དཔྱིད་ཀར་འབྱུང་བའི་ནད་རིགས་འགའ་ཡི་སྔོན་འགོག་ཤེས་བྱ།

        2012-03-08

དཔྱིད་ཀའི་ནམ་ཟླར་འགྱུར་ལྡོག་ཆེ་ཞིང་ནངས་དགོང་གི་དྲོད་གྲངས་ལ་ཁྱད་པར་ཆེན་པོ་ཡོད་པས། མི་རྣམས་ལ་ནད་རིགས་མང་པོ་ཞིག་འབྱུང་ཏུ་འཇུག་བཞིན་ཡོད། དེར་བརྟེན། དཔྱིད་ཀའི་དུས་འདིར་ཚང་མས་རང་རང་གི་ལུས་ཕུང་བདེ་ཐང་ལ་མཉམ་འཇོག་གང་ལེགས་བྱས་ཏེ། ནད་དེ་རིགས་མི་འབྱུང་བར་སྔོན་འགོག་བྱེད་དགོས། 

རྒན་པ་རྣམས་རྒྱུ་རྐྱེན་གསལ་བོ་མེད་པར་དྲན་མེད་དུ་བརྒྱལ་བ་དང་། སྙིང་ཤུགས་ཉམས་པ། སྙིང་གི་འཕར་ཚད་རྒྱུན་ལྡན་མིན་པ་བཅས་ཀྱི་སྐབས་སུ་མཉམ་འཇོག་གང་ལེགས་བྱེད་དགོས། སྣང་ཚུལ་དེ་དག་ནི་ཀླད་པའི་ཁྲག་རྩ་འགག་པ་སོགས་སྙིང་དང་ཀླད་པའི་ཁྲག་རྩའི་ནད་རིགས་འབྱུང་བའི་སྔ་ལྟས་ཤིག་ཡིན། ལོ་རེའི་ཟླ་གསུམ་པ་ནས་ཟླ་བཞི་བའི་བར་དང་། ཟླ་བཅུ་གཅིག་པ་ནས་སང་ལོའི་ཟླ་དང་པོའི་བར་ནི་ལོ་ལོན་ཚོར་སྙིང་དང་ཀླད་པའི་ཁྲག་རྩའི་ནད་རིགས་འབྱུང་ཚད་ཆེས་མཐོ་བའི་དུས་ཚིགས་ཡིན། ཁྱད་པར་དུ་དགུན་དཔྱིད་སྐབས་སུ། ནངས་དགོང་གི་དྲོད་གྲང་ལ་ཁྱད་པར་ཆེན་པོ་ཡོད་པས། མི་མང་པོ་ཞིག་ལ་ཆམ་པ་ཕོག་སླ་བ་རེད། སྙིང་དང་ཀླད་པའི་ཁྲག་རྩའི་ནད་ཡོད་པའི་ནད་པར་མཚོན་ན།  གལ་ཏེ་ཆམ་པ་ཕོག་ཚེ་ནད་གཞི་ཇེ་ལྗིད་དུ་གཏོང་སྲིད། དེ་ནས་དུས་ཚིགས་བརྗེ་བའི་སྐབས་སུ། མི་རྣམས་ཀྱི་དབང་རྩའི་ནུས་པ་དོ་མི་མཉམ་པའི་དབང་གིས། མི་མང་པོ་ཞིག་ལ་འདིའི་སྐབས་སུ་སུན་སྣང་དང་སེམས་འཚབ་པ་སོགས་ཀྱི་སྣང་ཚུལ་འབྱུང་སྲིད་ལ། གཞན་ད་དུང་ལོ་སར་གྱི་སྐབས་སུ་མང་བཟའ་མང་འཐུང་དང་ཡང་ན་ས་གཞན་དུ་གནས་སྐོར་ལ་སོང་ནས་ལུས་སེམས་གཉིས་ཀ་ཐང་ཆད་པ་དེས་ཀྱང་སྙིང་དང་ཀླད་པའི་ཁྲག་རྩའི་ནད་གློ་བུར་དུ་འཕར་བར་གོ་སྐབས་མང་པོ་བསྐྲུན་བཞིན་ཡོད། 

 ཆེད་མཁས་སྨན་པས་བཤད་པ་ལྟར་ན། སྙིང་དང་ཀླད་པའི་ཁྲག་རྩའི་ནད་རིགས་བྱུང་ཡོད་པའི་མི་རྣམས་ལ་མཚོན་ན། དགུན་དཔྱིད་ཀྱི་དུས་སུ་འཁྱག་གིན་མི་འཇུག་པ་དང་། སྔ་སེས་མལ་ལས་ལངས་སྐབས་མྱུར་དུ་ཉལ་སའི་ནང་ནས་ཡར་མི་ལངས་བར་ཉལ་སའི་ནང་འཕག་འགུལ་ཅུང་ཙམ་བྱས་རྗེས་ད་གཟོད་ཡར་ལངས་ན་བཟང་བ་དང་། ནམ་གུང་སྤྱོད་ཁང་ལ་འགྲོ་དུས་ཀྱང་ལྭ་གྱོན་ནས་ལུས་པོ་འཁྱག་ཏུ་མི་འཇུག་པ་བྱེད་དགོས།   གཞན་ད་དུང་ལོ་ལོན་ཚོས་སྔ་སེས་ལུས་ཕུང་སྦྱོང་བརྡར་མ་བྱས་ན་བཟང་། དེའི་རྒྱུ་མཚན་ནི་དགུན་དཔྱིད་ཀྱི་སྔ་སེས་དྲོད་གྲང་ཅུང་དམའ་བས། ལོ་ལོན་ཚོས་ཉིན་རེའི་ཕྱི་དྲོའི་དུས་ཚོད་གསུམ་ནས་བཞིའི་བར་སྦྱོང་བརྡར་བྱས་ན་འཚམ་པ་ཡིན། 

 དཔྱིད་ཀར་ནམ་ཟླ་ཅུང་འཁྱག་པ་དང་ནངས་དགོང་གི་དྲོད་གྲང་ལ་ཁྱད་པར་ཆེ་བས། ཆམ་པ་ཕོག་སླ་བ་དང་དེར་བརྟེན་ནས་དབུགས་ལམ་གྱི་ནད་རིགས་སློང་སྲིད་ཅིང་། དལ་བའི་རང་བཞིན་གྱི་གློ་བའི་ནད་རིགས་དང་གློ་བའི་དབུགས་སྐྲངས་ནད། གློ་བའི་འཕར་རྩའི་གནོན་ཤུགས་མཐོ་བ་སོགས་ཀྱི་ནད་བྱུང་བ་དེ་དལ་བའི་རང་བཞིན་གྱི་གློ་ཡུའི་གཉན་ཚད་དང་འབྲེལ་བ་ཆེན་པོ་ཡོད་པས། དར་མ་དང་ལོ་ལོན་ལ་ནད་དེ་འབྱུང་སླ་བ་ཡིན། 

 ཆེད་མཁས་པས་བཤད་རྒྱུར། ནད་དེ་སྔ་མོ་ནས་སྔོན་འགོག་བྱེད་རྒྱུ་གལ་ཆེ་ལ། ནད་དེ་འབྱུང་སླ་བའི་མི་རྣམས་ཀྱིས་ཆམ་པ་ཕོག་པར་གཡོལ་དགོས། མི་ལ་ལས་ཆམ་པའི་སྨན་རྒྱུན་འཐུང་བྱེད་ཀི་ཡོད་པ་དེས་ཀྱང་དལ་བའི་རང་བཞིན་གྱི་གློ་ཡུའི་གཉན་ཚད་བསྐྱེད་སྲིད་པས་དེར་མཉམ་འཇོག་གང་ལེགས་བྱེད་དགོས། གཞན་ད་དུང་མཁའ་དབུགས་ནང་གི་ཐལ་རྡུལ་དང་དུ་བ་སོགས་རྔུབ་པ་ལས་ཀྱང་དལ་བའི་རང་བཞིན་གྱི་གློ་ཡུའི་གཉན་ཚད་སློང་སྲིད་པས། དུས་རྒྱུན་ཁོར་ཡུག་གི་གཙང་སྦྲ་དང་མཁའ་དབུགས་གཙང་མ་སྲུང་འཛིན་བྱེད་རྒྱུ་དེ་ཧ་ཅང་གལ་ཆེ་ཟེར།

དལ་བའི་རང་བཞིན་གྱི་གློ་ཡུ་འགག་པའི་དབུགས་སྐྲངས་ནད་ནི་གཙོ་བོ་དལ་བའི་རང་བཞིན་གྱི་གློ་ཡུ་གཉན་ཚད་དང་། དབུགས་འཚང་ནད། གློ་གཅོང་ནད་སོགས་དབུགས་ལམ་གྱི་ནད་རིགས་སྣ་ཚོགས་ཀྱིས་བསྐྱེད་པ་ཡིན་ཞིང་། ནད་དེ་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་ནད་པས་ནད་བྱུང་མ་ཐག་དུས་ཐོག་ཏུ་གསོ་བཅོས་མ་བྱས་པས་ཡིན་ལ། ནད་དུས་ཐོག་ཏུ་གསོ་བཅོས་མ་བྱས་པ་དང་ཡང་ཡང་དུ་འཕར་བར་བརྟེན་ནས་ནད་གཞི་ཇེ་སྡུག་ཏུ་བཏང་བ་རེད།

ཆེད་མཁས་པས་བཤད་རྒྱུར། འབྲེལ་ཡོད་ཀྱི་ནད་རིགས་གང་ཞིག་ཡིན་རུང་སྔ་མོ་ནས་གསོ་བཅོས་བྱེད་རྒྱུ་ཧ་ཅང་གལ་ཆེ། གློ་བའི་དབུགས་སྐྲངས་ནད་གསོ་བཅོས་བྱས་ན་གཙོ་བོ་དབུགས་རྔུབ་གཏོང་གི་ནུས་པའི་སྦྱོང་བརྡར་ལ་ཤུགས་བསྣན་ཏེ། དབུགས་གཏོང་ལེན་གྱི་ནུས་པ་ལེགས་བཅོས་བྱེད་རྒྱུ་དེ་ཡིན། ནད་པ་མང་པོ་ཞིག་ནི་འཚོ་བཅུད་མ་འདང་བའི་རྐྱེན་གྱིས་ནད་འགོག་ནུས་པ་ཇེ་ཞན་དུ་གྱུར་བ་ཡིན་ལ། འཚོ་བཅུད་ཁ་གསབ་བྱེད་རྒྱུ་དེ་ནད་གཞི་གསོ་བཅོས་ཀྱི་གནད་འགག་ཡིན་ཟེར།

 གློ་ནད་ལས་བྱུང་བའི་སྙིང་ནད་སྟེ་གློ་སྙིང་བསྡོངས་བའི་ནད་ནི་གཙོ་བོ་གློ་དང་གློ་ཡུ། གློ་བའི་ཁྲག་རྩའི་ནད་ཀྱིས་གློ་བའི་འཕར་རྩའི་གནོན་ཤུགས་ཇེ་མཐོར་བཏང་ཏེ། སྙིང་གི་ནུས་ཤུགས་ཉམས་སུ་འཇུག་པ་ཡིན། གློ་ཡུ་གཉན་ཚད་དང་གློ་བའི་དབུགས་སྐྲངས་ནད་ནི་ནད་འདིའི་འབྱུང་རྐྱེན་གཙོ་བོ་ཡིན། ནད་འདི་དབུགས་ལམ་གྱི་ནད་རིགས་ནང་ནས་བཅོས་དཀའ་བའི་ནད་ཅིག་ཡིན་ཞིང་། དེའི་རྒྱུ་མཚན་ནི་ནད་པའི་འབྱིན་རྔུབ་ནུས་པ་ཞན་པ་དང་ལུས་སྟོབས་ཞན་པ། སྙིང་ཤུགས་ཉམས་པ་བཅས་ཡིན་པས། སྨན་བཅོས་བྱེད་སྐབས་དཀའ་ཁག་ཆེན་པོ་ཡོད་པ་ཡིན། ཚད་འདི་འདྲ་ཞིག་ལ་ཐོན་ཚེ་ནད་འདི་བྱུང་ཡོད་པའི་ནད་པའི་གློ་བའི་ནུས་ཤུགས་ལ་གནོད་པ་ངེས་ཅན་ཞིག་ཐེབས་ཡོད་པས། ལས་ཀ་ལྗིད་མོ་དང་འགུལ་སྐྱོད་དྲག་པོ་བྱས་ནས་ལུས་པོ་ཚེགས་མི་རུང་།   གཞན་ད་དུང་ནམ་ཟླའི་འགྱུར་ལྡོག་ལྟར་རྒྱུན་དུ་རྒྱབ་གོན་པ་སོགས་ལ་མཉམ་འཇོག་བྱས་ཏེ་ཆམ་པ་ཕོག་ཏུ་འཇུག་མི་རུང་། ཆམ་པ་ཕོག་ཚེ་ནད་འདི་ཇེ་སྡུག་ལ་འགྲོ་སྲིད། གལ་ཏེ་ཆ་རྐྱེན་ཡོད་པའི་ཁྱིམ་ཚང་གིས་ནད་པར་དབྱང་དབུགས་ཀྱིས་སྨན་བཅོས་བྱས་ན། ནད་འདིར་ཕན་ཐོགས་ཆེན་པོ་ཡོད།

གཞན་ཡང་དཔྱིད་ཀའི་དུས་འདིར་ཆམ་པ་སྐེ་སྐྲངས་ཀྱི་ནད་འབྱུང་ཚད་ཆེས་མཐོ་བ་རེད། ཆམ་པ་སྐེ་སྐྲངས་ནད་ནི་གཙོ་བོ་བྱིས་པ་དང་ན་གཞོན་ལོ་ཆུང་རྣམས་ལ་མང་དུ་འབྱུང་བའི་དབུགས་ལམ་གྱི་འགོ་ནད་ཅིག་ཡིན་ཞིང་། ནད་འདི་ནད་དུག་ལས་འབྱུང་བ་དང་གཙོ་བོ་ཁ་མཆིལ་ལས་ཕན་ཚུན་ལ་འགོ་བ་ཞིག་ཡིན། ནམ་རྒྱུན་སློབ་ཆུང་དང་བུ་བཅོལ་ཁང་གི་བྱིས་པའི་འགོས་ཁྱབ་བྱུང་བ་ཡིན། ནད་འདིའི་ནད་རྟགས་ནི་ཚ་རྒྱས་པ་དང་འགྲམ་པའི་གཤེར་རྨེན་སྐྲངས་བ། ན་ཟུག་ལངས་བ། སྐྱུར་ཅན་གྱི་ཟས་རིགས་ཟོས་ན་ཟུག་ཆེན་པོ་ལངས་བ། སྐེ་མཇིང་དང་འགྲམ་པ། རྣ་ཤལ་གྱི་མཐའ་བསྐོར་སྐྲངས་བ་བཅས་ཡིན། ན་གཞོན་ལོ་ཆུང་རྣམས་ལ་ནད་འདི་བྱུང་ཚེ། གསུམ་ཆའི་གཅིག་གི་ནད་པར་ནད་རྟགས་ཅི་ཡང་མེད་ལ། ནད་འདི་མི་མངོན་པའི་དུས་ནི་ཉིན་བརྒྱད་ནས་ཉིན་སུམ་ཅུའི་བར་ཡིན་པ་དང་། འགྲམ་པའི་གཤེར་རྨེན་སྐྲངས་བ་ནི་ནད་འདིའི་ཁྱད་ཆོས་གཙོ་བོ་ཡིན་ཞིང་། སྐྲངས་འབུར་དེར་རེག་ན་ན་ཟུག་སྐྱེས་པ་དང་། སྐད་ཆ་བཤད་པ་དང་ཁ་ཟོས་ཟ་བའི་སྐབས་སུ་ཡང་ན་ཟུག་སྐྱེས་པ། ལྷག་པར་དུ་སྐྱུར་ཅན་གྱི་ཟས་རིགས་ཟ་དུས་ན་ཟུག་སྐྱེས་བ། ནད་འདི་བྱུང་དུས་ཐོག་མར་ལོགས་གཅིག་གི་སྐེ་རྨེན་སྐྲངས་བ་དང་དེ་ནས་ཉིན་གཅིག་ནས་ཉིན་བཞི་འགོར་རྗེས་ལོགས་གཉིས་ཀའི་སྐེ་རྨེན་སྐྲངས་སྲིད། འོན་ཀྱང་ནད་འདི་བྱུང་ཚེ་འགྲམ་པའི་གཤེར་རྨེན་ལ་རྣག་མི་གསོག་པ་ཡིན། འགྲམ་པའི་གཤེར་རྨེན་དེ་ཉིན་གཅིག་ནས་གསུམ་འགོར་ཚེ་ཆེས་ཆེར་སྐྲངས་བ་དང་། ཉིན་བཞི་ནས་ལྔ་འགོར་རྗེས་རིམ་བཞིན་སྐྲངས་ཞི་འགྲོ་བ་རེད། ནད་འདིའི་ན་ཡུན་ཉིན་བཅུ་ནས་བཅུ་བཞིའི་བར་ཡིན།

ཆམ་པ་སྐེ་སྐྲངས་བྱུང་བའི་བྱིས་པར་ཁྱིམ་ནས་སྨན་བཅོས་བྱེད་སྐབས། བྱིས་པ་ལོགས་སུ་བཀར་ནས་གསོ་བཅོས་བྱེད་དགོས། སྨན་པས་ཁྱིམ་བདག་ལ་བྱིས་པར་སྨན་བཀོལ་སྤྱོད་དང་བཟའ་བཏུང་། ཚ་འཇོམས་པ་སོགས་ཀྱི་ཐད་ལ་མཛུབ་སྟོན་བྱེད་དགོས། གལ་ཏེ་ནད་རྟགས་ཚབས་ཆེན་བྱུང་ཚེ། ངེས་པར་དུ་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་དགོས། བྱིས་པར་ནད་འདི་བྱུང་ན་སྤྱིར་བཏང་དུ་ཁྱིམ་བདག་གིས་གཤམ་གྱི་དོན་ཚན་འགའ་སྒྲུབ་དགོས་སྟེ།

གཅིག བྱིས་པར་ཆམ་པ་སྐེ་སྐྲངས་བྱུང་རྗེས། བྱིས་པ་ལོགས་སུ་བཀར་ནས་བྱིས་པ་གཞན་པར་ནད་དེ་མི་འགོ་བ་བྱེད་དགོས། ནད་རྩ་བ་ནས་དྲག་པའི་བར་དུ་བྱིས་པ་ལོགས་སུ་བཀར་དགོས་ལ། བྱིས་པས་བཀོལ་བའི་དཀར་ཡོལ་དང་ཐུར་མ། ལག་ཕྱིས་སོགས་ཆུ་ཁོལ་གྱིས་དུག་སེལ་བྱེད་དགོས་ལ། རྒྱུན་དུ་བྱིས་པའི་ཁང་བའི་སྒོ་དང་དྲ་མ་ཕྱེས་ནས་མཁའ་དབུགས་གསར་བ་རྒྱུ་རུ་འཇུག་དགོས། གཞན་ད་དུང་དུས་བཅད་ལྟར་བྱིས་པའི་ཚ་གྲངས་ལ་བལྟ་བ་དང་། དགོས་ངེས་ཀྱི་སྐབས་སུ་ཚ་སེལ་གྱི་བྱེད་ཐབས་སྤྱོད་དགོས།

གཉིས། ཉལ་ནས་ངལ་གསོ་བྱེད་དགོས། ཚ་རྒྱས་པའི་སྐབས་སུ། བྱིས་པའི་ལུས་སྟོབས་ཧ་ཅང་ཞན་པས། མལ་སའི་ནང་ཉལ་ནས་ངལ་གསོ་བྱེད་དུ་འཇུག་དགོས། དེ་ལྟར་བྱས་ན་ནད་གཞིར་ཕན་ཐོགས་ཆེན་པོ་ཡོད། སློབ་གྲོགས་གཞན་པར་ནད་དེ་མི་འགོ་བའི་ཆེད་དུ། ཆམ་པ་སྐེ་སྐྲངས་བྱུང་བའི་བྱིས་པ་སློབ་གྲྭར་མི་འགྲོ་བ་བྱེད་དགོས། ནད་འདི་བྱུང་བའི་བྱིས་པའི་འགྲམ་པའི་གཤེར་རྨེན་སྐྲངས་བ་དེ་ཞི་ནས་ཉིན་ལྔ་འགོར་རྗེས་ད་གཟོད་སློབ་གྲྭར་འགྲོ་ཆོག གལ་ཏེ་བྱིས་པ་ངལ་གསོ་བཟང་བོ་བྱེད་མ་ཐུབ་ན། མཉམ་བྱུང་གི་ནད་གཞན་པའང་འབྱུང་སྲིད། 

 གསུམ། ནད་པར་འཚམ་པའི་ཟས་ཟ་རུ་འཇུག་དགོས། 

 ཆམ་པ་སྐེ་སྐྲངས་བྱུང་ན། བྱིས་པས་ཟ་མ་ཟ་སྐབས་ན་ཟུག་ཆེན་པོ་སྐྱེས་པ་ཡིན་པས། བྱིས་པར་འཚོ་བཅུད་ལྡན་ཞིང་འཇུ་སླ་བའི་ཟས་རིགས་ཟ་རུ་འཇུག་དགོས། ནམ་རྒྱུན་བྱིས་པར་ཆུ་ཁོལ་དྲོད་འཇམ་འཐུང་དུ་འཇུག་དགོས་བ་དང་། སྐྱུར་བ་དང་ཚ་བ། མངར་བ། སྲ་མོའི་རིགས་ཀྱི་ཟས་ཟ་རུ་འཇུག་མི་རུང་། ཆུ་ཁོལ་དྲོད་འཇམ་མང་པོ་འཐུང་ན་ཚ་སེལ་བ་དང་ལུས་ཐོག་གི་དུག་ཕྱིར་ཕུད་པར་ཕན་ཐོགས་ཆེན་པོ་ཡོད། 

 བཞི། ཚ་རྒྱས་པ་དང་འགྲམ་པའི་གཤེར་རྨེན་སྐྲངས་བར་དོ་སྣང་བྱེད་དགོས།

ཚ་གྲངས་ཏུའུ་སོ་དགུ་ཡན་ལ་བསླེབས་པའི་བྱིས་པའི་ཀླད་པའི་ཐོག་ཏུ་འཁྱག་རྫས་འཇོག་པ་དང་། ཆུ་དྲོད་འཇམ་དང་ཡང་ན་ཆང་བཅུད་ལུས་ལ་བྱུགས་ནས་ཚ་སེལ་ཐབས་བྱེད་དགོས། ཡང་ན་སྨན་པའི་མཛུབ་སྟོན་འོག་ཚ་སེལ་སྨན་རྫས་བཀོལ་དགོས། 

 ལྔ། བྱིས་པའི་ཁ་ནང་གི་གཙང་སྦྲར་མཉམ་འཇོག་བྱེད་དགོས། བྱིས་པས་ཁ་ཟས་ཟོས་རྗེས་དང་ཡང་ན་གཉིད་ཉལ་བའི་སྔ་གཞུག་ཏུ་ཚྭ་ཆུས་ཁ་ནང་བཤལ་བ་དང་། ཡང་ན་སོ་བཀྲུས་ནས་ཁ་ནང་དང་སོ་སྟེང་གི་སྙིགས་རོ་གཙང་བཤེར་བྱས་ན། ཡང་བསྐྱར་འབུ་ཕྲ་འགོ་བ་སྔོན་འགོག་བྱེད་ཐུབ། 

 དྲུག ལག་ཕྱིས་ཚ་བོ་བྱིས་པའི་ན་སར་སྦྱར་ན། བྱིས་པའི་ན་ཟུག་ཇེ་ཡང་དུ་གཏོང་ཐུབ།

  • ལེ་ཚན་སྔོན་མ།:ཁོག་པ་བཤལ་སྐབས་སྒོག་པ་ཟ་མི་རུང།
  • ལེ་ཚན་རྗེས་མ།:མཐོ་སྒང་གི་ལུས་ཟུངས་གསོ་ཐབས་རགས་ཙམ་བརྗོད་པ།
  • དོ་སྣང་ཆེ་བའི་རྩོམ།