ཐག་རིང་ནས་བོད་ལ་དཔེ་དེབ་ཞལ་འདེབས་འབུལ་མཁན་གྱི་སྐུ་ཞབས་ཏིང་ལགས།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2020-09-22

ཐག་རིང་ནས་བོད་ལ་དཔེ་དེབ་ཞལ་འདེབས་འབུལ་མཁན་གྱི་སྐུ་ཞབས་ཏིང་ལགས།

ཏིང་ལགས་དང་ལྷ་སའི་མངའ་རིས་མཐོ་རིམ་སློབ་འབྲིང་གི་སློབ་མ་ཚོ།

     སྤྱི་ཚེས16ཉིན་གྱི་ཕྱི་དྲོར། ཁྲེང་ཏུའུ་ནས་རྡོག་ཐོན་བྱས་ཤིང་དཔེ་དེབ་བྱུར་བུར་བླུགས་པའི་ལྗིད་ཐེག་རླངས་འཁོར་གཅིག་ལྷ་སར་འབྱོར་ནས་ལྷ་སའི་མངའ་རིས་མཐོ་རིམ་སློབ་འབྲིང་ཕྱོགས་སུ་བསྐྱོད། ཉིན་ལྔའི་རིང་ཐག་རིང་འགྲུལ་བཞུད་བྱས་པ་བརྒྱུད། དགུང་ལོ50ལ་ཕེབས་པའི་སྐུ་ཞབས་ཏིང་ལགས་མ་གཞི་ངལ་དུབ་ཀྱིས་མནར་ཡང་། གདོང་ལས་སྔར་བཞིན་དགའ་སྤྲོའི་འཛུམ་མདངས་རྒྱས་ཡོད།

     ད་རེས་ང་ཚོས་ལྷ་སའི་མངའ་རིས་མཐོ་རིམ་སློབ་འབྲིང་ལ་དཔེ་དེབ4639ཞལ་འདེབས་རྒྱག་པ་ཡིན། ཕྱིས་སུ་ང་ཚོ་མུ་མཐུད་མངའ་རིས་ལ་དཔེ་དེབ་ཞལ་འདེབས་རྒྱག་པར་འགྲོ་རྒྱུ་ཡིན་ཞེས་ཏིང་ལགས་ཀྱིས་དེ་ལྟར་གསུངས།

     ཏིང་ལགས་ཀྱི་མཚན་དངོས་ལ་ཏིང་ཀྲི་ཞེས་ཟེར་ཞིང་། སྤྱི་ལོ2008ལོར་ཝུན་ཁྲོན་ལ་ས་ཡོམ་ཆེན་པོ་རྒྱག་སྐབས། ཁོང་གིས་ཐེ་ཚོམ་སྤུ་ཙམ་མེད་པར་ཕ་ཡུལ་ཨན་ཧུའེ་ནས་སི་ཁྲོན་དུ་སྐྱོད་དེ་འཐབ་ས་དང་པོའི་དང་བླངས་པ་ཞིག་བྱས་པ་རེད། ཕྱིས་སུ། ཏིང་ལགས་ཁྲེང་ཏུའུ་རུ་བཞུགས་ནས་འཚིག་ཇ་ཁང་ཞིག་བཙུགས། གནས་དེར་འཚིག་ཇ་འཐུང་ཆོག་ལ། རིན་པ་སྤྲོད་མི་དགོས་པར་དཔེ་ཆ་ཡང་ལྟ་ཆོག ཏིང་ལགས་ལ་རྒྱུས་མངའ་ཡོད་མཁན་ཚོས། ཏིང་ལགས་དཔེ་ཀློག་ལ་མཉེས་པོ་ཡོད་པ་མ་ཟད། དཔེ་དེབ་ཞལ་འདེབས་རྒྱག་རྒྱུར་དེ་བས་མཉེས་པོ་ཡོད་ཅེས་བརྗོད།

     དཔེ་དེབ་ཞལ་འདེབས་རྒྱག་པ་དང་དངུལ་སྨར་ཞལ་འདེབས་རྒྱག་པ་གཉིས་མི་འདྲ་སྟེ། དཔེ་དེབ་ནི་ནམ་ཡང་བརྒྱུད་སྤྲོད་བྱེད་ཆོག་ལ། ཕྲུ་གུ་ཚོ་དང་ལྷག་པར་དུ་ཐག་རིང་དང་དཀའ་ཚེགས་ཆེ་བའི་ས་ཁུལ་དུ་ཡོད་པའི་ཕྲུ་གུ་ཚོས་དཔེ་དེབ་ལས་ཤེས་བྱ་རིག་གནས་ཤེས་ཐུབ་ཅེས་ཏིང་ལགས་ཀྱིས་དེ་ལྟར་གསུངས།

     སྤྱི་ལོ2013ལོ་ནས་བཟུང་། ཏིང་ལགས་ཀྱི་འབོད་སྐུལ་འོག་སྤེལ་བའི་དབྱི་ཏིང་དཔེ་དེབ་ཞལ་འདེབས་བྱེད་སྒོས་ཡུན་ནན་དང་། སི་ཁྲོན། བོད་ལྗོངས་སོགས་ཀྱི་སློབ་གྲྭ་འབྲིང་ཆུང56ལ་དཔེ་དེབ་ཁྲི10ལྷག་ཙམ་ཞལ་འདེབས་བརྒྱབ་ཡོད།

     ཏིང་ལགས་ཀྱི་གཅེས་སེམས་ཚོགས་པའི་ནང་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ལས་རིགས་མི་འདྲ་བའི་མི་སྟེ། སློབ་མ་དང་། དགེ་རྒན། སྨན་པ། རྒན་ཡོལ་ཞུས་པའི་ལས་བཟོ་པ་སོགས་ཡོད་ཅིང་། ཁོང་ཚོའི་ཁྲོད་ཀྱི་མི་མང་པོ་ནི་ཏིང་ལགས་ཀྱི་འཚིག་ཇ་ཁང་ནས་ཕན་ཚུན་ངོ་ཤེས་ཏེ། མཐར་བློ་སེམས་གཅིག་མཐུན་གྱི་གྲོགས་པོར་གྱུར་བ་ཞིག་ཡིན།

     ཏིང་ལགས་ཀྱི་གྲོགས་པོ་ནྰ་མུས་གསར་འགོད་པར། ཝུན་ཁྲོན་ས་ཡོམ་གྱིས་ཏིང་ལགས་ལ་སེམས་འགུལ་ཆེན་པོ་ཐེབས་པ་དང་། ཁོང་གི་འབོད་སྐུལ་འོག་མི་དེ་བས་མང་བ་ཞིག་ཁོང་གི་དཔེ་དེབ་ཞལ་འདེབས་འབུལ་བའི་བྱེད་སྒོའི་ནང་ཞུགས་ཡོད་ཅེས་བཤད།

     བབ་ཆགས་པའི་ཏིང་ལགས་ཀྱིས་ཕྲུ་གུ་རྣམས་མཐོང་མ་ཐག་དགའ་སྣང་ཆེས་ཆེར་འཕེལ་ཏེ། ཁོ་ཚོ་དང་བཀའ་མོལ་གསུང་སྐབས་ཞལ་ནས་དགའ་བའི་འཛུམ་མདངས་འཚེར།

     ཕྲུ་གུ་ཚོ། དེབ་ཚང་མ་དཔེ་མཛོད་ཁང་གི་སྒོ་འགྲམ་དུ་བཞག་ཡོད། ང་ཚོས་དེབ་དེ་དག་དཔེ་སྒྲོམ་ཐོག་འཇོག་ན་མ་རེད་དམ་ཞེས་གསུང་མ་ཐག། མཐོ་རིམ་སློབ་འབྲིང་གི་ལོ་རིམ་གཉིས་པའི་འཛིན་གྲྭ་དྲུག་པའི་སློབ་མ་རྣམས་ལྗིད་ཐེག་རླངས་འཁོར་གྱི་མདུན་དུ་ཡོང་ནས་དཔེ་དེབ་དེ་དག་དབོར་བས། ཡུད་ཙམ་ཞིག་ལ་ལྗིད་ཐེག་རླངས་འཁོར་ཐོག་གི་དཔེ་དེབ་ཚང་མ་དབོར་ཚར་སོང་།

ཐག་རིང་ནས་བོད་ལ་དཔེ་དེབ་ཞལ་འདེབས་འབུལ་མཁན་གྱི་སྐུ་ཞབས་ཏིང་ལགས།

ལྷ་སའི་མངའ་རིས་མཐོ་རིམ་སློབ་འབྲིང་གི་སློབ་མ་ཚོས་ཏིང་ཀྲི་ཡི་གཅེས་སེམས་ཚོགས་པས་ཕུལ་བའི་དཔེ་དེབ་དབོར་བཞིན་པ།

     སློབ་མ་ཚོའི་བྲེལ་འཚུབ་ཀྱི་གཟུགས་བརྙན་ལ་ལྟ་བཞིན་དུ་ཏིང་ལགས་ཀྱིས། དཔེ་དེབ་དབོར་བ་དང་། སྒྲིག་པ། ཀློག་པ་བཅས་ཕྲུ་གུ་ཚོ་ལས་ཀ་འདིའི་ནང་དངོས་སུ་ཞུགས་ཚེ། ད་གཟོད་དཔེ་དེབ་དང་གྲོགས་པོ་སྒྲིག་ཐུབ་ཅེས་གསུངས།

     ལྷ་སའི་མངའ་རིས་མཐོ་རིམ་སློབ་འབྲིང་ནི་ས་བབ་མཐོ་བའི་ས་ཁུལ་གྱིས་ཡུལ་གཞན་དུ་སློབ་གཉེར་བྱས་པའི་མཐོ་རིམ་སློབ་འབྲིང་ཞིག་ཡིན། མངའ་རིས་ས་ཁུལ་གྱི་གནམ་གཤིས་ཆ་རྐྱེན་ཞན་པ་དང་འགྲིམ་འགྲུལ་སྟབས་མི་བདེ་བའི་རྐྱེན་གྱིས། སྤྱི་ལོ2014ལོར་སློབ་གྲྭ་འདི་མངའ་རིས་ས་ཁུལ་ནས་ལྷ་སར་སྤོས་ཏེ་སློབ་གཉེར་བྱེད་འགོ་ཚུགས། དགེ་རྒན་ལི་ཁྲེན་ཀོང་གིས། དབྱི་ཏིང་དཔེ་དེབ་གཅེས་སེམས་ཚོགས་པས་ཞལ་འདེབས་ཕུལ་བའི་དཔེ་དེབ་ཚང་མ་ནི་འདེམས་སྒྲུག་ཞིབ་ཚགས་བྱས་པ་ཤ་སྟག་རེད་འདུག དཔེ་དེབ་དེ་དག་གིས་སློབ་གྲྭའི་དཔེ་མཛོད་ཁང་གི་དེབ་ཉར་ཁ་གྲངས་མང་དུ་བཏང་བ་མ་ཟད། སློབ་མའི་དཔེ་ཀློག་གི་དགོས་མཁོ་ཡང་བསྐངས་པས། ཁོང་ཚོས་སྒེར་སེམས་མེད་པར་ཞལ་འདེབས་ཕུལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས།

     མཐོ་རིམ་སློབ་འབྲིང་གི་ལོ་རིམ་གཉིས་པའི་འཛིན་གྲྭ་དྲུག་པའི་སློབ་མ་ལྷག་པ་བཀྲ་ཤིས་ཀྱིས་དགའ་ཚོར་ཆེན་པོའི་ངང་གསར་འགོད་པར། དཔེ་དེབ་དེ་དག་ཚང་མ་གསར་རྐྱང་ཡིན་པ་མ་ཟད། སྣ་ཁ་ཡང་འཛོམས་པོ་འདུག་པས། ཕྱིས་སུ་ང་རང་དེ་གར་ཡོང་ནས་དཔེ་ཀློག་ཡག་པོ་བྱ་རྒྱུ་ཡིན་ཞེས་བཤད།

     དུས་ཡུན་ཆུ་ཚོད་གསུམ་ཙམ་གྱི་རྗེས་སུ། དཔེ་དེབ4000ལྷག་ཙམ་དཔེ་སྒྲོམ་ཐོག་གྲལ་འགྲིག་པོས་བསྒྲིགས་པ་དང་། དཔེ་དེབ་ལྟ་སའི་སྒྲོག་རྩེ་གསར་རྐྱང24ཡང་སྒྲིག་སྦྱོར་བྱས་ཡོད། གཅེས་སེམས་ཚོགས་པའི་དང་བླངས་པ18ངལ་དུབ་དབང་གིས་དབུགས་ཧལ་བཞིན་ཡོད།

     སློབ་མ་རྣམས་དང་ཞལ་གྱེས་རྗེས། ཏིང་ལགས་དང་ཁོང་གི་རོགས་པ་ཚོ་མུ་མཐུད་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་དང་རྩྭ་མདའ་རྫོང་དུ་ཡོད་པའི་ཕྲུ་གུ་ཚོར་དཔེ་དེབ་སྐྱེལ་བར་ཕེབས།

 

 

 

  • ལེ་ཚན་སྔོན་མ།:པདྨ་ཚེ་བརྟན་ལ་ལྷོ་རྒྱུད་རྩོམ་རིག་གི་བྱ་དགའ་ཐོབ།
  • ལེ་ཚན་རྗེས་མ།:རང་རེའི་ཞིང་ཆེན་གྱིས་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཁུར་པོ་ཡང་དུ་བཏང་།
  • དོ་སྣང་ཆེ་བའི་རྩོམ།