སྐྱེ་ཁམས་ཀྱི་རྩ་བ་བརྟན་དུ་བཏང་ནས་རི་སྔོ་ཞིང་ཆུ་དྭངས་བའི་སྐྱེ་ཁམས་སྲུང་སྐྱོང་བྱས།

        2020-07-13

    

སྐྱེ་ཁམས་ཀྱི་རྩ་བ་བརྟན་དུ་བཏང་ནས་རི་སྔོ་ཞིང་ཆུ་དྭངས་བའི་སྐྱེ་ཁམས་སྲུང་སྐྱོང་བྱས།

  “འདི་གར་ལྷུང་སྒྲ་སྙན་པའི་འབྲི་ཆུའི་ལྷོ་རྒྱུད་ཀྱི་ཆུ་སྣ་ལྷན་དུ་འཛོམས་ལ། མཐོ་སྒང་རི་ཀླུང་གི་བརྗིད་ཉམས་རང་བཞིན་ཡང་ཆགས། ད་དུང་མཐོ་གྲང་གི་འདམ་ར་སྐྱེ་ཁམས་ཀྱི་མ་ལག་ཉར་ཚགས་སོར་གནས་ཆ་ཚང་བ་ཡོད་པར་བརྟེན། དངོས་གནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་མངོན་འགྱུར་བྱུང་ཡོད་པ་རེད ”ཅེས་སྤྱི་ཟླ7པའི་ཚེས1ཉིན། ཁྲེང་ཏུའུ་ནས་སྒེར་འཁོར་བཏང་སྟེ་ཡུལ་སྐོར་ཡོང་མཁན་སྐུ་ཞབས་ཁྲེན་ཡུང་ཧྭས་དཀར་མཛེས་རྫོང་གི་ཉག་ཆུའི་ཆུ་ཁུག་འདམ་རའི་གླིང་ག་དང་བརྗིད་ཉམས་ལྡན་པའི་གེ་སར་རྒྱལ་པོའི་མཁར་རྫོང་དུ་ལྟ་སྐོར་བྱས་རྗེས་དེ་ལྟར་བསྔགས་བརྗོད་ཡང་ཡང་བྱས་པ་རེད།

       དཀར་མཛེས་རྫོང་དང་སྤྱི་ལེ་བརྒྱ་ཕྲག་ཁ་ཤས་རྒྱང་བའི་འདབ་པ་རྫོང་དུ་ལས་བྱེད་པ་དང་མང་ཚོགས་ཀྱིས་ལོ30རིང་འབད་བརྩོན་ལྷོད་མེད་བྱས་ནས་བྱེ་སའི་ཐལ་རྡུལ་གནམ་གང་འཚུབ་པའི་ཐང་རྒོད་དེ་སྐྱེད་ཚལ་ལྟ་བུའི་གྲོང་ཁྱེར་ཞིག་ཏུ་བསྐྲུན་ཡོད་པ་རེད། རྫོང་གྲོང་ཁུལ་གྱི་ནུབ་ངོས་ཀྱི་རི་ལྡེབས་སུ་གསོམ་ཤིང་བཙུགས་ནས་བཀོད་པའི་སྔོ་ལྗང་རི་ཀླུང་ནི་གསེར་རི་དངུལ་རི་ཡིན་པ་ཞེས་པའི་ཡི་གེ་དེ་ཧ་ཅང་མངོན་གསལ་དོད་པོ་མིག་ལམ་དུ་མཐོང་རྒྱུ་ཡོད།

        སྐྱེ་ཁམས་ལེགས་སུ་གཏོང་བ་ལས་སྐྱེ་ཁམས་དམངས་ཕན་གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། འདབ་པ་རྫོང་ཤམ་བྷ་ལའི་གྲོང་རྡལ་གྱི་ཁྲོམ་ལམ་འདུས་སྡེ་ཁུལ་གྱི་གཞིས་མི་བཀྲ་ཤིས་ཀྱིས་རང་གི་ཐོག་རྩེག་བཞི་ཡོད་པའི་ཁང་པ་རྙིང་པ་དེ་ཡུལ་སྐོར་སྣེ་ལེན་བྱེད་མཁན་ཞིག་ལ་བོགས་གླ་བཏང་བ་རེད། ཚོང་པས་ཁང་རྙིང་དེ་ཡུལ་སྐོར་སྣེ་ལེན་སྡོད་ཁང་དུ་མཛེས་བཀོད་བྱས་རྗེས་ཚོང་ཧ་ཅང་བྲིན་པོ་ཡོད་པས། བཀྲ་ཤིས་ཀྱི་ལོ་རེར་བོགས་དངུལ་ཡོང་འབབ་སྒོར་ཁྲི50ལོན་པ་རེད།

      རི་སྔོ་ཞིང་ཆུ་དྭངས་དགོས་ལ། གསེར་རི་དངུལ་རི་ཡང་དགོས་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པས་ཁྲིད་སྟོན་བྱས་ཏེ་སྐྱེ་ཁམས་སྔོན་སྤེལ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ངེས་གནས་རྒྱུན་འཁྱོངས་བྱས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱ་རྒྱུ་དེ་འཐབ་ཇུས་ཆེན་པོ་དྲུག་ལག་བསྟར་བྱེད་པའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་པར་མ་ཟད། ད་དུང་རྒྱལ་ཁབ་ཀྱི་སྐྱེ་ཁམས་འཛུགས་སྐྲུན་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱ་རྒྱུའི་ཐབས་ཇུས་གལ་ཆེན་ནང་དུའང་བཞག་པ་རེད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཉམས་གསོ་ཤུགས་ཆེན་བྱེད་པ། ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་རང་བྱུང་སྐྱེ་ཁམས་ཀྱི་གནས་ཚུལ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་རེད།

       རང་ཁུལ་གྱིས་རི་ཐོག་ཏུ་ཤིང་ནགས་འཛུགས་པ་དང་ལམ་འགྲམ་དུ་མེ་ཏོག་འདེབས་པ། ཆུ་བོ་མཚེའུ(འདམ་ར)རུ་བསྒྱུར་བ་སོགས་ཀྱི་གཙོ་གནད་ལས་གྲྭ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་ནས་རིམ་རྩིས་བྱས་ན་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་ལས་གྲྭ་ཁྱོན་བསྡོམས1029བཀོད་སྒྲིག་བྱས་ཡོད་པ་དང་། མ་དངུལ་སྒོར་དུང་ཕྱུར84.50བཏང་ནས་རི་ཐོག་ལ་གཞི་ཁྱོན་བསྡོམས་འབོར་མུའུ་ཁྲི145ལྷག་ཙམ་ནང་ཤིང་སྡོང་བཙུགས་པ་དང་སྤྱི་ལེ2200ཡི་ལམ་འགྲམ་དུ་མེ་ཏོག་བཏབ་ཡོད། ཆུ་བོ་མཚེའུ(འདམ་ར)རུ་བསྒྱུར་མུའུ་ཁྲི3ལྷག་ཙམ་ལ་ཟིན་པ་། གྲོང་ཡུལ་སྒོ་རའི་སྔོ་འགྱུར་དང་མཚམས་ཚིགས་སྔོ་འགྱུར། མེ་ཏོག་གི་མཚོ་དང་མཚེའུ། མེ་ཏོག་ལུང་པའི་མཛེས་ལྗོངས་ཁུལ་བཅས་མུའུ་ཁྲི2.8ལྷག་ཙམ་འཛུགས་སྐྱོང་བྱས་ཡོད། རྩྭ་ཐང་མུའུ་ཁྲི1145ལ་སྐྱེ་ཁམས་ཉམས་གསོ་བྱས་པ་དང་རྩྭ་ཐང་མུའུ་ཁྲི1700ལ་ཨ་བྲ་དང་འབུའི་གནོད་འཚེ་འགོག་བཅོས་བྱས་ཡོད། ནགས་ཚལ་ཁེབས་ཚད་དེ2015ལོའི་བརྒྱ་ཆ33.48ནས་བརྒྱ་ཆ34.8ཀྱི་འཕར་ཡོད་པས་བརྒྱ་ཆ1.32འཕར་ཡོད། རང་བྱུང་རྩྭ་ཐང་ཆ་སྙོམས་ཁྱབ་ཚད2015ལོའི་བརྒྱ་ཆ79ནས་བརྒྱ་ཆ83.9ཡི་ཐོག་འཕར་ཡོད་པས་བརྒྱ་ཆའི་གཞི་གྲངས4.9མཐོར་འདེགས་བྱུང་ཡོད་པ་རེད།

      ནགས་ཚལ་གླིང་ག་དང་བརླན་སའི་གླིང་ག་གསར་སྐྲུན་ཤུགས་ཆེན་བྱས་ནས 2019ལོའི་བར་རང་ཁུལ་དུ་རིམ་རྩིས་བྱས་ན་ནགས་ཚལ་གླིང་ག11(དེའི་ནང་རྒྱལ་ཁབ་རིམ་པའི་གླིང་ག5དང་ཞིང་ཆེན་རིམ་པའི་སྤྱི་གླིང6) འདམ་རའི་གླིང་ག17(དེའི་ནང་རྒྱལ་ཁབ་རིམ་པའི་གླིང་ག3དང་ཞིང་ཆེན་རིམ་པ་གླིང་ག14ཡོད། )ལ་ཆོག་མཆན་ཐོབ་ཡོད་པ་རེད། 2018ལོར་སེར་ཤུལ་རྫོང་ཁྲོམ་གཟའ་བགབ་མ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དེ་རྒྱལ་སྤྱིའི་འདམ་ར་གལ་ཆེན་གྱི་མིང་གཞུང་ནང་བཞག་པ་རེད། 2019ལོར་དུང་དཀར་ལུང་པའང་ཁུལ་ནང་གི་རྒྱལ་ཁབ་རིམ་པའི་ནགས་ཚལ་ལུས་གསོའི་རྟེན་གཞི་དང་པོར་གྱུར་ཡོད་པ་རེད།

      དེ་ནས་སྲིད་ཇུས་ཀྱི་མ་དངུལ་སྤྱད་དེ་སྐྱེ་ཁམས་སྤྱི་ཕན་རང་བཞིན་གྱི་ལས་གནས་བཙུགས་ནས་ཡུལ་དེ་གའི་ངལ་རྩོལ་ནུས་ཤུགས་ཡོད་པའི་ཐོ་འགོད་དུད་ཚང་དབུལ་ཕོངས་བདམས་ནས་ནགས་སྲུང་པ་དང་རྩྭ་ཐང་དོ་དམ་པ་བྱེད་དུ་བཅུག་པ་རེད། ད་ལོར་ཡིག་ཚགས་བྱང་བུ་བཟོ་པའི་དུད་ཚང་དབུལ་ཕོངས21872སྐྱེ་ཁམས་ནགས་སྲུང་པ་དང་རྩྭ་ཐང་དོ་དམ་པ་འདེམས་བསྐོ་བྱས་ཡོད། དུས་མཚུངས་སུ་ལོ་ལྟར་འདམ་རའི་སྐྱེ་ཁམས་ཕན་འབྲས་ཁ་གསབ་དངུལ་དང་ཐུན་མོང་གི་སྤྱི་ཕན་ནགས་ཚལ་ཁ་གསབ་རོགས་དངུལ་སོགས་རིགས་ཁག་གི་དམངས་ཕན་མ་དངུལ་སྒོར་དུང་ཕྱུར3.19དོན་འཁྱོལ་གནད་སྨིན་བྱས་པར་བརྒྱུད་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྲིད་ཇུས་རང་བཞིན་གྱི་ཡོང་འབབ་ཆེས་ཆེར་འཕར་ཡོང་བ་རེད།།

  • ལེ་ཚན་སྔོན་མ།:ཁུལ་ཨུའི་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་ཨུ་ལྷན་གྱིས་གྲོས་ཚོགས་ཐེངས་དྲུག་པ་འཚོགས།
  • ལེ་ཚན་རྗེས་མ།:སྐྱེ་ཁམས་མཛེས་སྡུག་དང་མི་སེར་ཕྱུག་འགྱུར་མཉམ་འཕེལ་བྱུང་།
  • དོ་སྣང་ཆེ་བའི་རྩོམ།