མི་ཉག་གི་རི་ཀླུང་དང་འབྲེལ་བའི་གཏམ་རྒྱུད་ཁག་གཉིས།

ཡེ་ཤེས་རབ་གསལ།        2013-03-18

༡བ་ཡུལ་གྱི་གསེག་མ་རི།
བཞག་བྲའི་མདུན་ཞོལ་གྱི་མི་རྫི་ཧས་ལ་ཡར་ཕྱོགས་པ་ན་ཀོ་བོ་གཡུང་དྲུང་ལྷ་རྩེ་ཞེས་པའི་གནས་རི་ཡོད།དེ་དང་ཤར་བཞག་བྲའི་བར་མཚམས་ན་གསེག་མ་རི་མང་པོ་བསྒྲིགས་ནས་ཡོད།དེ་ལ་གཏམ་རྒྱུད་འདི་ལྟ་བུ་ཞིག་ཡོད་དེ།སྔོན་ཆོས་རྒྱལ་མེས་དབོན་གྱི་སྐུ་དུས་སུ་བཙན་པོ་གདུང་རབས་སོ་བརྒྱད་པ་ཁྲི་སྲོལ་ལྡེ་བཙན་གྱི་དུས་སུ་
ཞང་བློན་ཆེ་དགུ་དང་རྒོད་ཀྱི་སྟོང་སྡེའི་ལས་སུ་འཛམ་བུ་གླིང་གི་ཡུལ་མང་པོ་ལ་དཔུང་འཇུག་ཆེན་པོ་བྱས་ཏེ་ཡུལ་དེ་ཚོ་བོད་ཀྱི་མངའ་རིས་སུ་བཅད།དེའི་ཚེ་བོད་ཀྱི་ལྷ་འདྲེ་ཚོས་ཀྱང་ཡུལ་དོ་ཚོའི་ལྷ་འདྲེ་ཐམས་ཅད་དབང་དུ་བསྡུས།ཁམས་ཐམས་ཅད་ན་ལྷ་མི་ཀུན་གྱི་དམག་གི་ཡོ་ལང་ཆེན་པོ་ཡོད་པས་རྒྱལ་ཁམས་ཟིང་ཟིང་ལིང་ལིང་དུ་གྱུར་པ་ན་ལྷ་བཙན་པོའི་དགོངས་པ་རིགས་སད་ནས་དམ་པའི་ཆོས་ཀྱི་བློ་སྐྱེས་ཏེ་མཁན་སློབ་གཉིས་སོགས་མཁས་གྲུབ་མང་པོ་གདན་དྲངས།དེའི་ཚེའི་སློབ་དཔོན་པདྨའི་ཞལ་ནས་རྒྱལ་ཁམས་བདེ་ཞིང་ལྷ་ཁང་འབྱོངས་པ་ལ་ཐོག་མར་ལྷ་འདྲེ་རྣམས་དམ་ལ་བཏགས་ནས་དམ་པའི་ཆོས་ལ་བཀོད།དེའི་ཚེ་སློབ་དཔོན་པདྨས་ཁམས་ཕྱོགས་ཀྱི་གཞི་བདག་ཤར་རྨ་ཆེན་གྱི་འཕྲུལ་སྲས་བཞག་བྲ་དགེ་བསྙེན་རྡོ་རྗེ་འབར་བ་རྩལ་ལ་གནམ་རྡོ་སྔོ་སང་མ་ལུག་གི་གྲོད་པ་ཙམ་ཞིག་གནང་ནས་ཁྱོད་རང་ཡུལ་ནས་ཁེངས་ལོག་འབྱུང་ཏ་རེ་དེའི་ཚེ་རྡོ་འདི་འུར་ཐོག་ལ་བཅུག་ནས་འཕོངས་དང་དེས་བཟློག་ཅེས་གསུངས།དེ་ནས་བཞག་བྲ་རང་ཡུལ་དུ་སླེབས་ནས་ལྷ་འདྲེ་སོ་སོ་ལ་སློབ་དཔོན་པད་མའི་བཀའ་ལུང་དམ་པའི་ཆོས་ཀྱི་བཀའ་དམ་ལ་འདུ་དགོས་པར་བསྒྲགས་པ་ན།ཀོ་བོ་གཡུལ་དྲུང་ལྷ་རྩེས་མ་འདོད་དེ་ན་རེ།ངེད་ཅག་ཕ་མེས་ནས་བཟུང་བོན་གྱི་བཀའ་དམ་ལ་འདུ་བ་ཡིན།དེ་ལས་གཞན་པ་གང་ཡང་ཁས་མི་ལེན།དེ་ལྟར་མི་གཏུབ་ན་ཁེངས་ལོག་མི་བྱེད་རི་ཟེར་ནས།འཁོར་དུ་གཏོགས་པའི་དམག་གི་དཔུང་ཆེན་རྣམས་གཅིག་ནས་གཅིག་མཐུད་དེ་ཤར་བཞག་བྲའི་སྟེང་དུ་ཤོར་བྱུང་བ་ན།ཤར་བཞག་བྲས་སློབ་དཔོན་པད་མས་གནང་བའི་གནམ་རྡོ་དེ་འུར་ཐོག་ལ་བཅུག་སྟེ་གནམ་ལྕགས་རལ་བའི་སྒྲ་དང་བཅས་དམག་དཔུང་གི་སྟེང་དུ་ཁ་གཏད་དེ་འཕངས་མ་ཐག་ཐམས་ཅད་དཔའ་ཆག་ནས་བྲོས་འཐོར་དུ་སོང་སྟེ་རེ་རེ་བཞིན་གསེག་མ་རི་ཆེ་ཆུང་མང་པོར་གྱུར།དེ་ཚང་མ་བཞག་བྲའི་རི་མི་མཐོང་བའི་ལུང་ཁུག་འབའ་ཞིག་ན་ཡོད་སྐད།།
 ༢སེར་རིའི་བྲག་ཤུལ་དང་གད་ཤུལ་ཐང་། བ་ཡུལ་ལུང་རྒྱུད་ཀྱི་སྟོད་ན་གཞོང་པའི་ནང་ནོར་བུ་བཞག་པ་ལྟ་བུའི་དེའུ་འབུར་ཆེན་པོ་ལ་གད་ཤུལ་ཡོད་པ་ཞིག་དང་དེའི་གཡོན་འགྲམ་ནས་མར་ཅུང་ཟད་འོང་བ་ན་འདམ་གདུང་མ་རུལ་སུངས་མང་པོས་གང་བ་ཞིག་ཡོད།དེ་ལ་གཏམ་རྒྱུད་འདི་ལྟ་བུ་ཞིག་ཡོད་དེ།དེ་ནི་གནའ་སྔ་མོ་དེའུ་འབུར་དེའི་འོག་ན་རྔོན་པའི་གྲོང་ཚོ་ཆེན་པོ་ཞིག་ཡོད།རྔོན་པ་རྣམས་ནམ་རྒྱུན་རི་བྲག་ལུང་གསུམ་ཐམས་ཅད་ལ་རྔོན་སར་འགྲོ།ནམ་ཞིག་གི་ཚེ་ན་རྔོན་པ་ཁྱུང་ཕྲུག་རྩལ་ཞེས་པས་ཤ་ཕོ་མགོ་ན་དུང་དཀར་པོའི་དབྱིབས་ཀྱི་འཛི་དང་སྨན་ར་འདོམ་གང་རེ་ཡན་ལག་དྲུག་རེ་འབྲེལ་བ་ཞིག་བསད།དེ་བཤས་ནས་ཤ་རྣམས་བཙོས་མགོ་བོ་སྒོའི་སྟེང་ན་བཏགས་པའི་སྐབས།རི་དེའི་རྩེ་ནས་བུད་མེད་ཅིག་གིས(བཞག་མོ་ཡིན་ཡང་ཟེར)ལེབ་ལེབ(ཁམས་པའི་བཞིན་མ་ཚོས་ཕྱུགས་ཟོག་འབོད་པའི་སྒྲ)ཅེས་བརྗོད་པ་ན།ཤྭ་བ་དེའི་མགོ་ལ་ངུར་སྐད་ཅིག་བཏང་།དེ་ནས་འུར་འུར་གྱི་སྒྲ་ཆེན་པོ་ཞིག་དང་བཅས་རི་དེ་ནས་ཆུ་ཆེན་པོ་ཞིག་བརྡོལ་འོང་ཏེ་ཆུ་བོའི་རླབས་ཀྱིས་གྲོང་མཐའ་སྐོར་དང་བཅས་པ་ཁྱུར་མེད་དུ་བྱས་ནས་སོང་།རྔོན་པའི་མི་སྡེ་ཚང་མ་ཁ་དག་པར་གྱུར།དེ་ནས་སེར་རིའི་བྲག་ཤུལ་དང་གད་ཤུལ་ཐང་ཞེས་པའི་མིང་ཆགས།ལུང་འདབ་ཀྱི་ན་འདམ་ནང་གི་ཤིང་སྡོང་རུལ་སུངས་དེ་དག་ནི་གྲོང་གི་གདུང་མ་ཆུས་ཁྱེར་ཏེ་ལུས་པ་རྣམས་ཡིན་པར་བཤད།
  • ལེ་ཚན་སྔོན་མ།:སེང་ལྕམ་འབྲུག་མོའི་སྨོན་ལམ།
  • ལེ་ཚན་རྗེས་མ།:ཨ་མྱེ་སྒོ་གདོང་གི་གཏམ་རྒྱུད།