས་མཆོག་གེ་སར་ནོར་བུ་དགྲ་འདུལ་གྱི་ལྷ་ཁང་ངམ་དྲན་རྟེན་ཁང་གི་ལོ་རྒྱུས་འདི་ནི་གོང་དུ་བརྗོད་པ་ལྟར་ཐོག་མར་ཉག་བླ་བསོད་རྒྱལ་རིན་པོ་ཆེ་ནས་ས་གཟིགས་མཛད་པ་དང་། བར་དུ་རྟེན་ཕུ་ནུ་སུམ་ཅུ་སོགས་ཀྱི་སྐུ་མདོག་ཕྱག་མཚན་རྣམས་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་ཞལ་བཀོད་གནང་བ་དང་། མཐར་འཇམ་དབྱངས་མཁྱེན་ཀོང་རྣམ་གཉིས་དང་མི་ཕམ་འཇམ་དབྱངས་རྣམ་རྒྱལ། ཉག་བླ་བསོད་རྒྱལ་སོགས་རིས་མེད་སྐྱེས་ཆེན་འཕགས་པ་རྣམས་ཀྱིས་རབ་ཏུ་གནས་པར་མཛད་པས་མཚོན་བྱིན་རླབས་ཀྱི་གཟི་འོད་རབ་ཏུ་འབར་བར་མ་ཟད། ལོ་རྒྱུས་ཀྱི་བདེན་དཔང་དང་ལྡན་པའི་རིན་ཐང་བླ་ན་མཐོ་བའི་ལྷ་ཁང་ཞིག་ཡིན་པས། དེང་དུས་གེ་སར་ཞིབ་འཇུག་པ་དང་། དད་ལྡན་གྱི་སྡེ་འབངས་དང་། ཡུལ་སྐོར་སྤྲོ་འཆམ་པ་རྣམས་ཀྱིས་མཐོང་ན་ཡིད་དབང་འཕྲོག་པ། ཐོས་ན་དོན་དང་ལྡན་པ། དགེ་མཚན་ཕྱོགས་ཀུན་ཁྱབ་པའི་གནས་མཆོག་བླ་ན་མེད་པ་ཞིག་ཡིན་ནོ། ། 

  • ལེ་ཚན་སྔོན་མ།:ཧོར་རོང་པ་ཚའི་གླིང་གི་རྗེས་ཤུལ་སྐོར།
  • ལེ་ཚན་རྗེས་མ།:གླིང་གེ་སར་རྒྱལ་པོ་དང་གླིང་དཀར་གཤིས།
  • དོ་སྣང་ཆེ་བའི་རྩོམ།