ས་ཞིང་གཏན་ནས་མི་འདེབས་པའི་ཞིང་པས་ད་ལྟ་ཞིང་འདེབས་པར་བྲེལ།

ཡེ་ཤེས་ཀྱིས་བསྒྱུར།        2021-04-01

ཁྲུང་ཆིང་ཐུང་ནན་གྱི་ཐུན་མོང་དཔལ་འབྱོར་གསར་པའི་འཕེལ་རྒྱས་ཀྱི་མཐོང་ཐོས།

ཞིན་ཧྭ་གསར་འགྱུར་ཁང་ཁྲུང་ཆིང་ནས་ཟླ3ཚེས29ཉིན་གློག་འཕྲིན་འབྱོར་གསལ། ཁྲུང་ཆིང་གྲོང་ཁྱེར་ཐུང་ཅང་ལྷོ་རྒྱུད་ཀྱི་ཧྲོང་ཅང་གྲོང་རྡལ་ཁྲ་ཏེན་གྲོང་ཚོའི་གཡེར་མའི་འདེབས་འཛུགས་རྟེན་གཞིར་ལིའུ་དབྱིང་གིས་འཇོར་ཁུར་ནས་གཡེར་མའི་སྡོང་བོའི་མཐའ་འཁོར་གྱི་རྩྭ་ལྡུམ་གཙང་སེལ་བྱས་ཏེ་སྐབས་འགའ་ལ་ལོ་མ་ཚུར་སློག་ཕར་སློག་གིས་ནད་དང་འབུའི་གནོད་འཚེ་ཐོན་མིན་ཞིབ་བཤེར་བྱེད་བཞིན་འདུག

ལོ45ཡིན་པའི་ལིའུ་དབྱིང་ནི་ཞིང་པ་ངོ་མ་ཞིག་ཡིན་ལ་འགན་གཙང་བླངས་པའི་ས་ཞིང་ཡང་ཡོད་མོད། འོན་ཀྱང་ཁོས་ན་ནིང་གཞི་ནས་ས་ཞིང་ཐེངས་དང་པོ་བཏབ་པ་རེད། སྐབས་དེ་དུས་ཧྲོང་ཅང་གྲོང་རྡལ་གྱིས་གྲོང་སྡེ(སྡེ་ཁུལ)21ལས་གྲུབ་པའི་ཁྲུང་ཆིང་མཉམ་རྨོད་ཞིང་ལས་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་བཙུགས་པ་དང་ཁྱིམ་གྱི་ས་ཞིང་སྤྱི་གཉེར་ཁང་གི་མ་རྐང་ནང་ཞུགས་རྗེས་མོར་གཞི་ནས་ཞིང་འདེབས་པའི་སྤྲོ་སེམས་འཕེལ་བ་རེད། ད་ལྟ་ཞིང་ཉིན་རེར་འདེབས་ན་ཡོང་འབབ་སྒོར60ལ་ཟིན་གྱི་ཡོད། ཟླ་གཅིག་ནང་ཡོང་འབབ་སྒོར1500ལྷག་ཙམ་ཡོང་གི་འདུག་ཅེས་ལིའུ་དབྱིང་གིས་དེ་ལྟར་བཤད།

ལིའུ་དབྱིང་གིས་ས་ཞིང་རྨོ་འདེབས་བྱེད་ཞོར་དུ་བུ་ཆུང་བ་སློབ་གྲྭར་བསྐྱལ་དགོས་ཤིང་། བཟའ་ཟླ་དང་བུ་ཆེ་བས་ཀྱང་ཡོང་འབབ་མི་དམན་པ་རག་པས་ནང་མི་ཚང་མ་བག་ཕེབས་ངང་འཚོ་བ་སྐྱེལ་ཐུབ་ཀྱི་ཡོད། ཁོའི་ངོས་ནས་བཤད་ན་དེ་སྔ་ཕྱིར་གླ་པ་བྱེད་པ་དང་བསྡུར་ན་ད་ལྟ་གལ་ཆེ་ཤོས་ཤིག་ནི་ནང་མི་ཚང་མ་འཚོ་བ་མཉམ་དུ་སྐྱེལ་ཐུབ་ཀྱི་ཡོད་པ་དེ་རེད།

ས་ཞིང་མ་རྐང་ནང་ཞུགས་པའི་མ་རྐང་ཉོ་མཁན་ཞིག་ཡིན་པའི་ལིའུ་དབྱིང་གིས་ཞིང་ནང་ལ་ལྟ་རྟོག་ཞིབ་ཚགས་བྱས། གཡེར་མ་བཏབ་ལུགས་ཡག་ཏུ་འགྲོ་བ་ན་བཙོངས་པའི་དངུལ་ཡང་དེ་ཙམ་གྱིས་མང་དུ་འགྲོ་གི་འདུག་ཅེས་བཤད། ཐེངས་ཤིག་ལ་ལིའུ་དབྱིང་གིས་ལས་ཀ་ལས་དུས་གཡེར་མའི་ལོ་མའི་འོག་ཏུ་ཐིག་ནག་ཅིག་སྐྱེས་ཡོད་པ་མཐོང་། འདེབས་འཛུགས་ཉམས་མྱོང་མེད་པའི་མོས་བྲེལ་འཚུབ་ངང་ཁྲུང་ཆིང་མཉམ་རྨོད་ཞིང་ལས་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་ལག་རྩལ་པ་ཀྲང་ཧྲེང་ཕིང་ལ་ཁ་པར་བཏང་། ཀྲང་ཧྲེང་ཕིང་མྱུར་དུ་ཡོང་ནས་ནད་འབུའི་གནོད་འཚེ་ངོས་འཛིན་བྱས་ཏེ་གནད་དོན་ཐག་གཅོད་བྱེད་རོགས་བྱས།

ཀྲང་ཧྲེང་ཕིང་གིས་ཐུན་མོང་དཔལ་འབྱོར་གསར་པ་འཕེལ་རྒྱས་བཏང་བ་དེ་ས་གནས་དེ་གའི་ངལ་རྩོལ་ནུས་ཤུགས་འགུགས་ཐུབ་པར་མ་ཟད།ཆེད་ལས་ལག་རྩལ་ཤེས་ལྡན་པ་ནང་འདྲེན་བྱས་པ་བརྒྱུད་སྔོན་ཐོན་གྱི་འདེབས་འཛུགས་ལག་རྩལ་དང་འདེབས་འཛུགས་ཉམས་མྱོང་མི་སེར་ལ་སྤེལ་ཡོད་ཅེས་བཤད།

ཁྲུང་ཆིང་མཉམ་འབྲེལ་རྨོ་འདེབས་ཞིང་ལས་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་བཙུགས་པ་ནས་བཟུང་ཞིང་སྡེའི་ཐོན་ཁུངས་རྒྱུ་ནོར་ལ་བསྒྱུར་བ་དང་། མ་དངུལ་མ་རྐང་ལ་བསྒྱུར་བ། ཞིང་པ་མ་རྐང་བདག་ལ་བསྒྱུར་བ་བཅས་ཀྱི་བྱེད་སྟངས་འཚོལ་ཞིབ་བྱ་རྒྱུར་བརྩོན་ཞིང་། ཧྲོང་ཅང་གྲོང་རྡལ་གྱི་གྲོང་སྡེའི(སྤྱི་ཁུལ)ཚོགས་པ21འཕེལ་རྒྱས་བཏང་སྟེ་གཡེར་མ་དང་། ལྷོ་ཀུབ་སོགས་ཐོན་ལས་སྐྱེད་སྲིང་བྱས་ཡོད།

ཐུན་མོང་དཔལ་འབྱོར་གསར་པས་ཡུལ་སྡེ་དར་རྒྱས་གཏོང་བར་སྐུལ་འདེད་བཏང་བར་མ་ཟད། ཕྱི་ནས་འབད་པ་བྱེད་པའི་མི་མང་པོ་ཡང་ཚུར་བཀུག་ཡོད། ཁྱིམ་ལས་ཁ་བྲལ་ནས་ལོ18ལ་འགོར་ཞིང་ད་ལོར་ལོ33ལ་སོན་པའི་ཀོན་ཏན་གྲོང་སྡེའི་ཡུལ་མི་ཆིང་ཅེས་གླ་པ་བྱས་ནས་ཐོབ་པའི་ཡོང་འབབ་ཁྱེར་ཏེ་གྲོང་ཚོར་ལོག་པ་རེད། ཁོས་ཆུང་དུས་ཕ་ཡུལ་གྱི་ལམ་བུའི་ཐོག་འགྲོ་སྐབས་གོམ་པ་གང་སྤོས་མ་ཐག་འདམ་ལ་འབྱར་གྱི་ཡོད་ལ་ད་ཆ་གྲོང་ཚོ་དང་དུད་ཚང་ཚང་མ་གཞུང་ལམ་གྱིས་སྦྲེལ་ཚར་བ་དང་། ཕ་ཡུལ་ལ་འགྱུར་ལྡོག་ཆེ་བས་ང་ཚོ་ན་གཞོན་ཚོར་ལས་སྒྲུབ་ཀྱི་གོ་སྐབས་མང་དུ་སོང་ཞེས་བཤད།

མ་གཞི་ཞིང་ལས་བྱེད་མྱོང་མེད་ཀྱང་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་ཆིང་ཅེ་ཡིས་ཞིང་འདེབས་མགོ་ཚུགས། སློབ་སྦྱོང་བྱས་ཏེ་ཁོས་ཕ་ཡུལ་གྱི་ས་རྒྱུ་དང་གནམ་གཤིས་ལས་ལྷོ་ཀུབ་སོགས་འདེབས་འཚམ་ཡང་། ཚོང་ལམ་ཕྱེ་ཁག་པོ་ཡོད་པ་ཤེས། ང་རང་གླ་པ་ཡིན་དུས་ཐད་གཏོང་བྱས་ནས་དངོས་ཟོག་འཚོང་བའི་ཉམས་མྱོང་ཡོད། ལག་རྩལ་གསར་པ་དང་དྲིལ་བསྒྲགས་བྱེད་སྟངས་གསར་པ་དེ་དག་ཕ་ཡུལ་དུ་སྤེལ་ཆོག་ཅེས་བཤད་ཅིང་། ཁོས་ཇི་ལྟར་བྱས་ཏེ་ཞིང་ལས་ཐོན་རྫས་དེ་དག་བྲིན་ཚོང་བྱ་རྒྱུའི་བསམ་གཞིག་བྱས་པ་རེད།

ཁྲུང་ཆིང་མཉམ་འབྲེལ་རྨོ་འདེབས་ཞིང་ལས་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་གི་ཐོན་ལས་འཕེལ་རྒྱས་ཁྲོད་ཧྲོང་ཅང་གྲོང་རྡལ་གྱི་དུད་ཚང་དབུལ་པོ་ཁྱོན་ས་ཞིང་མུའུ508.4མ་རྐང་ནང་ཞུགས་ནས་མི600ལྷག་ཙམ་ལས་ཞུགས་ཐུབ་ཡོད་པ་རེད། ཧྲོང་ཅང་གྲོང་རྡལ་ཏང་ཨུ་ཧྲུའུ་ཅི་ཀྲང་ཀྲའོ་ཡོན་གྱིས་གྲོང་རྡལ་དེས་ཡུལ་སྡེ་དར་རྒྱས་གཏང་རྒྱུར་སྐུལ་འདེད་གཏོང་བའི་ལེགས་ཆ་ཆེ་ཤོས་ནི་ཐུན་མོང་དཔལ་འབྱོར་གྱི་ལེགས་ཆ་གསར་པ་དེ་རེད། དེས་ཐོན་ལས་བར་དང་ཐོན་ཁུངས་བར་གྱི་མ་ལག་འདུས་གྲུབ་དང་ཕན་འབྲས་ཆེ་བའི་མཉམ་འགུལ་ལ་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་རེད་ཅེས་བཤད་པ་རེད།།



  • ལེ་ཚན་སྔོན་མ།: ཧྲའན་ཞི་ཞིང་ཆེན་གྱིས་སློབ་གྲྭ་ཆུང་འབྲིང་གི་ངལ་རྩོལ་སློབ་གསོའི་སློབ་ཚན་གཟའ་འཁོར་རེར་སློབ་ཐུན་གཅིག་ལས་མི་ཉུང་བའི་གཏན་འབེབས་བྱས།
  • ལེ་ཚན་རྗེས་མ།:ཞིང་སའི་ནང་བརྒྱབ་པའི་ཁང་པ་དེ་བཤིག་དགོས།
  • དོ་སྣང་ཆེ་བའི་རྩོམ།