བཀྲ་ཤིས་ཚེ་རིང་ལ་ཁྲོན་བོད་གཞུང་ལམ་གྱི་འཕེལ་འགྱུར་ཉམས་སུ་མྱོང་བའི་བསམ་དོན་གྲུབ།

དབྱངས་ཅན་གྱིས་འཚོལ་བསྡུས་བྱས་ནས་བསྒྱུར།        2020-08-14

བཀྲ་ཤིས་ཚེ་རིང་ལ་ཁྲོན་བོད་གཞུང་ལམ་གྱི་འཕེལ་འགྱུར་ཉམས་སུ་མྱོང་བའི་བསམ་དོན་གྲུབ།

གཡག་མདོ་མྱུར་ལམ་གྱི་ལྕགས་ཟམ་ཁའི་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན།


  ང་ཚོའི་མི་རབས་འདིའི་ཁམས་པ་བ་དང་ལེ་དབར་སྟོང་གི་ཁྲོན་བོད་གཞུང་ལམ་བར་མ་སྡོམ་མདུད་པ་ལྟ་བུའི་ལས་འབྲས་དང་བཤད་མི་ཚར་བའི་གཏམ་རྒྱུད་ཡོད་ལེ་རེད། ང་རང་ལོ་ངོ70ལྷག་གི་རིང་གཞུང་ལམ་འདིའི་ཐོག་འགྲོ་འོང་བྱས་ཏེ་དངོས་སུ་དེའི་འགྱུར་ལྡོག་ཆེན་པོར་མྱོང་ཚོར་དང་བདེན་དཔང་བྱེད་ཐུབ་པ་རེད།

  2019ལོའི་སྐྱ་ཆད་སྔོ་ལ་ཐུག་པའི་སྐབས་སུ་ང་རང་ཡང་བསྐྱར་ཁྲོན་བོད་གཞུང་ལམ་དུ་བརྒྱུད་པ་ཡིན། དེ་ནི་ངས་མངའ་རྒྱུས་ཡོད་པའི་ཁྲོན་བོད་གཞུང་ལམ་རྙིང་པ་འདི་གཏན་ནས་མ་ཡིན་པ་ཁྲོན་བོད་མྱུར་ལམ་གསར་པ་ཞིག་ཏུ་གྱུར་ཟིན་པ་རེད། ང་གྲོགས་པོའི་རླངས་འཁོར་དུ་བསྡད་དེ་ཁྲེང་ཏུའུ་ནས་གཡག་རྔ་དང་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་བརྒྱུད་པའི་སྐབས་སུ། འདི་ནི་ང་རང་གཡག་རྔ་ནས་དར་མདོ་བར་གྱི་མྱུར་ལམ་དུ་ཐེངས་དང་པོར་བསྐྱོད་ནས་སེམས་པ་རབ་ཏུ་སྤྲོ། རླངས་འཁོར་ཆུང་ཆུང་དེ་བརྟན་ཞིང་མྱུར་བའི་སྒོས་ང་རང་ལོ་བཅུ་ཕྲག་འགར་འཚོ་བ་སྐྱེལ་མྱོང་ས་དང་ལས་དོན་སྒྲུབ་མྱོང་སའི་དར་མདོ་ཕྱོགས་སུ་བསྐྱོད་ནས་ང་རང་ཡང་བསྐྱར་ལོ་བཅུ་ཕྲག་འགའ་ཡི་སྔོན་དུ་སླེབས་ཟིན་པ་དང་ཀུན་ནས་མཚུངས་པ་རེད།

1950ལོར་དཀར་མཛེས་ཁུལ་བཅིངས་འགྲོལ་ཐོབ་པ་རེད། དམག་དཔུང་བཅོ་བརྒྱད་པས་མའོ་ཀྲུའུ་ཞིའི་ཕྱོགས་གཅིག་ནས་དཔུང་སྐྱོད་བྱེད་པ་དང་།ཕྱོགས་གཅིག་ནས་གཞུང་ལམ་བསྐྲུན་རྒྱུའི་བཀའ་སློབ་ལྟར་ཁྲོན་བོད་གཞུང་ལམ་ལས་མགོ་བཙུགས་པ་རེད། སྐབས་དེར་དྲུང་སར་སྤྲུལ་སྐུའི་གླེང་གར་དམག་དཔུང་བཅོ་བརྒྱད་པའི་རྒྱབ་ཕྱོགས་དམག་སྤྱི་ཁང་བྱས་ཤིང་། བཅིངས་འགྲོལ་དཔུང་ཆེན་དང་ཡུལ་མི་ལས་བཟོ་པས་ཚ་ཚ་འུར་འུང་ངང་ལམ་བཟོ་བའི་ཨར་ལས་བྱེད་མགོ་བཙུགས་པ་རེད། ང་ལ་དྲན་ཚོར་ཆེས་ཟབ་པ་ནི་དམག་དཔུང་བཅོ་བརྒྱད་པའི་ཨར་ལས་བཟོ་མཁན་དམག་མིས་དཀར་མཛེས་རྫོང་ཁོངས་ཀྱི་ཉག་ཆུའི་ཟམ་ཆེན་བསྐྲུན་པའི་བརྗིད་ཆགས་ཀྱི་རྣམ་པ་དངོས་སུ་མཐོང་མྱོང་བ་དང་། ཐེངས་དང་པོར་མགོ་ལ་རྨོག་ཞྭ་རིལ་རིལ་དང་ལུས་ལ་འགྱིག་གོས་གྱོན་ཡོད་པའི་མི་གཉིས་ཆུ་བོའི་གཏིང་དུ་འཛུལ་བའི་ཡ་མཚན་པའི་རྣམ་པ་མཐོང་མྱོང་། འཚར་ལོངས་བྱུང་རྗེས་ང་རང་གིས་མི་དེ་གཉིས་ཆུར་འཛུལ་མཁན་ཡིན་པ་ད་གཟོད་ནས་ཤེས་པ་ཡིན། ཁོ་ཚོས་ཉག་ཆུའི་ཟམ་ཆེན་གྱི་ཟམ་གདན་འཛུགས་ཡུལ་གཏན་འཁེལ་བྱེད་ཐུབ་པའི་ཆེད་དུ་ཆུ་ནང་འཛུལ་ནས་ས་གཤིས་ཀྱི་གནས་ཚུལ་འཚོལ་ཞིབ་ཐིག་ལེན་བྱེད་ས་ཕྱིན་པའི་གནས་ལུགས་གཞི་ནས་རྒྱུས་མངའ་ལོན་པ་ཡིན།

གཞུང་ལམ་དཀར་མཛེས་རྫོང་གི་བར་དུ་བསྐྲུན་རྗེས་རླངས་འཁོར་བཅུ་ཕྲག་ཁ་ཤས་ལ་ཁོག་ལ་བརྒལ་ཞིང་སྲིབ་ངོ་ཐང་བརྒྱུད་ནས་རྫོང་གི་གྲོང་ཁུལ་གྱི་བཅིངས་འགྲོལ་ཟམ་ཁར་སླེབས་དུས། གྲོང་མི་ཚོ་ཕར་རྒྱུག་ཚུར་རྒྱུག་བྱས་ཏེ་ཕན་ཚུན་བརྡ་རྒྱག་རེས་བྱེད་པར་བྲེལ། ང་ཡང་མི་ཚོ་དང་མཉམ་དུ་ལྟད་མོ་ལྟ་སར་སོང་བ་ཡིན། དེ་ནི་ཅ་ལག་མང་པོ་འདི་འདྲ་ཤོང་བའི་ལྕགས་ལས་གྲུབ་པའི་དངོས་པོ་ཆེན་པོ་འདི་ཐེངས་དང་པོར་ངའི་མིག་ལམ་དུ་མཐོང་བར་མ་ཟད། གཞུང་ལམ་དུ་རྒྱུག་ཐུབ་པར་ཧ་ལས་ནས་སྐད་ཆ་ཡང་བཤད་ཚོད་མེད་པར་གྱུར། ཨ་ཁུ་བཅིངས་འགྲོལ་དམག་མི་ཞིག་གིས་དགོད་འཛུམ་འཛུམ་ངང་ངའི་མགོ་བོར་རེག་ནས་ཕོ་སར་རྗེས་མར་ཁྱོད་རང་འཚར་ལོངས་བྱུང་རྗེས་རླངས་འཁོར་གཏོང་རྩལ་སློབ་སྦྱོང་གྱིས་ཨ་ཞེས་བཤད་བྱུང་། ང་རང་གིས་ཨ་ཁུ་དམག་མི་དེར་གླེང་དགོད་ཞིག་བྱས་ནས་བསྡད་པ་ཡིན། ཨ་མས་ང་རང་ལ་ཁྱིམ་དུ་ཕྱིར་ལོག་དགོས་པའི་འབོད་སྐད་བྱས་ཀྱང་བྲལ་འདོད་མེད་པར་གྱུར། སྐབས་དེར་ང་རང་ལོ་ན་དྲུག་ལ་སོན་པ་རེད།

དགོང་མོར་ང་རང་རླངས་འཁོར་དུ་བསྡད་དེ་དར་མདོར་སླེབས་པའི་རྨི་ལམ་ཞིག་རྨིས་བྱུང་།

1957ལོའི་སྤྱི་ཟླ8པར་ང་དཀར་མཛེས་རྫོང་གི་གྲོང་ཁུལ་སློང་ཆུང་ནས་སློབ་མཐར་ཕྱིན་ཏེ་ཁུལ་ཡོངས་ཀྱི་སློབ་འབྲིང་ཁོ་ན་སྟེ་དར་མདོ་སློབ་འབྲིང་དུ་ཡིག་རྒྱུགས་འཕྲོད་ནས་ང་ངེས་པར་དུ་དར་མདོར་སློབ་སྦྱོང་བྱེད་སར་འགྲོ་དགོས་པ་རེད། སྐབས་དེར་ཁྱིམ་ཚང་ལ་དཀའ་ངལ་ཆེ་བས་རླངས་འཁོར་གྱི་འཛིང་ཡིག་ཉོ་བྱེད་མེད་སྟབས། ཨ་མྱེས་ངོ་ཤེས་བཙལ་ནས་དར་མདོར་ཕྱིན་པའི་སྦྲགས་སྲིད་རླངས་འཁོར་ཞིག་འཚོལ་རོགས་བྱས་པ་ནི་ང་རང་ཐེངས་དང་པོར་རླངས་འཁོར་དུ་བསྡད་དེ་ཁྲོན་བོད་གཞུང་ལམ་དུ་བརྒྱུད་ནས་དར་མདོར་སློབ་སྦྱོང་བྱེད་སར་འགྲོ་བའི་བསམ་དོན་གྲུབ་པ་རེད།

1954ལོའི་སྤྱི་ཟླ12པའི་ཚེས25ཉིན། ཁྲོན་བོད་དང་མཚོ་བོད་གཞུང་ལམ་ལེགས་འགྲུབ་ངང་ཤར་གཏོང་ཐུབ་པར་བརྟེན། དེ་ནས་བཟུང་བོད་ཁུལ་དུ་དེང་རབས་ཀྱི་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་སྒྲིལ་བ་རེད། མི་འགའ་རེས་མཁའ་དབྱིངས་ནས་བལྟས་པའི་སྐབས་སུ་རིང་ཚད་བསྡོམས་འབོར་སྤྱི་ལེ2000ཡོད་པའི་ཁྲོད་བོད་གཞུང་ལམ་དེ་ལྷ་དར་དཀར་པོ་ཞིག་བཤམས་པའི་རིགས་སུ་མཐུན་ཞེས་བསྔགས་བརྗོད་བྱས་པ་རེད།

1960ལོའི་སྤྱི་ཟླ8པར་ང་དར་སློབ་འབྲིང་ནས་སློབ་མཐར་ཕྱིན་ཏེ་པེ་ཅིན་ཀྲུང་དབྱང་མི་རིགས་སློབ་གླིང་དུ་འོས་སྐྱེལ་བྱས་བྱུང་། ང་ཚོ་ལྷན་གྲོགས་མི་གསུམ་དང་བཅས་འགྲུལ་སྐྱེལ་རླངས་འཁོར་དུ་བསྡད་དེ་དར་མདོ་ནས་འུ་ལག་རི་བོར་བརྒལ་ནས་ཞིང་ཆེན་ལྟེ་གནས་ཁྲེང་ཏུའུ་ལ་སླེབས་པ་ནི་ང་རང་ཁྲོན་བོད་གཞུང་ལམ་བརྒྱུད་ནས་རྒྱང་ཐག་ཆེས་རིང་བའི་མེས་རྒྱལ་གྱི་རྒྱལ་ས་པེ་ཅིན་དུ་ཐེངས་པོར་སླེབས་པ་ཡིན།

མདུན་ཕྱོགས་ཀྱི་ལམ་རྡིབ་ནས་ང་ཚོ་ཐེངས་དང་པོར་འུ་ལག་རི་བོ་བརྒལ་བའི་སྤྲོ་སེམས་མེད་པ་རེད། ནམ་ཞིག་རླངས་འཁོར་ཤར་གཏོང་ཐུབ་པར་མི་ཚོས་བཤད་མི་ཤེས་པས་ང་ཚོ་རླངས་འཁོར་དུ་བསྡད་དེ་སྒུག་ན་མ་གཏོགས་ཐབས་གཞན་མེད་ཅིང་། མཚན་མོར་ཆར་པ་བབས་ཏེ་གནམ་གཤིས་ཀྱི་དྲོད་ཚད་དམའ་རུ་ཕྱིན་ཏེ་མི་ཚོའི་སེམས་པ་རབ་ཏུ་འཚུབ། མཐར་དགོང་མོའི་ཆུ་ཚོད12ལྷག་ལ་ང་ཚོ་འགག་སྨད་རྫོང་ལ་སླེབས་ནས་འགག་སྨད་རྒྱལ་གཉེར་འགྲུལ་ཁང་དུ་བསྡད་པ་ཡིན། ཕྱི་ཉིན་མེ་ཙི་ལ་བརྒལ་རྗེས་རླངས་འཁོར་ཆར་རྗེས་ཀྱི་འདམ་རྫབ་ལམ་ནས་དལ་མོའི་ངང་མདུན་དུ་བསྐྱོད་དེ་ཉིན་གསུམ་རྗེས་ཀྱི་ས་སྲོད་ཁར་ད་གཟོད་གཡག་རྔར་སླེབས་པ་རེད།

1987ལོའི་དགུན་ཁར་སྡེ་དགེ་རྫོང་པར་ཁང་གི་གནད་དོན་ཐག་གཅོད་བྱེད་ཆེད་ང་ཚོ་སྡེ་དགེར་མངགས་ཤིང་། གཤོག་ལྡན་བྱ་ཡང་ཐར་དཀའ་བའི་ཁྲོ་ལ་ནས་བརྒལ་སྐབས་ཏག་ཏག་ཁ་བ་ཆེན་པོ་ཞིག་འབབ་ནས་རི་མགོ་ནས་ཐུར་དུ་བབས་དུས་པེ་ཅིན་རྟགས་ཅན་གྱི་རླངས་འཁོར་ཆུང་ཆུང་དེ་གློ་བུར་དུ་འདྲེད་ནས་རི་འདབ་ལ་མཆོང་བས་ང་རང་འཇིགས་ཤིང་སྐྲག་ནས་ལུས་ཀྱི་བ་སྤུ་ཡང་ལངས་པའི་གནས་སུ་ལྷུང་།

ལས་དོན་གྱི་ཆེད་དུ་ལོ་རེར་འུ་ལག་རི་བོར་ཐེངས་མང་བརྒལ་ནས་དར་མདོར་འགྲོ་འོང་བྱེད་དགོས་ཀྱི་ཡོད། གལ་སྲིད་འུ་ལག་རི་བོའི་ཕུག་ལམ་ཤར་གཏོང་ཐུབ་པ་བྱུང་ན་ཆེས་འགྲོ་དཀའ་ལ་ཉེན་ཁ་ཆེ་བའི་གཞུང་ལམ་དུམ་བུ་དེ་གཡོ་ཐུབ་པ་དེ་དུས་རྒྱུན་སྟོང་བསམ་བྱས་མྱོང་།

དུས་རབས་སྔ་མའི་ལོ་རབས་དགུ་བཅུ་པའི་མཇུག་ལ་དཀར་མཛེས་ཁུལ་གྱི་འགྲིམ་འགྲུལ་གནས་ཚུལ་ལེགས་བཅོས་གཏང་ཆེད། ཏང་དང་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཤུགས་ཆེན་གནང་འོག དཀར་མཛེས་ཁུལ་གྱི་ས་བབ་མཐོ་ཞིང་ལམ་ཐག་ཆེས་རིང་བའི་འུ་ལག་རི་བོའི་ཕུག་ལམ་དེ་མཐར་ཐུག་ཤར་གཏོང་ཐུབ་པ་རེད། སྤྱི་ལེ4ཡོད་པའི་ཕུག་ལམ་དེ་སྔོན་མའི་ལམ་ཐག་ལས་བཞི་ཆ་གསུམ་ཇེ་ཐུང་དུ་གྱུར་པར་མ་ཟད། སྔོན་མའི་ཉེན་ཁ་ཆེ་བའི་གཞུང་ལམ་གཡོ་ནས་འགྲིམ་འགྲུལ་དེ་བས་ཉེན་ཁ་མེད་པས་ང་རང་གི་སྟོང་བསམ་འདི་དངོས་གནས་སུ་གྱུར་པ་རེད།

ང་ཚོའི་མི་རབས་འདི་འཕེལ་རྒྱས་འགྲོ་བའི་དུས་སྐབས་བཟང་པོ་དང་འཕྲད་ནས་དངོས་གནས་ལམ་འགྲོ་རྒྱུག་པོ་ཞིག་རེད། ཏང་ཀྲུང་དབྱང་གིས་བོད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་ཞིང་། རྒྱལ་ཁབ་ཀྱིས་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་བ་དང་། ཞིང་ཆེན་དང་ཁུལ་འགྲིམ་འགྲུལ་སྡེ་ཁག་གིས་འབད་བརྩོན་ཧུར་ཐག་བྱས་འོག གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ2018ལོའི་ལོ་མཇུག་ཏུ་དངོས་སུ་ཤར་གཏོང་ཐུབ་པ་བྱུས་ནས་དཀར་མཛེས་ཁུལ་ལ་མྱུར་བགྲོད་གཞུང་ལམ་ཡོད་པའི་དུས་རབས་སུ་གོམ་ཁ་བསྒྱུར་བ་རེད།

རང་ཉིད་སྡོད་སའི་རླངས་འཁོར་ཆུང་ཆུང་དེ་ཁྲོད་བོད་གཞུང་ལམ་གྱི་ཟམ་པ་དང་པོ་ཞེས་དྲ་བའི་ཐོག་ལ་སྐད་གྲགས་ཁྱབ་བཞིན་པའི་ཟམ་པ་སྟེ་གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལྕགས་ཟམ་ཁའི་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་ཐོག་བསྐྱོད་དུས་ང་རང་གིས་ཞིབ་ཚགས་སྒོས་ཟམ་པའི་འོག་གི་ཡངས་ཤིང་རྒྱ་ཆེ་བའི་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་ལ་ལྟ་ཁོམ་མེད་ནས་དེ་མ་ཐག་ལམ་ཕར་ཕྱོགས་ལ་སླེབས་ཚར་འདུག དུས་ཡུན་ཆུ་ཚོད4ལྷག་ནང་ང་ཚོ་མགྱོགས་མྱུར་དུ་དར་མདོར་སླེབས་ཚར་བ་རེད།

ལོ་ངོ་བཅུ་ཕྲག་ཁ་ཤས་རིང་ཁྲོན་བོད་གཞུང་ལམ་དེ་འབར་འབུར་གྱི་ས་འདམ་ལམ་ནས་ས་རྡོའི་ལམ། དེ་ནས་ཨར་འདམ་ལམ་ནས་འགྱིག་སྣུམ་ལམ་དུ་གྱུར་བའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་དེར་ང་རང་གིས་དངོས་སུ་བདེན་པའི་དཔང་པོ་བྱེད་ཆོག་པ་རེད། འུ་ལག་རི་བོ་དང་། ཁྲོ་ལ། ར་མལ་ལ་རྩ་སོགས་རི་བོ་མཐོན་པོའི་ཕུག་ལམ་ཤར་གཏོང་ཐུབ་པ་བྱུང་ནས་ལམ་ངོས་རྒྱ་ཇེ་ཆེ་དང་ཁོད་སྙོམས་ཡིན་པས། དེང་སང་གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ལ་བརྟེན་ནས་དཀར་མཛེས་ཁུལ་གྱི་དབུལ་ཐར་ཕྱུག་འགྱུར་གྱི་གོམ་སྟབས་དེ་བས་ཇེ་མགྱོགས་སུ་ཕྱིན་པ་དང་། ཀྲུང་གོའི་གཞུང་ལམ་གྱི་ཚད་འདས་ཨར་ལས་དེས་དཀར་མཛེས་ཁུལ་གྱི་འགྲིམ་འགྲུལ་གྱི་ལོ་རྒྱུས་གསར་པ་བཀོད་ཡོད་པ་རེད།

ང་རང་ལ་ཆེས་དགའ་སྤྲོ་སྐྱེས་འོས་པ་ཞིག་ནི་དུས་རབས་བཟང་པོ་འདི་དང་འཕྲད་ནས་ཕ་ཡུལ་གྱི་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་ཆེན་པོ་འདི་དངོས་སུ་མྱོང་ཚོར་བྱས་ཡོད། གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པ་དེས་བདེ་སྐྱིད་ཀྱི་ཚོར་སྣང་རབ་ཏུ་སྐྱེ་བ་རྐྱང་པ་མ་ཡིན། ད་དུང་དཀར་མཛེས་ཁུལ་ཤར་རྒྱུད་དང་བྱང་རྒྱུད། ལྷོ་རྒྱུད་བཅས་ཕྱོགས་གསུམ་དུ་གནས་པའི་དར་མདོ་གནམ་གྲུ་ཐང་དང་། ཉི་སྟེན་གནམ་གྲུ་ཐང་། དཀར་མཛེས་གེ་སར་གནམ་གྲུ་ཐང་སོགས་ལེགས་འགྲུབ་ངང་ཤར་གཏོང་ཐུབ་པ་དང་། ཁྲོན་བོད་མྱུར་བགྲོད་གཞུང་ལམ་མུ་མཐུད་དེ་རྒྱུན་སྲིང་ཐུབ་པ་དང་ཐ་ན་ཁྱོན་ཡོངས་སུ་ཤར་གཏོང་ཐུབ་པ། ཧ་ཅང་དཀོན་པའི་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་སྤོ་བཞིན་པ། གཏམ་བཟང་གཅིག་རྗེས་གཉིས་མཐུད་དུ་ང་རང་གི་རྣ་ལམ་དུ་ཐོས་བཞིན་པས་རེད། དཀར་མཛེས་ཁུལ་དེ་མཁའ་དབྱིངས་དང་། སྐམ་ས། མྱུར་བགྲོད་གཞུང་ལམ། ལྕགས་ལམ་སོགས་གཞི་གཅིག་ཏུ་འདུས་པའི་འགྲིམ་འགྲུལ་གྱི་དྲ་བར་ཆགས་ནས། དཀར་མཛེས་ཁུལ་གྱི་མཆོང་བརྒལ་གསར་པ་འཕེལ་རྒྱས་ཡོང་བའི་ཉིན་དེར་མགྱོགས་མྱུར་སླེབས་ཐུབ་པའི་ཡིད་ཆེས་ང་ལ་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:ཧིན་རྡུ་ཉི་ཞི་ཡའི་ཤིས་ན་ཕོང་མེ་རི་དྲག་ཏུ་འཕྱུར་བ།
  • ལེ་ཚན་རྗེས་མ།:“ནུབ་རྒྱུད་སྔོ་ཚལ་ཤར་རྒྱུད་དུ་སྐྱེལ”ཞེས་པའི་ཚོང་ གཉེར་མངོན་འགྱུར་ཐུབ་རེ་ཡོད།
  • དོ་སྣང་ཆེ་བའི་རྩོམ།