མཐོ་སྒང་གི་ཁྱད་ཆོས་ཐོན་ལས་འབུར་ཐོན་བྱས་ནས་མང་ཚོགས་ཕྱུག་པོར་ཆགས་པའི་ལམ་དུ་ཁྲིད།

དབྱངས་ཅན་གྱིས་བསྒྱུར།        2020-06-15

  དར་མདོ་གྲོང་ཁྱེར་གྱིས་ཁྱད་ཆོས་ཐོན་ལས་འཕེལ་རྒྱས་གཏོང་བའི་གནས་ཚུལ་རགས་བཀོད།

མཐོ་སྒང་གི་ཁྱད་ཆོས་ཐོན་ལས་འབུར་ཐོན་བྱས་ནས་མང་ཚོགས་ཕྱུག་པོར་ཆགས་པའི་ལམ་དུ་ཁྲིད།
ཀུ་ཤུ་ཐོན་ལེགས་ཐོབ་ནས་ཞིང་པའི་གདོང་ལ་འཛུམ་གྱིས་ཁེངས།

  མཐོ་སྒང་གི་ཁྱད་ཆོས་ཐོན་རྫས་འདི་དག་ཉོ་རྒྱུ་རག་དཀའ་མོ་རེད། ཟ་ནའང་བྲོ་བ་ཞིམ་པོ་འདུག ཚང་མ་ཉོ་རྒྱུ་ཡིན། 2019ལོའི་སྤྱི་ཟླ12པའི་ཚེས13ཉིན་ཨའོ་ཀང་ཨའོ་ཏ་ཝན་ཆུས(ཅང་རྨེན)ཀྱི་ཁྱད་འཕགས་ཁྱད་ཆོས་ཀྱི་ཞིང་ལས་དངོས་རྫས་གསར་པ་ངོ་སྤྲོད་དང་ཞིང་ལས་ཀྱི་ལས་གཞི་གལ་ཆེན་གྱི་གན་རྒྱ་འཇོག་པའི་བྱེད་སྒོའི་ཐོག དར་མདོའི་སྐྱེ་ཁམས་སོར་གནས་དང་སྤྱི་གནོད་མེད་པའི་མཐོ་སྒང་ཞིང་ལས་ཀྱི་ཁྱད་ཆོས་ཐོན་རྫས་ལ་ཡུལ་དེ་གའི་གྲོང་མི་ཚོས་དགའ་པོ་བྱས་པ་རེད།

    ལས་སྟེགས་འདིར་བརྟེན་ནས་ང་ཚོའི་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་དྲིལ་བསྒྲགས་དང་ངོ་སྤྲོད་བྱས་ནས། མཐོ་སྒང་ཞིང་ལས་ཀྱི་ཁྱད་ཆོས་ཐོན་རྫས་དེ་བས་མང་པོ་ཨའོ་ཀང་ཨའོ་ཏ་ཝན་ཆུས་ལ་ཚོང་བྲིན་ཏེ་རྒྱ་ཆེ་བའི་གྲོང་མི་ཚོར་མཐོ་སྒང་གི་སྐྱེ་ཁམས་ཞིང་ལས་ཐོན་རྫས་ཀྱི་བྲོ་བ་མྱོང་དུ་འཇུག་རྒྱུ་ཡིན་ཞེས་དར་མདོ་གྲོང་ཁྱེར་ཞིང་འབྲོག་ཞིང་སྡེ་དང་ཚན་རྩལ་ཅུས་ཀྱི་ཅུས་ཀྲང་དབྱང་ཀུའོ་ཆང་གིས་སྨྱུག་འཛིན་པར་དེ་ལྟར་བཤད་པ་རེད།

   ཡུལ་བབ་དང་བསྟུན་ཞིང་ཚན་རིག་དང་མཐུན་པའི་སྒོས་ཁྱད་ཆོས་ཐོན་ལས་བཀོད་སྒྲིག་བྱས་ཏེ་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་ཀྱི་ཤིང་ཏོག་དང་ཤ་མོ། སྨན་རྫས་བཅས་ཀྱི་གླིང་ཁུལ་འཛུགས་སྐྱོང་བྱས་ཤིང་། ཐུན་མོང་འབྲོག་ར་འཛུགས་གཉེར་བྱས་ནས་ཞིང་འབྲོག་མི་དམངས་ལ་ཁེ་ཕན་ཐོབ་ཏུ་བཅུག་པ་དང་། མཐོ་སྒང་གི་ཁྱད་ཆོས་ཞིང་ལས་ཐོན་རྫས་ཀྱི་ཟོང་རྟགས་གྲགས་ཅན་བཟོ་སྐྱོང་བྱེད་ཐུབ་པ་རེད།ཉེ་བའི་ལོ་ཤས་རིང་དར་མདོ་གྲོང་ཁྱེར་གྱིས་མཐོ་སྒང་གི་ཁྱད་ཆོས་ཐོན་རྫས་གསོ་སྐྱོང་ཡག་པོ་བྱས་ནས་ཞིང་འབྲོག་མི་དམངས་མི་ཉུང་བ་ཞིག་ལ་དབུལ་ཐར་ཕྱུག་འགྱུར་གྱི་ལམ་ལ་སྐྱོད་དུ་བཅུག་ཡོད་པ་རེད།

   ཡུལ་བབ་དང་བསྟུན་ཞིང་ཚན་རིག་དང་མཐུན་པའི་སྒོས་ཁྱད་ཆོས་ཐོན་ལས་བཀོད་སྒྲིག་བྱས།

   དར་མདོའི་ཤར་རྒྱུད་ནི་རི་མཐོའི་གྲོག་རོང་ས་ཁུལ་ཡིན་སྟབས་ཚ་ཁུལ་གྱི་གནམ་གཤིས་གྲས་སུ་གཏོགས་ཤིང་། ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡིན་པར་བརྟེན། ཁམས་ཀྱི་ནོར་བུ་ས་ཆ་ཞེས་མཚན་སྙན་ཡོད་པ་རེད། ནུབ་རྒྱུད་ནི་རི་ཁྲོད་ཀླུང་ཐང་གི་ས་ཁམས་ཆགས་ཚུལ་ཡིན་ཞིང་། མཐོ་སྒང་གི་སྐམ་ས་ཆེན་པོའི་གནམ་གཤིས་གྲས་སུ་གཏོགས་པར་ནོར་ལུག་ཡུལ་གྲུ་ཀུན་ཏུ་ཁྱབ་པས་ན། བོད་ཁུལ་ཡུལ་སྲོལ་གྱི་དཔེར་མཚོན་འཐུས་ཚབ་ཡིན་པ་རེད། ས་གནས་འདིར་དམིགས་བསལ་དུ་ཡོད་པའི་ཉི་འོད་དང་ས་ཆུའི་ཐོན་ཁུངས་འཛོམས་པར་བརྟེན། དར་མདོ་གྲོང་ཁྱེར་གྱིས་ཁྱད་ཆོས་ཞིང་ལས་དང་ཕྱུགས་འབྲོག་ལས་རིགས་འཕེལ་རྒྱས་གཏོང་བར་རྨང་གཞི་ཡག་པོ་བཏིང་ཡོད་པ་རེད།

   དབུལ་ཐར་འགག་སྒྲོལ་གྱི་ལས་ཀའི་ཁྲོད་དར་མདོ་གྲོང་ཁྱེར་གྱིས་ཁྱད་ཆོས་ཐོན་ལས་འཕེལ་རྒྱས་གཏང་རྒྱུ་ནི་དར་མདོའི་དགེ་མཚན་ཡིན་ལ། བསྒྲུབ་དགོས་པའི་ཁྲིད་ཕྱོགས་དང་ངེས་པར་དུ་བདམས་དགོས་པར་ངོས་འཛིན་གང་ལེགས་བྱས་པ་རེད། རྟེན་གཞི་བཀོད་སྒྲིག་ལེགས་པ་བྱེད་ཅིང་ཞིབ་འཇུག་དང་གསར་སྦོལ་ལས་སྣོན་ཞིབ་ཚགས་བྱེད་པ་དང་། ཚོང་རར་ཟོང་རྟགས་གྲགས་ཅན་བཟོ་སྐྱོང་བྱ་རྒྱུ་བཅས་ལ་དམིགས་ནས་གཞི་ཁྱོན་ལྡན་ཡོད་ལ་རིམ་ཚད་ཐོག་སླེབས་པ། ཚོང་རར་བྲིན་པའི་ཁྱད་ཆོས་དང་ཁྱད་འཕགས་ཀྱི་ཐོན་ལས་གསོ་སྐྱོང་བྱས་ཏེ་མང་ཚོགས་ལ་ཡོང་འབབ་འཕར་ནས་ཕྱུག་པོར་ཆགས་ཐུབ་པ་རེད་ཅེས་དར་མདོ་གྲོང་ཁྱེར་གྱི་གྲོང་དཔོན་གཞོན་པ་དབྱང་ཧེང་གིས་དེ་ལྟར་བཤད་པ་རེད།

    གྲུབ་ཆ་གཙོ་བོ་སྣ་མང་གསོ་སྤེལ་དང་ལས་སྒོ་ཚོང་གཉེར་བྱེད་སྟངས་གསར་གཏོད་དང་། རྒྱུ་རྐྱེན་སྣ་མང་གི་ནུས་ཤུགས་མཉམ་འདོན། བྱེད་སྟངས་སྣ་མང་སྐུལ་སྤེལ། ཁེ་ཕན་སྣ་མང་མཉམ་འབྲེལ་བཅས་བྱས་ཏེ། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་མཉམ་འདྲེས་བྱས་ནས་འཕེལ་རྒྱས་གཏང་རྒྱུར་གཞིགས་ནས། ར་གྲོད་ཤ་མོ་དང་རྒྱ་སྨན་སྨན་རྩྭ། ཤིང་ཏོག་ཆུང་གྲས་སྣ་ཚོགས། མཐོ་སྒང་གི་སྐྱེ་ལྡན་སྔོ་ཚལ། ནས་ནག་སོགས་མུའུ་ཁྲི་ལྡན་ལྔའི་རྟེན་གཞི་འཛུགས་སྐྱོང་བྱས་པ་རེད། རྒྱུ་ལའི་ཤར་རྒྱུད་ཡུག་སྦྲེལ་དུ་གྲོང་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་དང་ཟུང་འབྲེལ་བྱས་ནས་ར་གྲོད་ཤ་མོ་དང་། ཀུ་ཤུ། སྲེའུ་ཆེན་པོ་སོགས་ཀྱི་འདེབས་གསོ་ཐོན་ལས་ལ་དམིགས་པ་དང་། རྒྱུ་ལའི་ནུབ་རྒྱུད་ཡུག་སྦྲེལ་ལ་གཙོ་གནད་དུ་ཞིང་ལས་ལོ་ཏོག་གི་མཛེས་ལྗོངས་ཡངས་པོའི་ཡུལ་སྐོར་དཔེ་སྟོན་ས་ཁུལ་འཛུགས་སྐྱོང་བྱས་ནས། ཡུག་སྦྲེལ་གྱིས་གཞི་ཁྱོན་ཆགས་པར་སྐུལ་ཁྲིད་བྱས་ནས་ཝ་ཁྲལ་ཡུལ་ཤོག་བརྒྱུད་ནས་སྐྱ་གད་དང་བོན་པོ་ཤུལ་བཅས་ཡུལ་ཤོག་བར་དུ་ཁྱད་ཆོས་ཐོན་ལས་ཀྱི་རྟེན་གཞི་འཛུགས་སྐྱོང་བྱས་ཏེ་ཡུལ་སྐོར་ལས་རིགས་དང་འབྲོག་ལས།དེང་རབས་ཞིང་ལས་འབྲེལ་མཐུད་བྱས་ནས་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་པ་རེད།

    ཐོན་ལས་གསོ་སྤེལ་ཁྲོད་ཁེ་ལས་དང་རྟེན་གཞི། ཞིང་དུད་བཅས་འབྲེལ་མཐུད་བྱེད་པའི་བྱེད་ཐབས་སྤྱོད་ཅིང་། དང་པོ་ཆང་ལས་བཟོ་གྲྭ་དང་དར་རྩེ་མདོ་སོགས་ཁེ་ལས་ཀྱི་ཚོང་ཟོག་མངག་ཐོའི་ཉོ་སྒྲུབ་བྱེད་པར་བརྟེན་ནས། གཞི་ཁྱོན་མུའུ11000ལྡན་པའི་ནས་ནག་རྟེན་གཞི་འཕེལ་རྒྱས་བཏང་སྟེ་སྲིད་འཛིན་གྲོང་སྡེ71གི་ཞིང་པའི་དུད་ཚང5022ལ་ཡོང་འབབ་སྒོར་ཁྲི1500ཙམ་ཐོབ་ནས་དུད་ཚང་རེར་ཡོང་འབབ་སྒོར2900ལྷག་འཕར་སྣོན་བྱུང་ཡོད་པ་དང་། ནན་དབྱིའི་གནག་ཕྱུག་འོ་མའི་ལས་སྣོན་གླིང་ཁུལ། ལྕམ་པ་འབྲོག་ར། ལྷ་དགའ་འབྲོག་ལྷས་སོགས་ལ་བརྟེན་ནས་གནག་ཕྱུག་མགོ་གྲངས་ཁྲི9ལྷག་གསོ་སྤེལ་བྱས་ཏེ་དུད་ཚང་རེར་ཡོང་འབབ་སྒོར2000ཡས་མས་འཕར་སྣོན་བྱུང་ཡོད། ཁྲང་ཡོན་དང་ཧྲན་ཆན་ཧྲན་སོགས་ཀྱི་སྤྱི་གཉེར་ཁང་ལ་བརྟེན་ནས་མཐོ་སྒང་གི་སྔོ་ཚལ་རྟེན་གཞི་མུའུ5000འཕེལ་རྒྱས་བཏང་ནས་གྲོང་སྡེའི་དུད་ཚང་རེར་ཡོང་འབབ་སྒོར1500ཡན་ཆད་འཕར་སྣོན་བྱུང་ཡོད་པ་རེད།

རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་དུ“འབྲས་ཤ་རྩྭ་གསུམ”གྱི་གླིང་ཁུལ་འཛུགས་སྐྱོང་བྱས།

    ཀུ་ཤུ་དམར་པོ་ཐོན་ལེགས་བྱུང་ནས་ས་གཞི་ཡོངས་སུ་དྲི་ཞིམ་འཐུལ། 2019ལོའི་སྤྱི་ཟླ11པའི་ཚེས6ཉིན། དཀར་མཛེས་ཁུལ་གྱིས་གྲུབ་འབྲས་མཐོ་བའི་ལྷད་མེད་ཀུ་ཤུའི་སྡོང་ཕྲུག་འདེབས་འཛུགས་བྱེད་སྟངས་ཀྱི་ལག་རྩལ་གསར་པའི་གྲུབ་འབྲས་འགྲེམ་སྟོན་འདུས་ཚོགས་དང་དར་མདོ་གྲོང་ཁྱེར་གྱི་ཀུ་ཤུའི་བྲོ་བ་གསལ་འབྱེད་ཀྱི་ཡུལ་དངོས་ལྷན་ཚོགས་སྐབས་གསུམ་པ་དེ་དར་མདོ་གྲོང་ཁྱེར་རི་སྐེད་ཡུལ་ཤོག་གངས་རྒྱབ་ལུང་པའི་གྲོང་སྡེར་འཛུགས་གཉེར་བྱས་པ་རེད།

སྨྱུག་འཛིན་པས་ཡུལ་དངོས་སུ་གངས་རྒྱབ་ལུང་པ་གྲོང་སྡེར་མུའུ300ཅན་གྱི་སྤུས་ལེགས་ཀུ་ཤུ་དག་ད་ལོར་དགའ་འོས་པའི་ཐོན་ལེགས་ཐོབ་ནས། གྲོང་སྡེའི་ཀུ་ཤུ་འཛུགས་མཁན་ཞིང་པའི་དུད་ཚང21གིས་ཤིང་ཏོག་འཐོག་རྒྱུར་བྲེལ་ནས་དགའ་སྤྲོའི་རྣམ་པས་ཁེངས་བཞིན་པར་མཐོང་།

    མིག་སྔར་དར་མདོ་གྲོང་ཁྱེར་གྱིས་གཞི་ཁྱོན་མུའུ3000ལྷག་གི་ནང་བཙུགས་པའི་ཀུ་ཤུའི་ཤིང་སྡོང་ནང་ནས་མུའུ1200ལྷག་གི་ཤིང་སྡོང་ལ་འབྲས་བུ་བཏགས་ཡོད་པ་རེད། 2019ལོར་གྲོང་ཁྱེར་ཡོངས་ཀྱི་ཀུ་ཤུའི་ཐོན་ཚད་རིན་ཐང་སྒོར་ཁྲི1350ལ་ཟིན་པ་རེད། འཆར་འགོད་ལྟར་ན། ཕྱིན་ཆད་གྲོང་ཁྱེར་དེས་ཀུ་ཤུའི་ཐོན་ལས་མུའུ5000གོང་འཕེལ་བཏང་ནས་སྔོན་ཚོད་བྱས་ན་ཐོན་ཚད་རིན་ཐང་སྒོར་ཁྲི8000ཡས་མས་རག་ཐུབ་རྒྱུ་རེད། ཕྱིན་ཆད་དར་མདོར་ད་དུང་ཀུ་ཤུ་རྗེས་འདེད་ལས་ལག་བཙུགས་ནས་ཟོང་རྟགས་གྲགས་ཅན་དང་། དངོས་ཟོག་སྐྱེལ་འདྲེན། གྲང་བཟོའི་རིམ་འབྲེལ། ལས་སྣོན་ཞིབ་ཕྲ་སོགས་ཞན་ཆ་གསབ་སྣོན་གྱི་ལས་ཀ་ཡག་པོ་བསྒྲུབས་ནས། དར་མདོའི་ཀུ་ཤུ་འཛུགས་མཁན་ཞིང་པའི་དུད་ཚང་ལ་ཕན་འབྲས་དེ་བས་ཆེན་པོ་ཐོབ་འཇུག་རྒྱུ་རེད།

    2019ལོའི་སྤྱི་ཟླ5པའི་ཚེས29ཉིན། དར་མདོ་གྲོང་ཁྱེར་གྱི་སྲེའུ་མངར་མོ་འཐོག་པ་དང་བྲོ་བ་གསལ་འབྱེད་ཀྱི་ཡུལ་དངོས་ལྷན་ཚོགས་དེ་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་ཀྱི་རི་སྐེད་ཡུལ་ཤོག་འབྲུ་མཛོད་གྲོང་སྡེར་འཛུགས་གཉེར་བྱས་པ་རེད།སྲེའུ་མངར་མོའི་སྡོང་ཕྲུག400ལྷག་བཙུགས་ནས་ཤིང་སྡོང100ལྷག་ལ་འབྲས་བུ་བཏགས་ཡོད་ཅིང་།སྔོན་ཚོད་བྱས་ན་ཐོན་ཚད་རྒྱ་མ5000ནས6000ཡས་མས་ལ་ཟིན་ནས་ཡོང་འབབ་སྒོར་ཁྲི10ལྷག་རག་ཐུབ་རྒྱུ་རེད། སྲེའུ་མངར་མོ་འཐོག་པ་དང་བྲོ་བ་གསལ་འབྱེད་ཀྱི་ཡུལ་དངོས་ལྷན་ཚོགས་ཐོག་འབྲུ་མཛོད་གྲོང་སྡེའི་ཡུལ་མི་ཁྲེན་ཧུང་ཧྥེང་གིས་དགའ་སྤྲོས་ཁེངས་ནས་ཞིང་ཆེན་དང་། ཁུལ། གྲོང་ཁྱེར་བཅས་ཀྱི་ཆེས་མཁས་ལག་རྩལ་པའི་ཁྲིད་སྟོན་འོག ང་ཚོས་ཕྱུག་འགྱུར་གྱི་མ་དངུལ་འཚོལ་ཐུབ་པས་དཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།

    དཀར་མཛེས་ཁུལ་ཧྲན་ཞང་ཞིང་འབྲོག་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་གི་འགན་ཁུར་མི་སྣ་ཧྭ་ཆིན་ཞང་གིས་ངོ་སྤྲོད་བྱས་དོན། ས་ཞིང་བཤུག་གླ་བྱས་པར་བརྒྱུད། ར་གྲོད་ཤ་མོ་མུའུ100འདེབས་འཛུགས་བྱས་ཡོད། ད་ལོར་ར་གྲོད་ཤ་མོ་མུའུ་རེར་ཐོན་ཚད་རིན་ཐང་སྒོར་ཁྲི5ལ་ཟིན་ནས་ཐོན་སྐྱེད་རིན་ཐང་སྒོར་ཁྲི500ལྷག་མངོན་འགྱུར་ཡོང་ཐུབ་རེ་ཡོད།

    མིག་སྔར་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་ཀྱི་འབྲས་ཤིང་དང་ཤ་མོ། སྨན་རྩྭ་བཅས་ཀྱི་གླིང་ཁུལ་དུ་ཀུ་ཤུ་དང་། ཞུ་མཁན། སྲེའུ་མངར་མོ་སོགས་ཁྱད་ཆོས་ཤིང་ཏོག་མུའུ35000 དང་། ར་གྲོད་ཤ་མོ་ཡིས་གཙོ་བོ་བྱས་པའི་ཤ་མོ་མུའུ4200 ལྕི་བ་སོགས་རྒྱ་སྨན་སྨན་རྩྭ་མུའུ6000འཕེལ་རྒྱས་བཏང་ཡོད་ཅེས་དར་མདོ་གྲོང་ཁྱེར་ཞིང་འབྲོག་ཞིང་སྡེ་དང་ཚན་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཁྲེན་ཡུས་ཀྱིས་སྨྱུག་འཛིན་པར་དེ་ལྟར་བཤད་པ་རེད།

ཐུན་མོང་འབྲོག་ར་གཉེར་ནས་ཞིང་འབྲོག་མི་དམངས་ལ་གཡུ་ཟའི་དཔལ་འབྱོར་ཕན་འབྲས་ཐོབ།

    དར་མདོ་གྲོང་ཁྱེར་ལྷ་དགའ་འབྲོག་ལྷས་གནག་ཕྱུགས་གསོ་སྤེལ་ཞིང་པའི་ཆེད་ལས་མཉམ་ལས་ཁང་དེ་དར་མདོ་གྲོང་ཁྱེར་ལྷ་སྒང་གྲོང་རྡལ་རྡོ་ར་གྲོང་སྡེ་དང་པོར་ཆགས་ཡོད། ཚོང་གཉེར་བྱེད་མཁན་ནི་དཀར་མཛེས་ཁུལ་དུ་སྐྱེ་བའི་བོད་པའི་ཕོ་གསར་ཁ་ཤས་ཡིན་པ་རེད།

    ལྷ་སྒང་གྲོང་རྡལ་ནི་དར་མདོ་གྲོང་ཁྱེར་གྱི་འབྲོག་རྐྱང་ཁོངས་སུ་གཏོགས་པའི་གྲོང་རྡལ་ཉག་ཅིག་ཡིན་ཞིང་། ས་གནས་དེ་གའི་མང་ཚོགས་གཞི་རྩའི་ཐོག་ཕྱུགས་འབྲོག་གསོ་སྤེལ་ལས་རིགས་འདི་དཔལ་འབྱོར་ཡོང་འབབ་རག་ཐབས་གཙོ་བོར་རྩིས་བཞིན་ཡོད་པ་རེད། མི་རབས་ནས་མི་རབས་བར་ལག་རྩལ་དང་ཚོང་ར་ལ་སོགས་པ་ཡིས་ཚོད་འཛིན་ཐེབས་ནས་ཕྱུགས་ལས་ཐོན་རྫས་དང་འོ་མའི་ཐོན་རྫས་རྣམས་ལམ་ཁར་བཤམས་ནས་ཚོང་ན་མ་གཏོགས་ཐབས་གཞན་མེད་པ་རེད། གནས་ཚུལ་འདི་རིགས་མེད་པ་བཟོ་ནས་འབྲོག་མིའི་ཡོང་འབབ་རྒྱུན་མཐུད་བརྟེན་ཁྲོད་འཕར་སྣོན་ཡོང་ཆེད། དར་མདོ་གྲོང་ཁྱེར་ལྷ་དགའ་འབྲོག་ལྷས་གནག་ཕྱུགས་གསོ་སྤེལ་ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་སྔོན་རྗེས་སུ་དར་མདོ་གྲོང་ཁྱེར་ལྷ་སྒང་གྲོང་རྡལ་རྡོ་ར་གྲོང་སྡེ་དང་པོ་དང་གཉིས་པ་དང་། གུ་ཞུགས་གྲོང་སྡེའི་འབྲོག་མི་དང་མཉམ་ལས་གྲོས་མཐུན་བཞག་ནས་ལོ་གཉིས་ལྷག་གི་རིང་མི་སེར་ཚོར་འོ་མའི་ཡོང་འབབ་སྒོར་ཁྲི60ལྷག་སྤྲད་ནས་ས་གནས་དེ་གའི་མི་སེར་ཚོ་དབུལ་ཐར་འབྱོར་འབྲིང་གི་ལམ་དུ་བསྐྱོད་པར་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད་པ་རེད།

    མིག་སྔར། ལྷ་དགའ་འབྲོག་ལྷས་ཐུན་མོང་འབྲོག་རའི་གནག་ཕྱུགས་འོ་མ་ལས་སྣོན་བཟོ་གྲྭའི་ལས་གཞི་སྐྲུན་བཞིན་པའི་སྒང་ཡིན། ལས་གཞི་དེས་ས་བཟུང་ཚད་བསྡོམས་འབོར་མུའུ2 ཡིན་ཞིང་། ཉིན་རེར་ལས་སྣོན་བྱེད་ཚད་ཏུན5ལ་ཟིན་ཐུབ་པའི་ཚད་ལྡན་ཅན་གྱི་འོ་མའི་ཐོན་རྫས་ལས་སྣོན་བཟོ་གྲྭ་ཞིག་ཡིན་པ་རེད།

    ལྷ་དགའ་འབྲོག་ལྷས་ཀྱི་ཚོང་གཉེར་བྱེད་མཁན་ནང་གི་གཅིག་ཤོས་ཡིན་པའི་ཨ་ཁེ་ཆིན་གྱིས་ལས་གཞི་ཡོངས་རྫོགས་འཛུགས་སྐྲུན་གྲུབ་རྗེས་ས་གནས་དེ་གའི་ཁྱད་འཕགས་ཀྱི་ཐོན་ཁུངས་ལ་བརྟེན་ནས། གྲོང་མིས་འོ་མ་མཁོ་འདོན་བྱེད་པ་དང་ཐུན་མོང་ལ་མ་རྐང་དངུལ་བགོ་བཤའ་རྒྱག་པའི་བྱེད་སྟངས་སྤྱད་ནས་འབྲོག་མིར་འབབ་འཕར་ཕྱུག་འགྱུར་ཡོང་ཐུབ་པ་དང་། ལྷ་དགའ་འབྲོག་ལྷས་དེ་ལས་སྐྲུན་དབུལ་སྐྱོར་བྱེད་ཡས་ཡིན་པས་སྔར་བཞིན་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡོང་བར་རྒྱུན་འཁྱོངས་བྱས་ཏེ་ཕ་ཡུལ་གྱི་མི་སེར་ལ་ཕན་འབྲས་དེ་བས་མང་པོ་ཐོབ་ཐུབ་ངེས་རེད་ཅེས་བཤད་པ་རེད།

    དར་མདོ་གྲོང་ཁྱེར་འགག་པ་ཡུལ་ཤོག་འཐག་ར་སྟོད་པའི་གྲོང་སྡེའི་འབྲོག་པའི་དུད་ཚང60ཡིས་ཐུན་མོང་དུ་མ་རྐང་བཞག་ནས་དར་མདོ་གྲོང་ཁྱེར་གྱི་ནུབ་རྒྱུད་རྒྱུ་ལའི་ཕྱིར་ཐོན་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ་གནག་ཕྱུགས་མགོ་གྲངས960གསོ་ཚགས་བྱས་པར་མ་ཟད། ད་དུང་ནུབ་རྒྱུད་རྒྱུ་ལའི་ཕྱིར་ཐོན་ཆེད་ལས་མཉམ་ལས་ཁང་དང་ཐང་ར་འབྲོག་ལྷས་ཀྱི་ཟོང་རྟགས་གཉིས་བཟོ་སྐྱོང་བྱས་ནས། མར་དང་ཞོ་སོགས་ཀྱི་ཐོན་རྫས་གསར་སྦོལ་བྱས་པ་དང་། མ་རྐང་འཇོག་ནས་ཐོབ་ཆ་བགོས་ཏེ་འབྲོག་པའི་ཡོང་འབབ་འཕར་བར་ཁྲིད་སྟོན་བྱེད་པ་དང་ཆབས་ཅིག གྲོང་སྡེ་དེས་ད་དུང་ཐུན་མོང་འབྲོག་ལྷས་སྤྱད་ནས་འབྲོག་རའི་ཡུལ་སྐོར་འཕེལ་རྒྱས་བཏང་བ་རེད།མཉམ་ལས་ཁང་གིས་ལོ་རེར་གྲོང་སྡེའི་ཐུན་མོང་ལ་སྤྲད་པའི་སྒོར་ཁྲི6དེ་ཚང་མ་མང་ཚོགས་ལ་བགོས་ནས་དུད་ཚང་རེར་ཐོབ་ཆ་སྒོར1000རག་ཐུབ་པ་རེད།

    མིག་སྔར་དར་མདོ་གྲོང་ཁྱེར་ལ་ཁྱད་ཆོས་ཐོན་ལས་རྟེན་གཞི་མུའུ9.6འཛུགས་སྐྱོང་བྱས་ཤིང་། ཨ་རག་དང་། ཤ། འབྲུ་རིགས། སྔོ་ཚལ། ཤ་མོ། ཤིང་ཏོག སྨན་རྩྭ། འོ་མ་བཅས་ཀྱི་ཐོན་རྫས་མ་ལག་གསོ་སྤེལ་བྱས་པ་རེད། དར་མདོའི་ཀུ་ཤུ་དང་སྲེའུ་མངར་མོ། ར་གྲོད་ཤ་མོ་སོགས་ཁྱད་ཆོས་ཐོན་རྫས་དེ་དག་ས་ཁོངས་རང་བཞིན་གྱི་ཁྱད་ཆོས་ཐོན་རྫས་སུ་གྱུར་པ་རེད། 2017ལོར་ཀྲུང་གོའི་བཟའ་བཅའ་ཤ་མོའི་མཐུན་ཚོགས་ཀྱིས་དར་མདོ་གྲོང་ཁྱེར་ལ་ཀྲུང་གོ་མཐོ་སྒང་གི་ར་གྲོད་ཤ་མོའི་ཆོལ་ཁའི་མཚན་སྙན་གནང་བ་ཡོད་པ་རེད། 2018ལོར་སི་ཁྲོན་ཞིང་ཆེན་གྱི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཡོང་བའི་སྔོན་ཐོན་རྫོང་དང་། སི་ཁྲིན་ཞིང་ཆེན་གྱི་ཞིང་གསུམ་ལས་ཀའི་སྔོན་ཐོན་རྫོང་། ཞིང་ཆེན་ཡོངས་ཀྱི་ཞིང་པའི་འབབ་འཕར་ལས་ཀའི་སྔོན་ཐོན་རྫོང་བཅས་སུ་བདམས་ཐོན་བྱུང་ཡོད། 2019ལོར་སི་ཁྲོན་ཞིང་ཆེན་ཞིང་ལས་ཀྱི10ཐོག3སྣོན་གྱི་ཐོན་ལས་མ་ལག་སི་ཁྲོན་རྒྱ་སྨན་སྨན་རྩྭའི་གཙོ་གནད་རྫོང་། ཞིང་ལས་པུའུ་ཡིས་ཏ་ཀང་གྲོང་སྡེར་རྒྱལ་ཡོངས་ཀྱི་གྲོང་སྡེ་གཅིག་ལ་ཟོང་རྟགས་གྲགས་ཅན་གཅིག་གི་དཔེ་སྟོན་གྲོང་སྡེའི་གྲས་སུ་བཞག་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:གཞིས་ཆགས་ཡུལ་སྐོར་འཚམ་པའི་ཡུལ་ལྗོངས་མཛེས།། ཐོན་ལས་དར་རྒྱས་བྱུང་ནས་འཚོ་བ་སྐྱིད།།
  • ལེ་ཚན་རྗེས་མ།:ཐོན་ལས་ཕུན་སུམ་ཚོགས་ཤིང་ཕྱུག་འགྱུར་གྱི་ལམ་བུ་ཡངས།
  • དོ་སྣང་ཆེ་བའི་རྩོམ།