གཞི་གཅིག་ཅན་གྱི་འཕེལ་རྒྱས་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་འཕྲིན་སྦྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏང་དགོས།

སྐལ་ཐུབ་ཀྱིས་བྲིས་ཤིང་པར་བླངས།        2020-10-30

རྒྱལ་ཡོངས་བོད་ཡིག་འཕྲིན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་པའི་ཐོག་འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་སྐོར་གྱི་བགྲོ་གླེང་གྲོས་ཚོགས་ཀྱི་དངོས་བྲིས། (ལྔ།)

གཞི་གཅིག་ཅན་གྱི་འཕེལ་རྒྱས་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་འཕྲིན་སྦྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏང་དགོས།

སྤྱི་ཟླ8པའི་ཚེས2ནས6ཉིན་བར་རྒྱལ་ཡོངས་བོད་ཡིག་འཕྲིན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་པ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་དུ་འཚོགས་ཤིང་། ཚོགས་ཞུགས་འཕྲིན་སྦྱོར་ལས་ཁུངས་བདུན་གྱིས་འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་སྐོར་གྱི་ཉམས་མྱོང་སྤེལ་རེས་བྱས་ཤིང་། དེ་ལས་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་བོད་ཡིག་རྩོམ་སྒྲིག་ཁང་གི་ཀྲུའུ་རེན་ཚེ་རིང་ཆོས་འཕེལ་གྱིས་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་འཕྲིན་སྦྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏང་དགོས་ཞེས་པ་ཁ་བྱང་བྱས་ནས་གཏམ་བཤད་བྱས།

ཐོག་མར་ཚེ་རིང་ཆོས་འཕེལ་གྱིས་ཉེ་བའི་ལོ་ཤས་རིང་བོད་ཡིག་འཕྲིན་སྦྱོར་ལྟེ་གནས་ཀྱིས་སྤེལ་བའི་གཙོ་གནད་ལས་དོན་ཁག་ཕྱོགས་བསྡོམས་ངོ་སྤྲོད་བྱས་རྗེས། འཕྲིན་སྦྱོར་མཉམ་འདྲེས་ལ་སྐུལ་འདེད་ཇི་ལྟར་གཏང་རྒྱུའི་ཐད་ཀྱི་ཉམས་མྱོང་གླེང་བ་སྟེ།

གཅིག བོད་ཡིག་འཕྲིན་སྦྱོར་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་གསར་པ་བཟོས་པ།

འབྲེལ་ཡོད་ནང་དོན་སློབ་སྦྱོང་བྱས་ཤིང་གྲོས་ཚོགས་ཐེངས་མང་འཚོགས་པ་དང་། ཞིབ་འཇུག་ཐེངས་མང་། འཐུས་ཚང་ལན་མང་བཏང་བ་བརྒྱུད།《བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་བོད་ཡིག་འཕྲིན་སྦྱོར་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་དང་དམིགས་འབེན》དང《བོད་ཡིག་འཕྲིན་སྦྱོར་ལྟེ་གནས་ཀྱི་ཚགས་པར་དང་དྲ་བ་མཉམ་འདྲེས་ཀྱི་ཇུས་གཞི》གྲུབ་པ་རེད། གསར་འགྱུར་དྲ་བ་མཉམ་འདྲེས་བྱེད་སྟངས་དང་། འཕྲིན་སྦྱོར་གསར་པའི་འཕེལ་རྒྱས་ཁ་ཕྱོགས། འཕྲིན་སྦྱོར་ལྟེ་གནས་ཀྱི་རྩ་འཛུགས་སྒྲིག་གཞི། རྩོམ་སྒྲིག་ཨུ་ལྷན་གྱི་ཁོངས་མིའི་ལས་བགོས་སོགས་ལ་བླང་བྱ་ཞིབ་ཕྲ་བཏོན་པ་དང་། འཕེལ་རྒྱས་ཀྱི་དམིགས་ཚད་དང་འབད་བརྩོན་གྱི་ཁ་ཕྱོགས་གསལ་སྟོན་བྱས་ཏེ་བོད་ཡིག་འཕྲིན་སྦྱོར་གྱི་དྲིལ་བསྒྲགས་སྤུས་ཚད་མཐོ་རུ་གཏོང་བ་དང་། བོད་ཡིག་འཕྲིན་སྦྱོར་གྱི་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་གཏོང་ཆེད་གླེང་ཕྱོགས་ཀྱི་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

གཉིས། རྩ་འཛུགས་ཀྱི་གཞི་ཁོག་བཙུགས་ཤིང་ལས་རིམ་ཚད་ལྡན་འཐུས་ཚང་དུ་བཏང་བ།

གོང་གི་ཇུས་གཞི་གཉིས་ལག་བསྟར་བཏང་ནས་བོད་ཡིག་གི་འཕྲིན་སྦྱོར་ཚན་པ་ཁག་གི་ལས་དོན་ཁག་ཡག་པོར་སྤེལ་ཐུབ་པའི་ཆེད། བོད་ཡིག་འཕྲིན་སྦྱོར་ལྟེ་གནས་ཀྱིས་འཕྲིན་སྦྱོར་ཚན་པ་ཁག་གི་འགན་འཁུར་བ་བསྡུས་ནས་ཐུན་མོང་ཐོག་ཞིབ་འཇུག་བྱས་ཏེ་ལུགས་དང་མཐུན་ཞིང་ཕན་འབྲས་ཆེ་བའི་རྩ་འཛུགས་ཀྱི་གཞི་ཁོག་བཙུགས་ཤིང་། འཕྲིན་མང་གི་རྣམ་པ་སྡེབ་སྒྲིག་

བྱེད་ཅིང་སོ་སོའི་ལས་ཀའི་འགན་འཁྲི་ཁ་གསལ་བཟོས་པ་དང་། ལས་ཀའི་འབྲེལ་བ་ཚགས་སྡེབ་བྱེད་པ། ལས་ཀའི་འཁོར་སྐྱོད་ལས་རིམ་ཚད་ལྡན་དུ་བཏང་བ་བཅས་བྱས་ནས་འཕྲིན་སྦྱོར་ཚན་པ་ཁག་གི་ལས་དོན་ཁག་བདེ་བླག་ངང་སྤེལ་བར་རྩ་འཛུགས་ཀྱི་འགན་ལེན་ནུས་ལྡན་བྱས་ཡོད། ཆེད་གཉེར་མགོ་ཁྲིད་དང་འཕྲིན་སྦྱོར་ཁག་གི་འགན་འཁུར་བ་བཅས་ཀྱི་ཁོངས་མིས་གྲུབ་པའི་བོད་ཡིག་འཕྲིན་སྦྱོར་ལྟེ་གནས་ཀྱི་རྩོམ་སྒྲིག་ཨུ་ལྷན་བཙུགས་ཤིང་། སྔ་རྗེས་སུ་ལས་དོན་ཁག་དང་འཚམ་པའི་ལས་ཀའི་ལམ་ལུགས་དང་འབྲེལ་ཡོད་ལམ་སྲོལ་བཟོས་ཡོད། དཔེར་ན《བོད་ཡིག་འཕྲིན་སྦྱོར་ལྟེ་གནས་ཀྱི་རྩ་འཛུགས་གཞི་ཁོག་དང་འགན་འཁྲི》དང《བོད་ཡིག་འཕྲིན་སྦྱོར་གྱི་འཕྲིན་ཕྲན་སྤྱི་སྟེགས་ཀྱི་ནང་དོན་ཁྱབ་བསྒྲགས་གཏན་འབེབས་དང་དེ་བཞིན་ལས་ཀའི་ལམ་ལུགས》སོགས་སོ།། ལོ་མགོར་ད་དུང《བོད་ཡིག་འཕྲིན་སྦྱོར་ལྟེ་གནས་ཀྱི་ལས་ཀའི་འཆར་གཞིའི་ཁག་བགོས་རེའུ་མིག》བཟོས་ནས་ཏང་དང་དཔུང་ཁག་འཛུགས་སྐྱོང་། ནང་ཁུལ་བསྡུ་སྒྲིལ་ལ་ཤུགས་སྣོན། འཕྲིན་སྦྱོར་གསར་པ་འཕེལ་རྒྱས་སོགས་ཕྱོགས་བཅུ་ནས་ལས་ཀའི་ལས་འགན་ཁག་བགོས་བྱས་ཏེ། འགན་འཁུར་མཁན་དང་ལེགས་གྲུབ་ཀྱི་དུས་བཀག་ཁ་གསལ་བཟོས་ནས་བོད་ཡིག་འཕྲིན་སྦྱོར་གྱི་ལས་དོན་ཁག་ཧུར་ཐག་གིས་སྤེལ་ཏེ་གླེང་ཕྱོགས་ཁྲིད་སྟོན་གྱི་གནས་བབ་གསར་པ་བསྐྲུན་ཡོད། སྡེ་ཚན་ཁག་གིས་རང་ངོས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་འབྲེལ་ཡོད་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ཞིང་ལམ་ལུགས་རབ་དང་རིམ་པར་བཟོས་ནས་འཕྲིན་སྤེལ་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་དྲིལ་བསྒྲགས་ཉེན་མེད་ཡོང་བར་འགན་ལེན་བྱས་པ་རེད།

གསུམ། གཙོ་ལས་བརྟན་གཉེར་དང་འཕྲིན་མང་འཕེལ་རྒྱས་བཏང་བ།

སྲོལ་རྒྱུན་གྱི་འཕྲིན་སྦྱོར་ཐད། བོད་ཡིག་འཕྲིན་སྦྱོར་ལྟེ་གནས་ཀྱིས་ཚགས་པར་བཞི་དང་། དུས་དེབ་གཅིག དྲ་བ་གཅིག་བཅས་ཀྱིས་ཏང་གཤིས་མཐའ་འཁྱོངས་ཀྱི་རྩ་དོན་མཐའ་གཅིག་ཏུ་གཡོ་འགུལ་མི་གཏོང་བ་དང་། ཁྲིད་ཕྱོགས་ཡང་དག་པ་མཐའ་འཁྱོངས། ཏང་དང་སྲིད་གཞུང་གི་བྱེད་

ཕྱོགས་སྲིད་ཇུས་དང་དམངས་ཕན་སྲིད་ཇུས་ཁག་དྲིལ་བསྒྲགས་ཡག་པོར་བྱ་དགོས་པ་བཏོན་ཡོད། དུས་རབས་ཀྱི་གཙོ་དོན་མཆོག་ཏུ་བཟུང་སྟེ་ཐོག་མཐའ་བར་གསུམ་དུ་གསར་འགྱུར་ལས་རྐང་གཙོ་བོ་ཨང་དང་པོར་གཞག་དགོས་པ་དང་། རང་ངོས་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་ཅིང་། དབང་གྲགས་རང་བཞིན་མངོན་གསལ་དོད་པ་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ་བཅས་ཀྱིས་གླེང་ཕྱོགས་ཀྱི་གཡུལ་ས་བརྟན་སྲུང་བྱེད་པའི་འགན་འཁྲི་ཕྲག་ཏུ་འཁུར་དགོས་པའི་བླང་བྱ་བཏོན་ཡོད། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་འཕྲིན་སྦྱོར་མཉམ་འདྲེས་བྱས་པ་ནས་བཟུང་། བོད་ཡིག་འཕྲིན་སྦྱོར་གྱིས་ཀྱང་སྲོལ་རྒྱུན་གྱི་ཚགས་པར་བཟོ་བའི་འདུ་ཤེས་ལ་འགྱུར་ལྡོག་བཏང་ཞིང་། རྩོམ་སྒྱུར་བྱེད་ཐབས་གསར་གཏོད་དང་ཕུན་སུམ་ཚོགས་པར་བཏང་བར་བརྟེན། སྔོན་ཆད་ཀྱི་ཆ་འཕྲིན་ཐོན་སྐྱེད་ཐེངས་གཅིག་དང་བེད་སྤྱོད་ཐེངས་རེ། ཁྱབ་སྤེལ་སྣ་གཅིག་བྱེད་པ་བཅས་ཀྱི་བྱེད་སྟངས་དེ་སྡུད་ལེན་ཐེངས་གཅིག་བརྒྱུད་དེ་ཁྱབ་སྤེལ་ཐེངས་མང་དང་རིམ་པ་མང་བ། འཕྲིན་ལམ་སྣ་མང་ནས་ཁྱབ་སྒྲོག་བཅས་བྱེད་པའི་འཕྲིན་སྦྱོར་ཀུན་འདུས་ཀྱི་ཐོན་སྐྱེད་བྱེད་སྟངས་སུ་བསྒྱུར་ཡོད། སྲོལ་རྒྱུན་འཕྲིན་སྦྱོར་ནས་འཕྲིན་སྦྱོར་མཉམ་འདྲེས་ལ་བར་བརྒལ་བྱེད་པའི་བརྒྱུད་རིམ་ནང་བསམ་བློའི་འདུ་ཤེས་དང་། དོ་དམ་བྱེད་སྟངས། ལག་རྩལ་ལས་སྟེགས། མི་སྣའི་ལས་སྒོའི་ནུས་པ་བཅས་ཀྱི་ཐད་ནས་འགྱུར་ལྡོག་གཏང་དགོས། དགོས་མཁོ་དེ་དང་འཚམ་པའི་ཆེད་ང་ཚོས་གསར་འགྱུར་ཆ་འཕྲིན་རིམ་པ་མང་བ་དང་། རྣམ་པ་མང་བ། བྱ་ཐབས་མང་བ་བཅས་ཀྱི་ཐོག་ནས་བསྡུ་སྒྲིལ་དང་ཐག་གཅོད་བྱས་ཏེ་དུས་ཚོད་དེ་བས་ཐུང་བའི་ནང་སྟབས་བསྟུན་གྱི་བྱ་ཐབས་སྤྱད་ནས་འཕྲིན་ལམ་མི་འདྲ་བའི་ཐོག་ཁྱབ་གདལ་བཏང་སྟེ། ལྟ་ཉན་བྱེད་མཁན་གྱི་དགོས་མཁོར་གཞིགས་ནས་ཆ་འཕྲིན་འདྲ་བ་གཅིག་རྣམ་པ་མི་འདྲ་བའི་ཐོག་ནས་བཀོད་ཡོད། གསར་འགྱུར་བཀོལ་སྤྱོད་ཐད་ལ་འཕྲིན་སྦྱོར་ཁག་གིས་བོད་ལྗོངས་ས་ཁུལ་གྱི་དངོས་ཡོད་གནས་ཚུལ་དང་འཕྲིན་སྦྱོར་གྱི་ཁྱད་ཆོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས། ཁྱད་ཆོས་ཡོད་པ་དང་ནང་དོན་གཏིང་ཟབ་ཡིན་པར་དམིགས་ནས་ལྟ་ཀློག་བྱེད་རིན་ཡོད་པ་དང་། མང་ཚོགས་དང་ཉེ་བར་བཅར་ཞིང་ཞབས་ཞུའི་རང་བཞིན་ཆེ་བའི་ནང་དོན་གཙིགས་ཆེན་དུ་བཟུང་ཡོད། ཚགས་པར་ཁང་གི་འཕྲིན་སྦྱོར་ཀུན་འདུས་ཀྱི་ཆ་འཕྲིན་ཐོན་ཁུངས་དང་ཟོང་རྟགས་གྲགས་ཅན་ཐོན་ཁུངས་ཀྱི་དགེ་མཚན། དེ་བཞིན་སྔར་ཡོད་ཀྱི་དབང་གྲགས་བཅས་ལ་བརྟེན་ནས། བོད་ཡིག་འཕྲིན་སྦྱོར་དཔུང་ཁག་འཛུགས་སྐྱོང་དང་མི་སྣའི་བྱང་ཚད་མཐོར་འདེགས། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་། འཕྲིན་སྦྱོར་གྱི་ཡིད་ཆེས་བྱེད་ཚད་དང་ཉེ་བཅར་རང་བཞིན་ཆེ་རུ་གཏོང་ཞིང་། གསར་འགྱུར་དྲིལ་བསྒྲགས་འཕྲིན་སྤེལ་བྱ་ཐབས་གསར་གཏོད་དང་ཕུན་སུམ་ཚོགས་པོར་གཏོང་བ། དྲིལ་བསྒྲགས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ། བོད་ཡིག་འཕྲིན་སྦྱོར་གྱི་ཤུགས་རྐྱེན་ཐེབས་ཤུགས་དང་ཁེབས་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ནས་བོད་ཡིག་འཕྲིན་སྦྱོར་དེ་ཉིད་དུས་རབས་ཀྱི་གཙོ་དོན་དར་སྤེལ་གཏོང་བའི་ཐབས་ལམ་གཙོ་བོ་དང་ལྟ་འདོད་ལ་ཉན་སྤྲོ་བའི་འཕྲིན་སྦྱོར་ཀུན་འདུས་ཤིག་ཏུ་འཛུགས་སྒང་ཡིན།

བཞི། མཉམ་འདྲེས་ལ་སྐུལ་འདེད་གཏོང་ཞིང་མཉམ་ལས་ལ་ཤུགས་རྒྱག་པ།

འཕྲིན་སྦྱོར་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་ཐད་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་བོད་ཡིག་འཕྲིན་སྦྱོར་ལྟེ་གནས་ཀྱིས་དུས་རབས་འཕེལ་རྒྱས་ཀྱི་རྗེས་སུ་འབྲངས་ཏེ། བརྟན་ཐོག་གོ་རིམ་བགོས་ནས་ལག་ལེན་བྱེད་པའི་རྩ་དོན་ལྟར་རྩ་འཛུགས་ཀྱི་གཞི་ཁོག་དང་ལས་རིམ་བསྐྱར་དུ་བཟོས་པ་ནས་ཚོད་ལྟའི་ལས་དོན་སྤེལ་ཏེ་འཕྲིན་སྦྱོར་ནང་ཁུལ་གྱི་མཉམ་འདྲེས་ལ་སྐུལ་འདེད་བརྟན་པོར་བཏང་ཡོད། འཕྲིན་སྦྱོར་གསར་པའི་དུས་རབས་སུ་མགྱོགས་མྱུར་གྱི་བླང་བྱ་ལ་ཁ་གཏད་འཇལ་ཐུབ་པ་དང་། གོ་སྐབས་འཕྲོག་བཟུང་བྱས་ནས་འབྲེལ་མཐུད་ནུས་ལྡན་དང་ལས་རིམ་ཐོགས་པ་མེད་པར་ཡོང་བའི་ཆེད། འཕྲིན་སྦྱོར་ཀུན་འདུས་ཀྱི་རྩོམ་སྒྲིག་ཨུ་ལྷན་གཙོས་པའི་མཐོ་རིམ་དོ་དམ་གཞི་ཁོག་བཙུགས་ཡོད། དེའི་ལས་འགན་གཙོ་བོ་ནི་ཚགས་པར་དང་འཕྲིན་སྦྱོར་གསར་པའི་ཐབས་ཇུས་གལ་ཆེན་ཞིབ་འཇུག་དང་གཏན་འབེབས་བྱེད་པ་དང་ནང་ཁུལ་གྱི་ཐོན་ཁུངས་ཁག་བཀོད་གཏོང་དང་མཐུན་སྦྱོར་བྱ་རྒྱུ་དེ་ཡིན། ནང་དོན་མཉམ་འདྲེས་བྱེད་པའི་ཐད་ནས་བཤད་ན། ད་ཆ་བོད་ཡིག་འཕྲིན་སྦྱོར་ལྟེ་གནས་ཀྱི་གསར་འགྱུར་ཐོན་ཁུངས་བསྡུ་སྒྲིལ་དང་མཉམ་འདྲེས་རགས་ཙམ་བྱུང་ནས་ཚགས་པར་དང་། དྲྭ་ཚུགས། དུས་དེབ། འཕྲིན་ཕྲན། བཀོལ་སྣེ་བཅས་ཀྱི་ཆ་འཕྲིན་ཐོན་ཁུངས་མཉམ་འདྲེས་གཏིང་ཟབ་བྱུང་ཞིང་། དྲིལ་བསྒྲགས་འཕྲིན་སྤེལ་གྱི་ཆུ་ཚད་མཐོ་རུ་ཕྱིན་ནས་ལེགས་ཆ་གསབ་རེས་དང་ལངས་གཟུགས་ཅན་གྱི་དྲིལ་བསྒྲགས་བྱེད་སྟངས་མངོན་ཡོད་པ་རེད། མི་སྣ་མཉམ་འདྲེས་ཀྱི་ཐད་ནས་བཤད་པ་ཡིན་ན། མཉམ་འདྲེས་འཕེལ་རྒྱས་ཀྱི་འགག་རྩ་ནི་གཞི་གཅིག་ཏུ་འདྲེས་མིན་ལ་ཐུག་ཡོད། ང་ཚོས་ལས་རྐང་བརྗེ་བའི་བྱེད་ཐབས་ཀྱིས་མི་སྣ་མཉམ་འདྲེས་ལ་སྐུལ་འདེད་གཏོང་གི་ཡོད། མཉམ་གནས་ཀྱི་དུས་མཚམས་ནས་མཉམ་འདྲེས་ཀྱི་དུས་མཚམས་སུ་བསྐྱོད་པ་དང་། དེ་སྔར་ཁྱེད་རང་དང་ང་རང་ཞེས་དབྱེ་བ་ཕྱེ་བ་ནས་ད་ལྟ་ང་ཁྱོད་གཉིས་སུ་མེད་པར་གྱུར་ནས་འཕྲིན་ཕྲན་སྤྱི་སྟེགས་གཉིས་དང་བཀོལ་སྣེ་གཅིག འཁྱུག་དབྱིངས་བཅས་འཛོམས་པའི་གཙོ་རྒྱུན་འཕྲིན་སྦྱོར་གསར་པ་བསྐྲུན་ནས་ཆ་འཕྲིན་བརྒྱུད་སྤེལ་གྱི་བཙན་ས་བཟུང་ཡོད་པ་དང་ཆབས་ཅིག གནད་དོན་ཁྲིད་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་འདུ་ཤེས་དང་། ནང་དོན། རྩོམ་ལུས། རྣམ་པ། བྱེད་ཐབས། བྱ་ཐབས། ལས་རྣམ། སྒྲིག་སྲོལ། ལམ་སྲོལ་བཅས་གསར་གཏོད་བྱས་ཡོད།

ལྔ། མ་འོངས་པའི་འབད་བརྩོན་ཁ་ཕྱོགས།

ཚེ་རིང་ཆོས་འཕེལ་གྱིས་མ་འོངས་པའི་འབད་བརྩོན་ཁ་ཕྱོགས་གླེང་བའི་ཚེ་བཤད་དོན། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་བོད་ཡིག་འཕྲིན་སྦྱོར་ལྟེ་གནས་ཀྱིས་སླད་ཕྱིན་མུ་མཐུད་དེ་གོང་རིམ་འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་འཐོབ་ཐབས་བྱས་ནས་འཕྲིན་སྦྱོར་མཉམ་འདྲེས་ཆེན་མོའི་ལམ་བུ་འཚོལ་ཞིབ་བྱ་རྒྱུ་ཡིན། ས་ཁུལ་མི་འདྲ་བ་དང་འཕྲིན་སྦྱོར་མི་འདྲ་བའི་བར་ཏེ་བོད་འབྲེལ་ལས་དོན་གྱི་གཙོ་གནད་ཞིང་ཆེན་དང་ཞིང་ཆེན་བཞིའི་བོད་འབྲེལ་ཁུལ་དང་རྫོང་ཚུད་པའི་ཆ་འཕྲིན་ཐོན་ཁུངས་མཉམ་འདྲེས་ཐུབ་པར་བྱས་ནས་བོད་ཡིག་འཕྲིན་སྦྱོར་གྱི་མནའ་འབྲེལ་ཆེན་མོ་བཙུགས་ཏེ། ལེགས་ཆ་གསབ་རེས་དང་ཐོན་ཁུངས་བསྡུ་སྒྲིལ་གྱིས་བོད་ཡིག་གཙོ་རྒྱུན་འཕྲིན་སྦྱོར་གསར་པའི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་ནས་ཏང་གི་སྐད་ཆ་ཁྱོན་ཡོངས་ལ་ཁྱབ་པར་བྱ་རྒྱུ་ཡིན། ད་དུང་འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཀྱི་གྲུབ་འབྲས་གང་ལེགས་སྤྱད་དེ་ཁྱད་ཆོས་མངོན་གསལ་དོད་པ་དང་། བརྒྱུད་བསྒྲགས་བྱེད་ཤུགས་ཆེ་བ། གླེང་ཕྱོགས་ཀྱི་ཁྲིད་སྟོན་མངོན་གསལ་དོད་པའི་འཕྲིན་སྦྱོར་གསར་པའི་བརྩམས་ཆོས་བཟོ་བ་དང་། འཁྱེར་འཕྲིན་དམིགས་སུ་བཀར་ནས་འཕེལ་རྒྱས་གཏང་རྒྱུ་མཐའ་འཁྱོངས་བྱེད་ཅིང་། འཕྲིན་ལམ་སྣ་མང་ནསH5དང་། བརྙན་ཐུང་། སྒྲ་ལམ། འགུལ་རིས་ཆུང་གྲས་སོགས་བརྩམས་ཆོས་སྤུས་དག་བཟོ་བ་དང་། བྱེ་བྲག་གི་ཁྱད་ཆོས་ཡོད་པའི་སྒྲིག་སྟངས་དང་མཐོང་རུང་ཅན་ཡིན་ལ་མང་ཚོགས་དང་འབྲེལ་བ་ཆེ་ཞིང་། ནང་དོན་གསར་པ། མི་སེམས་མགུ་བ་བཅས་ཀྱི་བརྩམས་ཆོས་ཀྱིས་གཙོ་རྒྱུན་འཕྲིན་སྦྱོར་གྱི་བར་ཁོངས་ཇེ་ཡངས་སུ་གཏང་རྒྱུ་ཡིན།།

  • ལེ་ཚན་སྔོན་མ།:འཇུ་ཚེ་སྟོབས་ལགས་ཀྱི་གསུང་རྩོམ་པོད་གསུམ་པར་དུ་བསྐྲུན།
  • ལེ་ཚན་རྗེས་མ།:ང་ཚོས་ཆེས་ངོ་མཚར་ཆེ་བའི་ཕྱི་རོལ་གྱི་འཇིག་རྟེན་ལ་ལྟ་འདོད།
  • དོ་སྣང་ཆེ་བའི་རྩོམ།