ཞི་ཅིན་ཕིང་གིས་ཁྲོན་བོད་ལྕགས་ལམ་སྐྲུན་མགོ་ཚུགས་པའི་ཐད་མཛུབ་སྟོན་གལ་ཆེན་གནང་།

​ལྷ་འཛོམས་ཀྱིས་བསྒྱུར།        2020-11-13

ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲོན་བོད་ལྕགས་ལམ་སྐྲུན་མགོ་ཚུགས་པའི་ཐད་མཛུབ་སྟོན་གལ་ཆེན་གནང་ནས་བསྟན་དོན། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུ་ནི་དུས་རབས་གསར་པའི་ཏང་གིས་བོད་སྐྱོང་བའི་ཇུས་གཞི་ཆེན་པོ་འདི་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་ཞིང་། རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད། མཐའ་མཚམས་བརྟན་བརླིང་སྲ་བརྟན་དུ་གཏོང་བ། ནུབ་རྒྱུད་ས་ཁུལ་དང་ལྷག་པར་དུ་ཁྲོན་བོད་ཞིང་ལྗོངས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པ་རེད།

ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། ཁྲོན་བོད་ལྕགས་ལམ་ལམ་རྒྱུད་ཀྱི་ས་དབྱིབས་ས་གཤིས་དང་གནམ་གཤིས་ཀྱི་ཆ་རྐྱེན་རྙོག་འཛིང་ཆེ་བ། སྐྱེ་ཁམས་ཁོར་ཡུག་ཉམས་ཞན་ཡིན་ཕྱིར། འཛུགས་སྐྲུན་གྱི་དཀའ་ཚེགས་ཆེ་བ་ནི་འཛམ་གླིང་ཐོག་མཐོང་དཀོན་པོ་ཞིག་རེད། དེ་བས་ན་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་བསྡུས་བྱས་ནས་དོན་ཆེན་སྒྲུབ་ཐུབ་པའི་བཟང་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། གཟི་བརྗིད་ལྡན་ཞིང་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཀྱི་ལས་འགན་འདི་ཡག་པོ་འགྲུབ་པར་བྱ་དགོས། རྒྱལ་ཁབ་ལྕགས་ལམ་ཚོགས་པས་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱ་དགོས་ཤིང་། འབྲེལ་ཡོད་སྡེ་ཚན་དང་ཁྲོན་བོད་ཞིང་ལྗོངས་གཉིས་ཀྱིས་མཐུན་སྦྱོར་དང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་ཞིང་། བློ་རྩེ་གཅིག་བསྒྲིམ་གྱིས་སྒྲིག་འཛུགས་དང་ལག་བསྟར་བྱ་དགོས། རྒྱ་ཆེའི་ལྕགས་ལམ་འཛུགས་སྐྲུན་པ་ཚོས་ལམ་གཉིས་ཀྱི་སྙིང་སྟོབས་དང་མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་དར་སྤེལ་བཏང་ནས་ཚན་རིག་དང་མཐུན་པའི་ཨར་ལས་དང་ཉེན་མེད་ཨར་ལས། ལྗང་མདོག་ཨར་ལས་བཅས་ལག་ལེན་དོན་འཁྱོལ་བྱས་ནས་སྤུས་ཚད་མཐོ་བའི་ལས་གྲྭ་འཛུགས་སྐྲུན་བྱས་ཤིང་།ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྱོང་བྱེད་པར་བྱས་རྗེས་གསར་པ་འཇོག་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས་བསྟན་དོན། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱོན་ཡོངས་དང་ཕུགས་རིང་ལ་དམིགས་ནས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། འབྲེལ་ཡོད་ཕྱོགས་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱེད་པ་དང་། བདེ་འཇགས་དང་བློས་འཁེལ་ཆོག་པ་སྔོན་དུ་འཛིན་ཞིང་།དུས་ཚོད་ཀྱིས་སྤུས་ཚད་ལ་བསྟུན་རྒྱུའི་རྩ་དོན་ལྟར། ལས་གྲྭའི་ཇུས་གཞི་ལེགས་སྒྱུར་དང་འཐུས་ཚང་དུ་གཏོང་ཞིང་། ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཨར་ལས་སྒྲིག་འཛུགས་བཀོད་སྒྲིག་བྱེད་པ། ཉེན་མེད་ཐོན་སྐྱེད་ཀྱི་འགན་འཁྲི་ནན་འཛིན་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། རིམས་ནད་འགོག་བཅོས་ཚོད་འཛིན་དང་མང་ཚོགས་ཀྱི་དམངས་འཚོ་སོགས་ཀྱི་ལས་དོན་གཅིག་གྱུར་འཆར་འགོད་བྱས་ནས་མགོ་འཛུགས་ས་མཐོ་བ་དང་ཚད་གཞི་མཐོ་བ། སྤུས་ཚད་ཡག་པ་བཅས་ཀྱི་སྒོ་ནས་ཁྲོན་བོད་ལྕགས་ལམ་གྱི་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བར་བརྟེན། བོད་རིགས་ས་ཁུལ་གྱི་མང་ཚོགས་ལ་བདེ་སྐྱིད་སྐྱོང་ཤུགས་ཆེ་རུ་གཏོང་བ་དང་། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྱོང་བྱ་ཆེད་བྱས་རྗེས་གསར་པ་འཇོག་དགོས།

ཁྲོན་བོད་ལྕགས་ལམ(གཡག་རྔ་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་དུམ་བུ)སྐྲུན་མགོ་ཚུགས་པའི་སྐུལ་སློང་ཚོགས་ཆེན་དེ་སྤྱི་ཟླ11པའི་ཚེས8ཉིན་པེ་ཅིང་དང་ཁྲོན་བོད་ལྕགས་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭའི་བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱི་གསེར་སྐྱེམས་ལའི་ཕུག་ལམ་དང་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་བཅས་ས་ཁུལ་གསུམ་དུ་བརྙན་ལམ་སྦྲེལ་མཐུད་བྱེད་པའི་ཐབས་ལམ་ལ་བརྟེན་ནས་དུས་ཅིག་ཅར་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཧོ་ཡིས་ཚོགས་ཆེན་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་བ་རེད། ཁྲོན་བོད་ལྕགས་ལམ་ལས་གྲྭ་འཛུགས་སྐྲུན་བཀོད་འདོམས་པུའུ་ཡི་སྒོ་བྱང་བཀལ་ནས་ཁྲོན་བོད་ལྕགས་ལམ(གཡག་རྔ་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་དུམ་བུ)སྐྲུན་མགོ་ཚུགས་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་གནང་བ་རེད།

ཁྲོན་བོད་ལྕགས་ལམ་ཁྲེང་ཏུའུ་ནས་གཡག་རྔ་བར་གྱི་ལྕགས་ལམ་དུམ་བུ་དེ2018ལོའི་སྤྱི་ཟླ12པར་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་མགོ་ཚུགས་ཤིང་། ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་དུམ་བུ་དེ2015ལོའི་སྤྱི་ཟླ6པར་ལས་མགོ་བཙུགས་ནས་མིག་སྔར་ལས་གྲྭ་དེའི་འཕེལ་རིམ་བདེ་བླག་ཡིན་པ་རེད། ད་ཐེངས་ལས་མགོ་ཚུགས་པའི་གཡག་རྔ་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་དུམ་བུ་དེ་སི་ཁྲོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་གཉིས་ཀྱི་ས་ཁོངས་ཡིན་ཞིང་། ལམ་ཐིག་དེ་སི་ཁྲོན་གཡག་རྔ་ནས་མགོ་བཙུགས་ཏེ་མཐའ་ཐུག་བོད་ལྗོངས་ཉིང་ཁྲིར་འབྱོར་བ་དང་རྒྱལ་ཁབ་ཀྱིIརིམ་པའི་ལྕགས་ལམ་གཉིས་གཤིབ་ཡིན་པ་རེད། ལྕགས་ལམ་གྱི་རིང་ཚད་བསྡོམས་འབོར་སྤྱི་ལེ1011གསར་སྐྲུན་བྱས་ཡོད་པ་དང་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ120ནས200བར་འཆར་འགོད་བྱས་ཡོད། ལས་གཞི་དེ་རྒྱལ་ཁབ་ལྕགས་ལམ་ཚོགས་པས་སྒྲིག་འཛུགས་དང་ལག་བསྟར་བྱེད་འགན་འཁུར་བ་རེད།།



  • ལེ་ཚན་སྔོན་མ།:ལྷ་ས་རུ་བུད་མེད་ཀྱི་ལག་འཐག་འགྲན་བསྡུར་སྤེལ་བ།
  • ལེ་ཚན་རྗེས་མ།:དབུལ་ཞྭ་ཕུད་པའི་ལས་འགན་གྲུབ་ཅིང་ཕྱོགས་བསྡུས་གདེང་འཇོག་ཡག་པོ་ཐོབ་རིགས་ལ་སྒོར་ཁྲི1000གི་བྱ་དགའ་ཡོད།
  • དོ་སྣང་ཆེ་བའི་རྩོམ།