ཁྲོན་པ་ཞིག་གི་གཏམ་རྒྱུད་ལས་སྡེ་རོང་ཉི་མ་ལུང་པའི་གྲོང་སྡེའི་འཐུང་ཆུ་དཀོན་པའི་ལོ་རྒྱུས་འཕོ་འགྱུར་མངོན།

དབྱངས་ཅན་གྱིས་བསྒྱུར།        2020-09-09

སྔོན་ཆད་ཁྲོན་པའི་ཁང་ཆུང་ལ་སྒོ་ལྕགས་བརྒྱབ་པའི་དུས་ཤར་མྱོང་།

མི་ཚེ་ཕྱེད་ཀར་ཆུའི་དོན་དུ་དཀའ་ལས་བརྒྱབ་མྱོང་པའི་བློ་བཟང་རྒྱ་མཚོར་དངོས་གནས་འཇིགས་སྣང་སྐྱེས་འདུག

གྲོང་སྡེའི་བཞི་མདོ་ལམ་ཁ་ནས་ལུང་པའི་ཕར་ངོགས་ཀྱི་ལ་སྐེད་ལ་ཏག་ཏག་མཐོང་ཐུབ་ཀྱི་ཡོད། གྲོང་སྡེ་དེའི་སྡོད་ཁང་དག་ཉམས་རྒུད་དུ་གྱུར་ཅིང་རི་རྒོད་ལ་རྩྭ་ལྡུམ་གྱིས་ཁེངས་ནས་ཡིད་ཕམ་འོས་པ་ཞིག་ཏུ་གྱུར་ཡོད་པའི་ས་ཆ་དེ་ནི་བློ་བཟང་རྒྱ་མཚོའི་ཕ་ཚ་བུ་རྒྱུད་འཚོ་བ་བྱས་མྱོང་པའི་བཅིངས་འགྲོལ་ཡུལ་ཤོག་གཡས་མགོ་གྲོང་སྡེ་ཡིན་པ་རེད།

2001ལོའི་སྔོན་དུ་གཡས་མགོ་གྲོང་སྡེར་བློ་བཟང་རྒྱ་མཚོ་ཚང་ལས་མི་ཚད་པ་གྲོང་སྡེ་ཡོངས་ཀྱི་དུད་ཚང9ཡི་མི་འབོར64དེ་ཚང་མ་ལ་ལུང་དུ་ཐར་ཐོར་ཆགས་ཡོད། བྱིས་དུས་ནས་མི་རྒན་གྱི་བར་ཁྲོན་པའི་ཁང་ཆུང་ལ་སྒོ་ལྕགས་བརྒྱབ་པའི་དུས་ནི་ཁོ་ཚོའི་ཐུན་མོང་གི་དྲན་ཤེས་ཤིག་ཏུ་གྱུར་ཡོད།

རི་མཐོ་གྲོག་རོང་དང་ཐན་སྐྱོན་ཆེ་ལ་ཆར་ཆུ་ཉུང་བའི་སྡེ་རོང་རྫོང་ལ་ལྷོ་ནུབ་ཕྱོགས་ཀྱི་ཐན་སྐྱོན་ཆེ་བའི་ལྟེ་གནས་ས་ཆ་ཞེས་པའི་མིང་ཐོགས་ཡོད། ལོ་རེར་ཆར་འབབ་ཚད་ཆེས་མང་ན་ཧའོ་སྨི340ཡོད་པ་དེ་རླངས་པར་འགྱུར་ཚད་ཧའོ་སྨི2400ལ་ཟིན་པ་རེད།

བློ་བཟང་རྒྱ་མཚོར་དྲན་ཤེས་ཡོད་པ་ནས་བཟུང་གཡས་མགོ་གྲོང་སྡེར་ཉིན་རྟག་པར་རུ་བསྒྲིགས་ཏེ་ཆུ་ལེན་པ་ནས་མགོ་བརྩམས་དགོས་པ་རེད།

གྲོང་སྡེའི་ཤར་ཕྱོགས་ཀྱི་གཤོང་སར་ལོ་བརྒྱ་ལོན་པའི་ཁྲོན་པ་ཁེར་རྐྱང་ཞིག་ཡོད་པ་དེ་ནི་དོན་དངོས་ཐོག་ཆུ་ཅུང་ཙམ་ལས་མེད་པའི་ཁྲོན་པ་ཁེར་རྐྱང་ཞིག་ཡིན། ཆུ་འབེལ་བའི་སྐབས་ཆར་ཆུ་ས་འོག་ཏུ་སིམ་ནས་ཁྲོན་པ་ཁེར་རྐྱང་དེར་ཆུས་གང་འགྲོ་བ་དང་། དགུན་དུས་གངས་ཆུའི་དྲིན་ལས་གྲོང་མིའི་འཚོ་བའི་སྤྱོད་ཆུ་ཐབས་ཆག་ཙམ་འདང་བ་རེད། ཡིན་ནའང་ཐན་པ་ཆེ་དུས་ཁྲོན་པའི་ནང་གི་ཆུ་ཅུང་ཙམ་ལས་མེད་སྟབས། གྲོང་མི་ཚོ་རྒྱང་ཐག་སྤྱི་ལེ་བཞི་ལྔ་ཙམ་ཡོད་པའི་རི་མགོ་ནས་མིས་ཁུར་རྟས་འགེལ་ནས་ཆུ་ལེན་སར་འགྲོ་དགོས་པ་རེད།

ཡིན་ནའང་མི་ཕྱུགས་ཚང་མར་ཁེར་རྐྱང་གི་ཁྲོན་པ་དེ་ལས་སྤྱད་རྒྱུ་མེད་སྟབས། དུད་ཚང9པོས་ནམ་རྒྱུན་ཆུའི་དོན་དུ་རྩོད་གླེང་ཐུག་དང་ཐུག་བཞིན་ཡོད།

1971ལོར་གུང་ཁྲན་ཏང་ཡོན་དང་ཁམས་ལྷོའི་ཁྲོན་བོད་ཡུལ་དམག་ཚོགས་པའི་དམག་ཁོངས་ནས་ཕྱིར་འཐེན་པའི་ཡུལ་དམག་གི་ལོ་རྒྱུས་ཡོད་པའི་ལང་ཚོ་དར་ལ་བབ་པའི་བློ་བཟང་རྒྱ་མཚོ་ནི་གྲོང་མི་ཚོས་གྲོང་སྡེའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅིར་འདེམས་བསྐོས་བྱས།

སྐབས་དེར་ཁྲོན་པ་དེ་གཏིང་ཟབ་མོར་བརྐོས་ཀྱང་ཆུ་མང་དུ་ཐོན་མི་ནུས་པ་རེད། བློ་བཟང་རྒྱ་མཚོས་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་རྗེས་བློ་གཅིག་སེམས་གཅིག་གིས་གཡས་མགོ་གྲོང་སྡེའི་ཆུའི་དཀའ་ངལ་གྱི་ལས་དབང་འཕོ་འགྱུར་གཏོང་ཐབས་བཙལ་ནས། གྲོང་སྡེའི་ལས་བྱེད་པ་ཁྲིད་ནས་ག་ས་གར་ཆུའི་ཐོན་ཁུངས་འཚོལ་བ་དང་ཆུ་གསོག་ཤིང་གཞོང་བརྐོས་པར་མ་ཟད། ད་དུང་དུས་ཡུན་ཉིན4རིང་གྲོང་མི་སྒྲིག་འཛུགས་བྱས་ནས་ཁྲོན་པ་དེར་རྡོ་རྩིག་ཁང་ཆུང་ཞིག་བསྐྲུན་ཏེ་བཟོ་སྤུས་དག་པའི་དངུལ་གྱི་སྒོ་ལྕགས་ཞིག་བརྒྱབ་པ་རེད།

ཁྲོན་པ་ཁེར་རྐྱང་དེའི་སྒོ་བརྒྱབ་རྗེས་ལྡེ་མིག་ནི་བློ་བཟང་རྒྱ་མཚོའི་ལག་ན་བཞག་ན་གྲོང་མི་ཡོངས་ཀྱི་ད་གཟོད་བློར་བབ་པ་རེད། ཉིན་རེ་བཞིན་གྱི་ཞོགས་པའི་ཆུ་ཚོད6པར་བློ་བཟང་རྒྱ་མཚོ་གནམ་གཤིས་བཟང་ངན་གང་ལྟར་རུང་དུས་ཐོག་ཏུ་ཁྲོན་པའི་སྒོ་ཁར་སླེབས་ནས་སྒོ་ཕྱེ་བ་དང་། དུད་ཚང་རེས་དུས་བཅད་ལྟར་ཉིན་རེར་མི་གཅིག་མངགས་ནས་ཆུ་རྒྱ་མ40རེ་ལེན་ཆོག་པ་རེད།

ཆུ་སྒོ་བརྒྱབ་པ་ནི་སེར་སྣ་ཆེ་བས་མ་ཡིན། དེ་ནི་དུས་དེར་འཐུང་ཆུ་རག་དཀའ་བ་དང་རག་སླ་མོ་ཞིག་མིན་སྟབས་ཆུ་དེར་ཧ་ཅང་རྩ་ཆེན་བྱེད་བཞིན་པས་རེད། བློ་བཟང་རྒྱ་མཚོས་རྒན་རབས་ཚོས་སྔོན་ཆད་མི་ཚེ་གཅིག་ལ་ཧ་ལམ་ལུས་པོ་འཁྲུད་མ་མྱོང་པ་རེད། ཆུ་སྤྱོད་ཚད་ཆེས་མང་བ་ནི་བག་སྟོན་མ་བྱེད་སྔོན་གྱི་དགོང་མོ་དེ་ཡིན་ཞེས་གསལ་བཤད་བྱས།

དུས་རབས་ཕྱེད་ཀའི་རིང་རྒྱུན་འཁྱོངས་ལྷོད་མེད་བྱས་པ་དང་། སྐབས་རིམ་བྱུང་གི་སྡེ་རོང་གི་ཏང་ཨུ་དང་སྲིད་གཞུང་གིས་འཆར་གཞི་འབྲེལ་མཐུད་བཞག་སྟེ་དཀའ་གནད་བསྒྲལ་ནས། མཐར1984ལོར་དུས་དེའི་འགན་ཁུར་མཁན་སྡེ་རོང་རྫོང་ཨུའི་ཧྲུའུ་ཅི་ཡིས་གཡས་མགོ་གྲོང་སྡེའི་འཐུང་ཆུའི་ཨར་ལས་འཛུགས་སྐྲུན་བྱེད་པར་མ་དངུལ་སྒོར་ཁྲི20རག་ཐབས་བྱས་ནས། རི་མཐོའི་ནགས་ཚལ་སྟུག་པོའི་ཁྲོད་ནས་ཆུའི་ཐོན་ཁུངས་བཙལ་ཏེ་རིང་ཚད་སྤྱི་ལེ3ཅན་གྱི་ཆུ་འདྲེན་ལྕགས་མདོང་ཞིག་གཡག་མགོ་གྲོང་སྡེའི་གསར་དུ་བསྐྲུན་པའི་ཆུ་གསོག་རྫིང་བུའི་བར་འཐེན་ཁྲིད་བྱས་པས། ནོར་ཕྱུགས་ཀྱི་འཐུང་ཆུ་དང་ལོ་ཏོག་གི་འདྲེན་ཆུ་འདང་ངེས་མཁོ་སྤྲོད་བྱེད་ཐུབ་པ་བྱུང་བ་རེད།

ཁྲོན་པ་ཁེར་རྐྱང་དེས་སྔར་བཞིན་རང་ཉིད་ཀྱི་འགན་འཁྲི་བསྒྲུབས་ནས་གཡས་མགོ་ཡུལ་མིའི་འཚོ་བར་བདེན་དཔང་བྱེད་བཞིན་ཡོད།

དེང་སང་མི་ཕྱུགས་ཞིང་གསུམ་ལ་ཆུ་མི་འདང་བའི་སེམས་ཁྲལ་མེད།

བརྟག་ཞིབ་ཟབ་མོ་དང་། མཐོང་རྒྱ་ཆེར་སྐྱེད། ཡང་ཡང་གསེད་བཀྲོལ། ཡུལ་བབ་དང་བསྟུན་པ་སོགས་ཀྱི་བསམ་ཚུལ་དེ་བློ་བཟང་རྒྱ་མཚོའི་བསམ་ཡུལ་དུ་ནམ་ཡང་འཆར་བཞིན་ཡོད་ལ་དེ་ནི་སྡེ་རོང་རྫོང་གི་མགོ་ཁྲིད་གཙོ་བོའི་བསམ་ཚུལ་དང་མ་བགྲོས་གཅིག་མཐུན་བྱུང་བ་རེད། དེར་བརྟེན། ཡུལ་དེས་དུས་རབས་གོང་མའི་ལོ་རབས90པའི་དུས་དཀྱིལ་དུ་གྲོང་པ་ཧྲིལ་པོའི་གནས་ཡུལ་སྤོ་དགོས་པའི་བསམ་ཚུལ་གསར་གཏོད་རང་བཞིན་ལྡན་པ་བཏོན་ནས། རྫོང་ཡོངས་ཀྱི་ཆེས་ཆུ་མི་འདང་བ་དང་ཆེས་དཀའ་ངལ་ཆེ་བའི་གཡས་མགོ་གྲོང་སྡེ་ནས་གཞི་བཟུང་སྟེ་ཉེ་འཁོར་དུ་ཡོད་པའི་རང་བྱུང་གྲོང་སྡེ4ཡི་དུད་ཚང41ཚང་མ་གཅིག་རྗེས་གཉིས་མཐུད་དེ་རི་འདབས་ཀྱི་སྐྱེ་ཁམས་གནས་སྤོའི་གཅིག་བསྡུས་བཀོད་སྒྲིག་བྱ་ཡུལ་དུ་གནས་སྤོ་བྱས་ཏེ་དེང་གི་རྐེད་ཤོད་ཡུལ་ཤོག་ཐང་དཀར་ཐང་སྲིད་འཛིན་གྲོང་སྡེ་ཡོད་ས་དེ་རེད།

ཚེ་གཅིག་ལ་ཆུའི་དོན་དུ་སེམས་སྡུག་བྱེད་བཞིན་པའི་བློ་བཟང་རྒྱ་མཚོས་གྲོང་སྡེ་ཧྲིལ་པོ་གནས་སྤོ་བྱེད་པའི་གཏམ་གསར་དེ་ཐོས་སྐབས། མིག་ཆུ་དབང་མེད་དུ་ཤོར་ཞོར་གསར་འགོད་པར་རྫོང་ཨུ་དང་རྫོང་སྲིད་གཞུང་། འབྲེལ་ཡོད་སྡེ་ཁག་ཚང་མས་ཇུས་འགོད་ཞིབ་ཕྲ་བྱས་ཏེ་མགྱོགས་མྱུར་ངང་ལས་ཀ་སྒྲུབ་མགོ་བཙུགས་པ་རེད། སྐབས་དེར་ཧ་ཅང་ཡུན་རིང་དང་ཞིབ་ཚགས་ཀྱིས་བསམ་བློ་བཏང་ཡོད། རི་འདབ་ཀྱི་ཤྭ་ལམ་ལྗོངས་ཁུལ་དང་ཉེ་བའི་སར་གནས་སྤོ་ཡུལ་མིའི་གྲོང་གསར་འཛུགས་རྒྱུའི་འཆར་འགོད་བྱས་ཐོག ད་དུང་འདེབས་འཛུགས་དང་གསོ་སྤེལ། ཡུལ་སྐོར་བཅས་གཞི་གཅིག་ཏུ་འབྲེལ་བའི་དབུལ་སྐྱོར་གནས་སྤོའི་འཆར་འགོད་གཏན་འབེབས་བྱས་ཏེ་གནས་སྤོ་ཡུལ་མི་དབུལ་ཐར་ཕྱུག་འགྱུར་ཡོང་བ་བྱས་ཡོད་ཅེས་བཤད།

ཁང་བརྩེགས་དང་པོ་རྒྱལ་ཁབ་ཀྱིས་བསྐྲུན་པ་དང་གཉིས་པར་སྲིད་གཞུང་གིས་གསབ་དངུལ་སྤྲད་པ། གལ་སྲིད་ད་དུང་དངུལ་མ་འདང་ན་ཡིད་རྟོན་དངུལ་ཁང་གིས་སྐྱེས་མེད་དངུལ་བུན་གཏོང་རོགས་བྱས་པ་རེད། བློ་བཟང་རྒྱ་མཚོ་ཕ་མེས་ཡང་མེས་ལྟར་རི་མགོར་འཚོ་གནས་བྱས་ཏེ་སྡུག་ཁུར་མི་འདོད་པས། ཁོས་རང་ཉིད་ཀྱི་བསགས་དངུལ་ཡོད་ཚད་བླངས་ཤིང་གསབ་དངུལ་ཁྲི2རག་ཐོག་ད་དུང་དངུལ་ཁང་ནས་དངུལ་བུན་སྒོར་ཁྲི3གཡར་བ་རེད།

1996ལོར་ཡུལ་མི་གནས་སྤོ་བྱེད་མགོ་བཙུགས་ནས་གྲོང་སྡེ་གསར་པ་སྐྲུན་མགོ་བཙུགས། ལོ་གཉིས་འགོར་རྗེས་གཅིག་གྱུར་གྱིས་འཆར་འགོད་དང་ཨར་ལས་ལག་བསྟར་བྱས་པའི་ཁང་བརྩེགས་གཉིས་ཅན་གྱི་བོད་ཁང་ཆུང་ཆུང་དེ་རི་འདབས་སུ་བསྐྲུན་ཐུབ་པ་བྱུང་། 2001ལོར་རྫོང་ཡོངས་ཀྱི་ཚན་པ་དང་པོའི་ཡུལ་གཞན་དུ་གཅིག་བསྡུས་བཀོད་སྒྲིག་བྱེད་པའི་ཡུལ་མི་གནས་སྤོའི་ལས་ཀ་ལེགས་འགྲུབ་བྱུང་ནས། བློ་བཟང་རྒྱ་མཚོ་ཚང་དང་གཡས་མགོ་གྲོང་སྡེའི་གཞན་པའི་དུད་ཚང8མཉམ་དུ་རི་མགོ་ནས་ཡུལ་འདིར་སྤོས་པ་རེད།

རི་འདབས་ལ་གནས་སྤོ་བྱས་པའི་དཔྱིད་ཁའི་དུས་དེར་བློ་བཟང་རྒྱ་མཚོ་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡི་ལས་གནས་ནས་ཕྱིར་འཐེན་རྗེས། གཡས་མགོ་གྲོང་སྡེའི་ལོ་ན་གཞོན་པའི་བློ་བཟང་ཚེ་རིང་གིས་ལས་གནས་དེའི་འགན་ཁུར་ཡོད། སྐབས་དེར་ཁོ་རང་ལོ་ན་སུམ་ཅུར་བརྒལ་ནས་ཐང་དཀང་ཐང་གྲོང་སྡེའི་ཀྲུའུ་རེན་གསར་པའི་འགན་བཞེས་པ་རེད།

གྲོང་སྡེ་གསར་པར་སྡོད་པའི་སྔོན་གྱི་ལོ་འགའ་ལ་གསར་དུ་འཛུགས་པའི་ཆུ་འདྲེན་དང་ཆུ་གྲོན་ཆུང་བའི་ཨར་ལས་སྐོར་གནས་ཚུལ་འགའ་བྱུང་འདུག ཐོག་མར་ཤྭ་ལམ་ལྗོངས་ཁུལ་ནས་ཐང་དཀར་ཐང་གྲོང་སྡེའི་བར་ཨར་འདམ་ཆུ་ཡུར་ཐོག་ཁེབས་མེད་པ་བསྐྲུན་ཞིང་། ལམ་བར་དུ་ཤྭ་ལམ་གྲོང་སྡེར་བརྒྱུད་དགོས་པས་ལམ་བར་སླས་ར་དང་ཕག་ཁང་། ཞིང་པའི་དུད་ཚང་སོགས་ཀྱིས་ཆུ་སྤུས་ལ་ཚད་ངེས་ཅན་གྱི་གནོད་པ་ཐེབས་པ་རེད། བློ་བཟང་ཚེ་རིང་གིས་ཆུ་འདྲེན་ལམ་དུ་སྦགས་བཙོག་ཐེབས་པའི་གནས་ཚུལ་འཕོ་འགྱུར་གཏོང་ཆེད། 2005ལོར་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་ཏང་ཨུ་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་ཧུར་ཐག་འོག ཆུའི་འབྱུང་ཁུངས་ནས་གྲོང་སྡེ་གསར་པའི་བར་ཕུག་ལམ3བརྐོས་ནས་ལམ་བར་དུ་སྤྱི་ལེ15ཅན་གྱི་ས་འོག་ཆུ་སྦུག་འདྲེན་པ་དང་ཆབས་ཅིག ད་དུང་གྲོང་སྡེར་ཆུ་གསོག་རྫོང་བུ3བསྐྲུན་ནས་མི་ཕྱུགས་འཐུང་ཆུ་ཉེན་མེད་ཡོང་བ་དང་ཞིང་ཆུ་འདྲེན་བྱེད་ཀྱང་འདང་ངེས་གྱུར་པ་རེད།

ཡིན་ནའང་བློ་བཟང་ཚེ་རིང་གིས་ཆུ་ནི་སྔར་བཞིན་ཞིང་འབྲོག་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་འབྱུང་རྩ་ཡིན་པ་དང་། དམངས་འཚོའི་ཆེས་གནད་འགག་ཆེ་བའི་དོན་ཆེན་ནང་གི་གཅིག་དེ་ཡིན་པས2007ལོ་ནས་བཟུང་གྲོང་སྡེ་ཡོངས་ཀྱིས་ཆུ་སྐོར་བྱ་དགོས་པའི་ལམ་ལུགས་གྲོས་གཞི་བཏོན་ཞིང་མི་ཚང་མའི་བློ་ལ་ཡང་བབ་ནས་རམ་འདེགས་ཤུགས་ཆེན་བྱས་པ་རེད།

དང་པོར་གྲོང་སྡེའི་ཀྲི་པུའུ་ཧྲུའུ་ཅི་དང་ཀྲུའུ་རེན་གྱིས་སྣེ་ཁྲིད་བྱས་ནས་ཟླ་བ་རེར་ཆུར་སྐོར་ར་ཉིན5རེ་བརྒྱག་དགོས། གྲོང་སྡེའི་ལས་བྱེད་པ་དང་། ཏང་ཡོན། གྲོང་མི་བཅས་ཀྱིས་གོ་རིམ་ལྟར་ཆུ་ལ་ལྟ་སྐོར་བྱེད་ཉིན་ཉུང་དུ་བཏང་ནས་ལོ་རེའི་ཉིན365ལ་ཆུའི་ཐོན་ཁུངས་ཀྱི་གནས་ཚུལ་ལ་ནམ་ཡང་ལྟ་མཁན་ཡོད་པར་ཁག་ཐེག་བྱས་ཤིང་ཆ་འཕྲིན་དུས་ཐོག་ཏུ་ཕྱིར་འདྲེན་བྱ་དགོས། ལམ་ལུགས་གསར་པ་དོན་འཁྱོལ་བྱེད་རིང་དུ་གྲོང་སྡེའི་ཐུན་མོང་དཔལ་འབྱོར་ནས་ཆུ་ལྟ་སྐོར་བྱེད་ཡས་ཀྱི་གྲོན་དངུལ་སྤྱད་པ་རེད། དང་པོར་ལོ་གཅིག་ལ་སྣུམ་རིན་སྒོར2000རེ་དགོས། དེ་ནས་ད་ལྟའི་ལོ་གཅིག་ལ་སྒོར9000བར་འཕར་ཡོད། དེའི་ནང་ཆེད་བསྐོས་མི་སྣ་མངགས་ནས་དུས་བཅད་ལྟར་ཆུ་ལྟ་སྐོར་བྱེད་ཡས་ཀྱི་གླ་ཕོགས་ཚུད་ཡོད།

རྐེད་ཤོད་ཡུལ་ཤོག་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཡུལ་དཔོན་བྱམས་པ་བློ་བཟང་གིས་ད་ལྟར་ཆུ་སྦུག་ཁྱིམ་དུ་ཁྲིད་ཡོད་པ་དང་། གཟུགས་པོ་འཁྲུད་ཁང་ཁྱིམ་དུ་བཙུགས་པ། ཆབ་ཁང་སོགས་ཅི་དགོས་ན་དེར་ཡོད། 2018ལོར་གྲོང་སྡེ་ཡོངས་རྫོགས་དབུལ་ཕོངས་ཀྱི་གྲས་ནས་ཕྱིར་འཐེན་ཏེ་མི་གྲངས213ཚང་མའི་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ཐུབ་པ་དང་ལོ་རེར་མི་རེར་ཡོང་འབབ་སྒོར8000ཙམ་ཡོད་ཅེས་བཤད་པ་རེད།

དེང་སང་ཐང་དཀར་ཐང་གི་དུད་ཚང་སོ་སོའི་མི་ཚོས་རང་ཉིད་ཀྱི་འདེབས་མཁས་པའི་ཁྱད་ལྡན་འདེབས་འཛུགས་དང་གསོ་སྤེལ་ལས་རིགས་འཕེལ་རྒྱས་གཏོང་ཚུལ་བགྲང་བཞིན་འདུག ཆོས་འཕེལ་ཚང་གིས་སྦྲང་འབུ་གསོ་རྒྱུ་དང་། ཉི་མ་ཚང་གིས་སུར་པན་འདེབས་འཛུགས་བྱ་རྒྱུ། ཟླ་གཡང་ཚང་གིས་ཤིང་ཏོག་སྣ་ཚོགས་འཛུགས་རྒྱུ། ལྷ་མཚོ་ཚང་ཕྱི་ཕྱོགས་སུ་གླ་བརྒྱག་སར་འགྲོ་རྒྱུ་སོགས་བྱེད་བཞིན་པ་རེད།།    

  (དབྱངས་ཅན་གྱིས་བསྒྱུར་ཞུས་བྱས།)


  • ལེ་ཚན་སྔོན་མ།:ལིའུ་ཁྲེང་མིང་གིས་ཞིང་ཆེན་བཅོས་བསྒྱུར་འཕེལ་རྒྱས་ཨུ་ལྷན་དུ་འབྲེལ་ཡོད་ལས་དོན་འབྲེལ་མཐུད་གནང་།
  • ལེ་ཚན་རྗེས་མ།: དགེ་བའི་བཤེས་གཉེན།
  • དོ་སྣང་ཆེ་བའི་རྩོམ།