བྲག་བར་དཔལ་ལྡན།

        2013-05-07

བྲག་བར་དཔལ་ལྡན།
 

བྲག་བར་དཔལ་ལྡན།མཁས་དབང་བྲག་བར་དཔལ་ལྡན་ནི་སྤྱི་ལོ1915ལོར་སི་ཁྲོན་རྔ་བ་ཁུལ་འབར་ཁམས་རྫོང་བྲག་བར་ཡུལ་ཚོའི་ཞིང་བའི་ཁྱིམ་དུ་སྐྱེས།དགུང་གྲངས་བཅུ་གཉིས་སུ་རབ་ཏུ་བྱུང་།ཁོང་གིས་བརྩོན་པ་ཆུ་བོའི་རྒྱུན་བཞིན་མདོ་སྔགས་ཀྱི་གཞུང་ལ་ཐོས་བསམ་སྒོམ་གསུམ་གནང་།དགུང་གྲངས་ཉེར་བརྒྱད་དུ་ཇོ་ནང་བླ་མ་དཔལ་ལྡན་ཞེས་མཚན་སྙན་རྒྱལ་རོང་ཡུལ་ཀུན་ཁྱབ།སྤྱི་ལོ1953ལོར་ཏང་དང་སྲིད་གཞུང་གིས་སྐུལ་མར་བརྟེན་གསར་བརྗེའི་ལས་དོན་ལ་ཞུགས།1953—1956བར་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་ཆབ་སྲིད་ཚན་ཁག་ཏུ་སློབ་སྦྱོང་མཛད།རྗེས་སུ་འབར་ཁམས་རྫོང་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་དང་།རྫོང་སྲིད་གྲོས་ཀྱི་སྐབས་རིམ་བྱུང་གི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན།སྐབས་བརྒྱད་པ་ནས་བཅུ་གཅིག་བར་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།སྲིད་གྲོས་རྔ་བ་ཁུལ་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན།འབར་ཁམས་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སོགས་ཀྱི་ཕྱག་ལས་གནང་།རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞིག་གཞོན་པའི་འགན་ཁུར་སྐབས་སྐུ་ན་ཤིན་ཏུ་བགྲེས་ནའང་དཀའ་ཚེགས་ལ་མ་འཛེམ་པར《བོད་རྒྱལ་མོ་རོང་གི་འབྱུང་ཁུངས།》《རྒྱལ་རོང་ཟློས་གར་ཐད་ཀྱི་གནད་དོན་འགའ་ཞིག་བཤད་པ》《བོད་རྒྱ་ཤན་སྦྱར་རྒྱལ་རོང་ཡུལ་སྐད་ཚིག་མཛོད》《ཚ་བ་ཁག་བཞིའི་ལོ་རྒྱུས》《བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས》《མཐུ་ཆེན་ཨ་མྱེ་སྒོ་གདོང་འཁྲབ་གཞུང》《འབར་ཁམས་དགོན་པའི་ལོ་རྒྱུས》《འཛའ་འགོ་རི་ཁྲོད་ཀྱི་ལོ་རྒྱུས》《ཆུ་འཕོ་དགོན་གྱི་ལོ་རྒྱུས》《མཚན་ཉིད་དགོན་གྱི་ལོ་རྒྱུས》སོགས་རྩོམ་བསྒྲིགས་གནང་།ལྷག་པར་དུ་རྒྱལ་རོང་གི་ཡུལ་དུ་བོད་ཀྱི་ཤེས་རིག་ལ་སྐྱ་ཆད་སྔོ་སྡུག་བྱུང་བར་སེམས་ཁྲེལ་ཆེན་པོའི་སྒོ་ནས་ལོ་བཅུ་ལྷག་ཏུ་འབད་ནས་ཡིག་འབྲུ་ཁྲི་ལྔ་བཅུ་ལྷག་དང་ལྡན་པའི《བོད་རྒྱལ་མོ་རོང་གི་ལོ་རྒྱུས་རབ་གསལ་མེ་ལོང》ཞེས་པ་འགྲུབ།སྤྱི་ལོ2002ལོའི་ཟླ4བར་དགུང་གྲངས་གྱ་བདུན་པར་དགོངས་པ་རྫོགས་སོ།།
 

  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་གྱི་འབུམ་རམས་པ་རྣམ་པ་བཞི།
  • ལེ་ཚན་རྗེས་མ།:དགེ་རྒན་ཆེན་མོ་དཔའ་རིས་སངས་རྒྱས་ལགས་ངོ་སྤྲོད་མདོར་བསྡུས།
  • དོ་སྣང་ཆེ་བའི་རྩོམ།