ང་ཚོས་ཆེས་ངོ་མཚར་ཆེ་བའི་ཕྱི་རོལ་གྱི་འཇིག་རྟེན་ལ་ལྟ་འདོད།

སྐལ་ཐུབ་ཀྱིས་བསྡུས་ཏེ་བསྒྱུར།        2020-10-30

ཞིང་ཆེན་ཁྲིམས་འཛིན་ཐིང་གིས་ཉག་རོང་རྫོང་གི་སློབ་མ་དབུལ་ཕོངས་ལ་རོགས་སྐྱོར་བྱས་པའི་གནས་ཚུལ་རགས་བཀོད།

ང་ཚོས་ཆེས་ངོ་མཚར་ཆེ་བའི་ཕྱི་རོལ་གྱི་འཇིག་རྟེན་ལ་ལྟ་འདོད།

ཕྲུ་གུ་ཚོས་ཞལ་འདེབས་ཕུལ་བའི་དཔེ་ཆར་ལྟ་བཞིན་པའི་ཚུལ།

2015ལོར་ཞིང་ཆེན་ཁྲིམས་འཛིན་ཐིང་དང་སི་ཁྲོན་ཁྲིམས་རྩོད་སྲིད་འཛིན་གཞུང་དཔང་ཁང་གིས་ཁ་གཏད་རོགས་སྐྱོར་བྱ་ཡུལ་དཀར་མཛེས་ཁུལ་ཉག་རོང་རྫོང་དུ་ཁྲིམས་འཛིན་འོད་སྣང་ཞེས་པའི་དབུལ་སྐྱོར་ཐེབས་རྩ་བཙུགས་ནས་དཀའ་ངལ་ཡོད་པའི་སློབ་མར་སློབ་རིམ་འཕར་རོགས་བྱེད་པ་དང་། དཀའ་ངལ་ཡོད་པའི་སློབ་མའི་ཁྱིམ་ཚང་ལ་རོགས་སྐྱོར། སློབ་གྲྭའི་སློབ་གསོའི་སྒྲིག་ཆས་ལ་རོགས་སྐྱོར། ཕུལ་བྱུང་དགེ་རྒན་དང་སློབ་མར་རོགས་སྐྱོར་དང་བྱ་དགའ་སྤྲོད་པ་བཅས་ལ་སྤྱད་པ་རེད། ད་བར་སློབ་མ102ལ་རོགས་སྐྱོར་ཐོབ་ཡོད།

ལོ་དྲུག་ལ་བསྟུད་མར་རོགས་སྐྱོར་ཐོབ་པའི་སློབ་མ་ཐོག་མ་བསོད་ནམས་ལྷ་མོས་སྤྱི་ཚོགས་ལ་དྲིན་ལན་འཇལ་རྒྱུ་ཡིན་ཟེར།

བསོད་ནམས་ལྷ་མོས་ང་ད་ལྟ་སློབ་ཆེན་ལོ་རིམ་གསུམ་པ་ཡིན། འདི་ལོའི་ལོ་མཇུག་ཏུ་དངོས་སྦྱོང་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་ཅེས་བཤད། མོ་ནི་ཁྲིམས་འཛིན་འོད་སྣང་ཐེབས་རྩའི་རོགས་སྐྱོར་ཐོབ་པའི་སློབ་མ་དང་པོ་དེ་ཡིན་ལ་ལོ་དྲུག་ལ་བསྟུད་མར་རོགས་སྐྱོར་ཐོབ་ཡོད། མོ་ཚང་ནི་གླང་ལུང་གྲོང་སྡེའི་དུད་ཚང་དབུལ་པོ་ཞིག་ཡིན་པ་དང་། དཔལ་འབྱོར་ཡོང་ཁུངས་གཙོ་བོ་ནི་དབྱར་རྩྭ་དགུན་འབུ་རྐོ་བ་དང་དུས་ཐུང་གླ་པ་བྱས་པ་ལས་བྱུང་བ་ཡིན། ལོ་རེར་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར2500ལས་བརྒལ་གྱི་མེད། རེད་དེ་ཁྱིམ་ཚང་དབུལ་པོ་དེར་དཔེ་ཀློག་ལ་དགའ་བའི་བུ་མོ་ཞིག་ཐོན་ཡོད། འོན་ཀྱང་མོས་སློབ་གཉེར་བྱེད་པར་ཕ་མ་གཉིས་པོས་རྒྱབ་སྐྱོར་བྱེད་ཀྱི་མེད། བསོད་ནམས་ལྷ་མོས་མ་གཞི་ང་ཚོའི་ལུང་པར་ཡི་གེ་འདོན་མཁན་གྱི་བུ་མོ་ཉུང་ཉུང་རེད། དེའི་ཐོག་ང་ཚོའི་ཁྱིམ་ཚང་ལ་དཀའ་སྡུག་ཡོད། ཁོ་ཚོས་ཡི་གེ་སྦྱངས་ན་ཕན་ཐོགས་གང་ཡང་མེད་སྙམ་གྱི་ཡོད་ཅེས་བཤད། གནས་ཚུལ་དེ་ཤེས་རྗེས་ཞིང་ཆེན་ཁྲིམས་འཛིན་ཐིང་གི་དབུལ་སྐྱོར་གྲོང་ཚོར་བཅའ་སྡོད་བྱེད་བཞིན་ཡོད་པའི་ཧྲུའུ་ཅི་དང་པོས་ངང་རྒྱུད་རིང་པོས་བསོད་ནམས་ལྷ་མོའི་ཕ་མ་གཉིས་ལ་ཁ་ཏ་བསླབ་བྱ་བྱས་པ་རེད། 2015ལོའི་ཟླ་བ8པར་བསོད་ནམས་ལྷ་མོ་སློབ་འབྲིང་ནས་ཐོན་རྗེས་ཁམས་བྱང་མཐོ་རིམ་ལས་རིགས་སློབ་གསོའི་བྱིས་པའི་ཚན་ཁག་གི་ཆེད་ལས་སུ་བདེ་བླག་ངང་སློབ་སྦྱོང་བྱེད་ཐུབ་པ་བྱུང་ཞིང་། ལོ་གསུམ་གྱི་སློབ་ཡོན་ཚང་མ་ཁྲིམས་འཛིན་འོད་སྣང་གི་དབུལ་སྐྱོར་ཐེབས་རྩས་རོགས་སྐྱོར་བྱས་པ་རེད། མཐོ་རིམ་ལས་རིགས་སློབ་གྲྭ་ནས་ཐོན་རྗེས་བསོད་ནམས་ལྷ་མོ་ཐེ་ཚོམ་ངང་ལུས་པའི་ཚེ། གྲོང་ཚོར་བཅའ་སྡོད་ཧྲུའུ་ཅི་དང་པོས་ལྕག་སྐུལ་བྱས་ཐོག་མོའི་ཁྱིམ་ཚང་ལ་རོགས་རམ་བྱ་ཆོག་པའི་ཁས་ལེན་བྱས་པས2018ལོར་བསོད་ནམས་ལྷ་མོ་སི་ཁྲོན་ཧྲན་ཧོ་ལས་རིགས་སློབ་གླིང་དུ་རྒྱུགས་འཕྲོད། མོས་ངས་དངོས་སྦྱོང་འཚོ་བར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། ངས་རང་གི་སྦྱངས་པ་ལ་བརྟེན་ནས་སྤྱི་ཚོགས་ལ་དྲིན་ལན་འཇལ་རྒྱུ་ཡིན་ཞེས་བཤད་པ་རེད།

ཡུལ་ཤོག་གི་དངོས་གཞིའི་ཚན་ཁག་གི་སློབ་མ་ཐོག་མ་འོད་གསལ་ལྷ་མོས་ལྷོ་ནུབ་མི་རིགས་སློབ་ཆེན་དུ་རྒྱུགས་འཕྲོད་ཅིང་། ད་དུང་གཞོན་ནུ་དང་བླངས་པ་ཞིག་ཏུ་གྱུར།

སྡེ་བ་གཅིག་པའི་འོད་གསལ་ལྷ་མོའི་བསོད་བདེ་དེ་ལས་ཀྱང་ཆེ་བ་སྟེ། ཁྱིམ་ཚང་ལ་དཔལ་འབྱོར་གྱི་དཀའ་ངལ་ཡོད་ཀྱང་ཕྲུ་གུས་སློབ་སྦྱོང་བྱ་རྒྱུར་ཕ་མ་གཉིས་པོས་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་ཡོད།

འོད་གསལ་ལྷ་མོས་ང་ཚོ་གཅེན་གཅུང་གསུམ་པོ་སློབ་གྲྭར་སྐྱེལ་ཐུབ་ཆེད། ཨ་མས་རི་བོ་མཐོན་པོར་པུས་མོ་སར་བཙུགས་ཏེ་སྨན་རྩྭ་བརྐོས་པ་དང་། ལོ་ཁ་ཤས་སོང་རྗེས་གྲུམ་བུའི་ནད་ཕོག་པ་རེད་ཅེས་བཤད། མོའི་ཁྱིམ་ཚང་རི་ཁུག་ཏུ་གནས་པ་དང་འགྲིམ་འགྲུལ་ཆ་རྐྱེན་ཞན་པས་སློབ་ཆུང་ནས་དམའ་འབྲིང་ལོ་རིམ་གསུམ་པའི་བར་གྱི་ལོ9ཡི་རིང་ལ་མོའི་ཨ་ཕས་དཀའ་ངལ་ལ་མ་འཛེམས་པར་འཕྲུལ་རྟས་ཕྲུ་གུ་སློབ་གྲྭར་བསྐྱལ་བ་རེད།

2016ལོར་བོད་ཡིག་གི་ཐོབ་སྐར་བསྣན་ན་དཀར་མཛེས་ཁུལ་གྱི་འབྲིང་རྒྱུགས་ཀྱི་བསྡོམས་སྐར900ཡིན་ཞིང་། འོད་གསལ་ལྷ་མོས་སྐར་མ808བླངས་ནས་ཉག་རོང་རྫོང་གི་འབྲིང་རྒྱུགས་ཀྱི་ཨང་དང་པོ་ཐོབ་སྟེ་དཀར་མཛེས་ཁུལ་མཐོ་རིམ་སློབ་འབྲིང་གིས་བསྡུས་ཡོད་པ་རེད། འོན་ཀྱང་ཁྱིམ་མི་ཚོས་མཐོ་རིམ་སློབ་འབྲིང་འདོན་པའི་འགྲོ་སོང་ལ་སེམས་ཁྲལ་ཆེན་པོ་བྱེད་བཞིན་པའི་སྐབས་སུ་ཏག་ཏག་ཁྲིམས་འཛིན་གྱི་འོད་སྣང་གི་དབུལ་སྐྱོར་ཐེབས་རྩའི་རོགས་རམ་ཐོབ་པ་རེད། 2019ལོའི་མཐོ་རྒྱུགས་བརྒྱུད་དེ་འོད་གསལ་ལྷ་མོས་ལྷོ་ནུབ་མི་རིགས་སློབ་ཆེན་དུ་རྒྱུགས་འཕྲོད་ནས་གྲོང་སྡེ་དང་ཡུལ་ཤོག་གི་དངོས་གཞིའི་ཚན་ཁག་གི་སློབ་མ་ཐོག་མ་དེར་གྱུར་ཡོད། སློབ་ཆེན་དུ་མོས་ཆེད་ལས་ཤེས་བྱ་སྦྱངས་པ་ཕུད་ད་དུང་གཞོན་ནུ་དང་བླངས་པ་ཞིག་ཏུ་གྱུར་ནས་གཏམ་བཤད་འགྲན་བསྡུར་ནང་ཞུགས་པ་རེད། ཁྲིམས་འཛིན་འོད་སྣང་གི་དབུལ་སྐྱོར་ཐེབས་རྩས་ཀྱང་མུ་མཐུད་དེ་འོད་གསལ་ལྷ་མོ་ལ་སློབ་ཞུགས་རོགས་དངུལ་སྤྲད་པ་རེད།

བསོད་ནམས་བཀྲ་ཤིས་ཀྱིས་རྒྱུགས་སྤྲད་ནས་ཁྲེང་ཏུའུ་རུ་ཡི་གེ་འདོན་སར་འགྲོ་རྒྱུ་ཡིན་ཞེས་བཤད།

ཁྲིམས་འཛིན་འོད་སྣང་གི་ཐེབས་རྩའི་རོགས་རམ་འོག ང་རང་དབྱར་སྒར་བྱེད་སྒོར་ཞུགས་ནས་ཐེངས་དང་པོར་ཁྲེང་ཏུའུ་ལ་སླེབས་པ་དང་། ཐེངས་དང་པོར3Dགློག་བརྙན་ལ་བལྟས་པ་ཡིན། ཐེངས་དང་པོར་ཕི་སཱ་བཟས་པ་ཡིན། མཚོ་ཕག་དང་། རུས་སྦལ། དོམ་ཁྲ་སོགས་དངོས་སུ་མཐོང་བ་ཡིན་ཞེས་པ་ནི་ཉག་རོང་རྫོང་ཆ་ཚང་སློབ་ཆུང་གཉིས་པའི་དབྱངས་ཅན་སྒྲོལ་མ་དབྱར་སྒར་ནང་ཞུགས་རྗེས་ཞིང་ཆེན་ཁྲིམས་འཛིན་ཐིང་ལ་ཐུགས་རྗེ་ཆེ་ཞུས་པའི་ཡི་གེའི་ནང་བྲིས་པའི་སྐད་ཆ་རེད།ཁྲིམས་འཛིན་འོད་སྣང་གི་དབུལ་སྐྱོར་ཐེབས་རྩས་ཕྲུ་གུ་ཚོར་སློབ་སྐྱོར་རོགས་དངུལ་སྤྲོད་པ་ཕུད། ད་དུང་ཕྲུ་གུ་ཚོའི་མཐོང་རྒྱ་ཆེ་རུ་གཏོང་ཆེད་ལོ་ལྟར་ཁྱིམ་ཚང་དབུལ་པོའི་སློབ་མར་དབྱར་སྒར་བྱེད་སྒོ་སྒྲིག་འཛུགས་བྱེད་ཀྱི་ཡོད། ཁྲེང་ཏུའུ་རུ་ཕྲུ་གུ་ཚོས་ཧའེ་ཁྲང་གླིང་སྣེའི་རྒྱ་མཚོའི་འཇིག་རྟེན་དང་། དོམ་ཁྲའི་ལུང་པ་སོགས་ལ་ལྟ་སྐོར་བྱེད་ཅིང་། NBAལག་གྲུག་ལག་རྩལ་དང་མེ་ཟོན་ལས་ཐར་བའི་མྱོང་རོལ་སོགས་བྱེད་ཀྱི་ཡོད་པ་རེད།

ཉག་རོང་རྫོང་གསེར་འོད་ཡུལ་ཤོག་གི་དུད་ཚང་དབུལ་པོའི་བསོད་ནམས་བཀྲ་ཤིས་ཀྱི་ཨ་མ་སྔ་ནས་ཤི་བས་ཨ་ཕས་ཁྱིམ་གྱི་ཁུར་པོ་བུ་ལ་བཅོལ་བའི་རེ་བ་བྱས་ཀྱང་བསོད་ནམས་བཀྲ་ཤིས་ཀྱིས་ཁ་ལ་མ་ཉན་པར་མུ་མཐུད་དེ་སློབ་སྦྱོང་བྱེད་ཀྱི་ཡོད། ཁོས་ངས་རང་གི་འཚོ་བའི་འགྲོ་གྲོན་རག་གི་ཡོད། གུང་གསེང་གི་རིང་ལམ་བཟོ་རོགས་བྱས་ན་ཉིན་རེར་སྒོར100རག་པ་དང་མི་གཞན་གྱི་ཁང་པ་རྒྱག་སར་རོགས་བྱས་ན་ཉིན་རེར་སྒོར30རག་གི་ཡོད་ཅེས་བཤད། དབྱར་སྒར་བྱེད་སྒོར་ཞུགས་རྗེས་ཁོའི་མུ་མཐུད་ནས་སློབ་སྦྱོང་བྱེད་པའི་བསམ་ཚུལ་སྔར་བས་བརྟན་དུ་ཕྱིན་པ་དང་། ཁོས་ཕྱི་རོལ་གྱི་འཇིག་རྟེན་འདི་འདྲའི་ཆེ་བ་དང་འདི་འདྲའི་ཡག་པ་ལ། ང་རང་གིས་དར་མདོ་ནས་མཐོ་རིམ་སློབ་འབྲིང་བཏོན་རྗེས་རྒྱུགས་སྤྲད་དེ་ཁྲེང་ཏུའུ་ནས་སློབ་ཆེན་འདོན་རྒྱུ་ཡིན་ཞེས་བཤད།

ཁྲིམས་འཛིན་འོད་སྣང་གི་དབུལ་སྐྱོར་ཐེབས་རྩའི་རོགས་རམ་འོག་སྲེ་མོང་གིས་སོ་བཏབ་པའི་བུ་མོ་པད་མཚོའི་འཚོ་བ་ཇེ་ལེགས་སུ་སོང་།

ཕྲུ་གུ་ཅུང་ཆེན་པོར་ཆགས་རྗེས་ང་ཚོས་མོ་ཁྲིད་ནས་བྱད་བཞིན་མཛེས་འཆོས་བྱེད་སར་འགྲོ་རྒྱུ་ཡིན་ཞེས་བུ་མོ་པད་མཚོའི་ཨ་མ་ཡེ་ཤེས་ལྷ་མོས་སྨན་བཅོས་མི་སྣ་ཡང་བསྐྱར་ཁྱིམ་དུ་བུ་མོའི་ནད་ཀྱི་གནས་ཚུལ་འདྲི་རུ་ཡོང་དུས་སྐད་ཆ་དེ་ལྟར་བཤད། ཁོ་ཚང་ནི་འཕེལ་ཚྭ་སྡེ་ཁུལ་གྱང་ར་གྲོང་སྡེའི་དུད་ཚང་དབུལ་པོ་ཞིག་ཡིན་ཞིང་ཡེ་ཤེས་ལྷ་མོས་ཕྲུ་གུ་གསུམ་ལ་ལྟ་རྟོག་བྱེད་ཞོར་སོ་ནམ་ལས་ཀ་འགུལ་གྱིན་ཡོད། པད་མཚོ2016ལོར་སྐྱེས་ཤིང་། ཉིན་ཞིག་ཡེ་ཤེས་ལྷ་མོ་ཡུལ་ཤོག་ཏུ་ཐེམ་ཐོ་འབྲི་བའི་རེ་ཞུའི་རེའུ་མིག་འབྲི་བར་ཕྱིན། ཕྱིར་ཁྱིམ་དུ་ལོག་སྐབས། སྲེ་མོང་ཞིག་སྒོ་ནས་ཕྱིར་བྲོས་པ་མཐོང་ཞིང་ནང་དུ་ཕྱིན་ནས་བལྟས་དུས་པད་མཚོའི་གདོང་ཡོངས་ཁྲག་གིས་ཁེངས་འདུག ས་གནས་དེ་གའི་སྨན་བཅོས་ཆ་རྐྱེན་ཞན་པས་ཕྱི་ཉིན་ཁྲེང་ཏུའུ་ཡི་སྨན་ཁང་དུ་མི་འཁྲིད་ཀ་མེད་བྱུང་། བསགས་དངུལ་སྒོར་སྟོང་ཕྲག་ཁ་ཤས་སྤྱད་ཚར་ཡང་སྨན་རིན་ད་དུང་མི་འདང་བའི་སྐབས་སུ་ཞིང་ཆེན་ཁྲིམས་འཛིན་ཐིང་གི་ཁྲིམས་འཛིན་འོད་སྣང་དབུལ་སྐྱོར་ཐེབས་རྩས་འཕྲལ་དུ་སྨན་རིན་སྒོར་ཁྲི2རོགས་སྐྱོར་བྱས་ཤིང་ཞལ་འདེབས་ཀྱང་བསྡུས་པ་དང་རྗེས་མཐུད་རོགས་སྐྱོར་ཆད་མེད་བྱས་པར་བརྟེན། པད་མཚོའི་ཁྱིམ་ཚང་གི་འཚོ་བ་ཉིན་རེ་བཞིན་ཇེ་ལེགས་སུ་སོང་བ་རེད།

ཞིང་ཆེན་ཁྲིམས་འཛིན་ཐིང་གིས་ད་དུང་ཞིང་ཆེན་ཐད་གཏོགས་དམིགས་འཛུགས་རོགས་སྐྱོར་ཚན་པའི་སྣེ་ཁྲིད་དེ་སློབ་སྐྱོར་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་ཞིང་། ལོ་གསུམ་ནང་རིམ་རྩིས་བྱས་ན་ཉག་རོང་རྫོང་གི་སློབ་གསོའི་བྱ་གཞག་ལ་སྒོར་ཁྲི100རི་བའི་དངོས་ཟོག་ཞལ་འདེབས་ཕུལ་ཡོད་དོ།།

  • ལེ་ཚན་སྔོན་མ།:གཞི་གཅིག་ཅན་གྱི་འཕེལ་རྒྱས་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་འཕྲིན་སྦྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏང་དགོས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་བཟོ་ལས་གླིང་ཁུལ་འཛུགས་སྐྲུན་ལ་ནན་འཛིན་བྱས་ནས་བཟོ་ལས་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་གཏོང་།
  • དོ་སྣང་ཆེ་བའི་རྩོམ།