གོང་རིམ་ཏང་གི་སྲིད་ཇུས་བཟང་པོ་ཡི། ། སྙིང་དོན་དམངས་ཀྱི་སྙན་དུ་སྒྲོག་འགྲེལ་བྱས།

ཨོ་རྒྱན་དོན་གྲུབ།        2017-07-11



གོང་རིམ་ཏང་གི་སྲིད་ཇུས་བཟང་པོ་ཡི། །  སྙིང་དོན་དམངས་ཀྱི་སྙན་དུ་སྒྲོག་འགྲེལ་བྱས།

ཁུལ་ཨུའི་མང་ཚོགས་སྒྲོག་འགྲེལ་ཚོགས་པས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྙིང་དོན་སྒྲོག་འགྲེལ་བྱས་པའི་གནས་ཚུལ་རགས་བཀོད།

དེ་རིང་ཡིན་ན་ཚོགས་འདུ་གོ་ཤག་ཤག་ཅིག་འཚོགས་ཐལ། ངོ་མ་གོང་རིམ་གྱི་སྲིད་ཇུས་བཟང་པོ་ཡོད་ཟིག   ང་ལ་བུ་ཕྲུག་བཞི་ཡོད་ལ་ཁྱིམ་བཟའ་ཚང་གི་ཁ་འདྲ་བོ་ངས་གསོ་ཀི་ཡོད་རེད།  བཞི་པོ་སློབ་གྲྭར་བུད་སོང་ན་འགྲོ་སོང་ཆེ་བས་བྱིས་པ་གཅིག་མ་གཏོགས་སློབ་གྲྭར་འཇོག་ཐུབ་ས་མ་རེད་དྲན་གི་ཡོད་མོད། དེ་རིང་དགེ་རྒན་བཀའ་དྲིན་ཅན་དག་གིས་གསུང་ཡོང་དུས་ངའི་སེམས་སུ་དྲན་རྒྱུ་འདྲ་བོ་ཞིག་གཏན་ནས་མིན་ཟིག  རྒྱལ་ཁབ་ཀྱི་རིམ་པ་སོ་སོའི་སྲིད་གཞུང་གིས་སློབ་གྲྭར་ཞུགས་པའི་སློབ་མ་ལ་རོགས་སྐྱོར་གྱི་རྣམ་གྲངས་ཧ་ལས་པ་ཡག་པོ་ཡོད་པ་ཧ་གོ་སོང་།  ད་ནི་ངའི་བུ་ཕྲུག་བཞི་པོ་རིག་གནས་པ་ཞིག་བྱ་རྒྱུའི་ཐོག་མའི་ཆ་རྐྱེན་འཛོམས་སོང་བས་ངའི་བུ་རྒྱུད་ཚང་མ་སློབ་གྲྭར་མངག་རྒྱུ་ཡིན།   ངོ་མ་བཀའ་དྲིན་ཆེ་རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོ་རེད་ཅེས་པ་ནི་དཔལ་ཡུལ་རྫོང་འབའ་ཆུང་ཡུལ་ཤོག་གི་འབའ་ཆུང་སྡེ་བའི་དགའ་བས་གསར་འགོད་པར་བཤད་པའི་སྐད་ཆ་དུམ་བུ་ཞིག་རེད།

གོང་རིམ་ཏང་གི་སྲིད་ཇུས་བཟང་པོ་ཡི། །  སྙིང་དོན་དམངས་ཀྱི་སྙན་དུ་སྒྲོག་འགྲེལ་བྱས།

སྤྱི་ཟླ6པའི་ཚེས14ཉིན་ནས་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཝང་ཀང་ཏཱས་སྣེ་ཁྲིད་པའི་འོག་ཏུ་མང་ཚོགས་སྒྲོག་འགྲེལ་ཚོགས་པས་དར་མདོ་གྲོང་ཁྱེར་གྱི་མངའ་ཁོངས་ཡུལ་ཤོག་དང་དགོན་སྡེ་བཅུ་གཅིག་ནས་སྒྲོག་འགྲེལ་བྱེད་འགོ་བརྩམས་ཤིང་།  དེ་ནས་རིམ་བཞིན་དཀར་མཛེས་ཁུལ་བྱང་རྒྱུད་ཀྱི་རྫོང་ཁག་སྟེ་རྟའུ་དང་བྲག་མགོ། སེར་ཤུལ། སྡེ་དགེ། དཔལ་ཡུལ་རྫོང་བཅས་ཀྱི་གྲོང་རྡལ་དང་ཡུལ་ཤོག དགོན་སྡེ་སོགས་སུ་སྒྲོག་འགྲེལ་བྱེད་སྒོ་སྤེལ་བར་བརྒྱུད་ནས་སྤྱི་ཟླ6པའི་ཚེས27ཉིན་ནས་རང་ཁུལ་ལྷོ་རྒྱུད་ལི་ཐང་དང་འབའ་ཐང་། ཉག་ཆུ་རྫོང་བཅས་སུ་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཡོད་པ་རེད།

ཐེངས་འདིའི་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྙིང་དོན་གྱི་སྒྲོག་འགྲེལ་ཚོགས་པ་ཁྱོན་ཉིན18རིང་ལ་ལེ་བར་ཁྲི་གཅིག་ལྷག་ལ་བསྐྱོད་དེ། རང་ཁུལ་གྱི་ལྷོ་བྱང་གཉིས་ཀྱི་རྫོང་དང་གྲོང་ཁྱེར་དགུ་ཡི་མངའ་ཁོངས་ཀྱི་གྲོང་ཚོ་ལྔ་བཅུ་ང་བརྒྱད་དང་།  དགོན་སྡེ་ཉི་ཤུ་རྩ་བཞི་རུ་སོང་ནས་གྲྭ་བཙུན་དང་མང་ཚོགས་ཁྲི་ལྔ་ལྷག་ལ་བོད་རང་གི་སྐད་ཀྱིས་ཡུལ་ལུང་སོ་སོའི་དམངས་ཁྲོད་ཀྱི་གཏམ་དཔེ་དང་བསྒྲགས་ཏེ་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙིང་དོན་སྒྲོག་འགྲེལ་བྱས་ཡོད་པས་མ་ཚད། མི་དམངས་ཀྱི་འཚོ་བ་ལེགས་བཅོས་དང་སློབ་གསོ་ཡར་རྒྱས།  འཕྲོད་བསྟེན་གཙང་སྦྲ་སོགས་ཀྱི་ཕྱོགས་ནས་རང་ནུས་ཅི་ལྕོགས་ཀྱིས་བཟང་ཕྱོགས་ལ་བརྩོན་དགོས་ལུགས་དང་།  དེང་སྐབས་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་འདི་འདྲ་ཞིག་གི་སྐབས་སུ་རང་རང་གི་ལག་ཟུང་གི་རྩོལ་བ་ལ་བརྟེན་ནས་དབུལ་ཐར་བྱས་ཤིང་འབྱོར་འབྲིང་ལ་བསྐྱོད་པ་དགོས་པ་ལས་ཉིན་རྟག་པར་གོང་རིམ་གྱི་མུག་སྐྱོབ་ཀྱི་གནང་སྦྱིན་གཅིག་པུར་ལག་པ་གཟེད་ནས་བསྡད་པ་ཡིན་ན་མི་རབས་ནས་མི་རབས་སུ་འཕེལ་རྒྱས་མེད་པར་མ་ཟད། མི་སྒྱིད་ལུག་ཅན་དུ་འགྱུར་སྲིད་པས་དབུལ་ཐར་བྱ་དགོས་ན་གཙོ་བོ་རང་ལ་རག་ལས་ཚུལ་སོགས་རྒྱ་བོད་གཉིས་ཀྱི་ལོ་རྒྱུས་ཀྱིས་ར་འཕྲོད་ཡོད་ལུགས་སོགས་ཕྱོགས་གང་མང་ནས་གཙོ་བོ་མི་སེར་གྱི་ཁེ་ཕན་དང་མི་སེར་ཕྱུག་འགྱུར་གྱི་ཐབས་ལམ་ལ་ཁ་ཚ་དགོས་གཏུག་གི་སློབ་གསོ་གནང་བས་མ་ཚད་ཆོས་ལུགས་གྲུབ་མཐའ་བར་གྱི་མཐུན་སྒྲིལ་དང་། ཚོ་བ་དང་ཚོ་བའི་བར།  གྲོང་པ་དང་ཡུལ་སྡེ་ཁྱིམ་མཚེས་བར་སོགས་སུ་མཐུན་སྒྲིལ་དང་འཆམ་མཐུན་གལ་ཆེན་ཡིན་ཚུལ་སོགས་དཔེ་དང་གཏམ་རྒྱུད། དངོས་བྱུང་གི་ལོ་རྒྱུས་དང་སྦྲགས་ཏེ་བཤད་པ་དང་། མི་རིགས་ཤིག་གི་སྤུས་ཚད་ཇེ་མཐོར་འགྲོ་དགོས་ན་མི་རིགས་དེའི་སློབ་གསོ་ལ་རག་ལས་པས་སློབ་གསོ་ནི་མི་རིགས་ཤིག་གི་བླ་སྲོག་ལྟ་བུ་ཡིན་པས་སློབ་གསོ་ལ་ངེས་པར་དུ་དང་དོད་བྱ་དགོས་ལ།  མི་རིགས་སློབ་གསོ་ལ་རྒྱལ་ཁབ་སྲིད་གཞུང་གིས་དམིགས་བསལ་སྲིད་ཇུས་ཀྱིས་རོགས་རམ་གནང་བཞིན་ཡོད་ལུགས་དང་བུ་ཕྲུག་སློབ་གྲྭར་མངག་ན་མ་འོངས་པར་ཤེས་ཡོན་རང་ལ་འབྱོར་ཚེ་བུ་སྐྱེས་ན་དགའ་ལྡན་ཁྲི་ལ་བདག་པོ་མེད་ཟེར་བ་ལྟར། ཤེས་འཇོན་ནུས་གསུམ་འཛོམས་པའི་བུ་ཕྲུག་གང་མང་འབྱུང་རྒྱུ་ཡོད་ལུགས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་སྙིང་དོན་དང་ཁྲིམས་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བའི་འདུ་ཤེས་དང་། བསམ་བློ་གསར་པ་དང་འཐབ་ཇུས་གསར་པས་བོད་ཡུལ་དར་སྤེལ་གཏང་དགོས་པའི་བསམ་བློ་ལ་གོ་རྟོགས་འབྱུང་དགོས་རྒྱུ་དང་། མ་འོངས་པར་བོད་ཡུལ་འཕེལ་རྒྱས་ལའང་ཁྲིམས་ལ་བརྟེན་དགོས་ཚུལ་དང་། སི་ཁྲོན་ཀྱི་འཕེལ་རྒྱས་སྐས་རིམ་གསར་པའི་ཐོག་སླེབ་རྒྱུ་ལ་ཡིད་ཆེས་བྱ་ཆོག་པ་སོགས་སྒྲོག་འགྲེལ་བྱས་ཡོད་པར་མ་ཟད། ཉེ་ལམ་འཛམ་གླིང་ན་བཅོས་ཐབས་མེད་པའི་འཇིགས་སུ་རུང་བའི་ཨེ་ཛི་ནད་ཀྱི་འབྱུང་རྐྱེན་དང་འགོས་ལམ། དེ་འགོག་པའི་ཐབས་ལམ། ཐུམ་འབུའི་ནད་དང་མོ་ནད་སོགས་ནད་རིགས་ཀུན་གྱི་འགོས་ལམ་དང་དེ་དག་སྔོན་འགོག་གི་ཐབས་ལམ་སོགས་གསལ་བཤད་བྱས་ཤིང་གཙང་སྦྲ་འཕྲོད་བསྟེན་གལ་ཆེ་ཚུལ་སོགས་གསལ་བཤད་བྱས་པས་མང་ཚོགས་ཀྱི་སེམས་སུ་གོང་རིམ་སྲིད་ཇུས་ཀྱི་གོ་རྟོགས་ཧ་ཅང་ལེགས་པོ་སད་ཡོད།

གོང་རིམ་ཏང་གི་སྲིད་ཇུས་བཟང་པོ་ཡི། །  སྙིང་དོན་དམངས་ཀྱི་སྙན་དུ་སྒྲོག་འགྲེལ་བྱས།

ཐེངས་འདིའི་སྒྲོག་འགྲེལ་ཚོགས་པའི་ཚོགས་མི་རྒྱལ་ཡོངས་རིམ་པའི་གཞི་རིམ་གྱི་རིགས་གཞུང་སྔོན་ཐོན་སྒྲོག་འགྲེལ་པ། ཁུལ་མི་རིགས་ལས་བྱེད་སློབ་གྲྭའི་དགེ་རྒན་ཨ་པད་དང་དཔལ་ཡུལ་རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་སངས་རྒྱས་ཉི་མ་སོགས་ཆེད་མཁས་སྒྲོག་འགྲེལ་པ་སྐོར་གཅིག་གིས་དགོན་སྡེ་དང་ཡུལ་ཤོག་ཁག་སོ་སོ་ནས་དགོན་པ་དག་གིས་ཆོས་འཆད་ཉན་གཙོ་བོར་བཟུང་ཞིང་རྒྱལ་ཁབ་ཀྱི་ཁྲིམས་ལྟར་དགོན་སྡེར་བདག་པོ་བྱས་ཤིང་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་འདིའི་མངའ་འོག་ཏུ་ཆོས་ལུགས་གང་དག་ཡོད་ན་དེ་དག་ཕན་ཚུན་བར་དུ་རོགས་འདེགས་ཀྱིས་འཆམ་མཐུན་བྱས་ཤིང་།  སྤྱི་ཚོགས་རིང་ལུགས་དང་ཏང་གི་མཐར་ཐུག་གི་དམིགས་ཡུལ་ནི་རྒྱ་ཆེ་བའི་མི་དམངས་མང་ཚོགས་ལ་བློ་གཅིག་སེམས་གཅིག་གིས་ཞབས་འདེགས་ཞུ་ཞིང་རྒྱ་ཆེ་བའི་མི་དམངས་མང་ཚོགས་འཚོ་བ་སྐྱིད་པོ་དང་དཔལ་འབྱོར་ཕྱུག་པོར་ཆགས་པའི་དོན་དུ་རང་སྲོག་བློས་གཏང་དགོས་ནའང་འགྱོད་པ་མེད་པ་ལྟ་བུ་ཡིན་པས་རང་ལས་གཞན་གཅེས་ཀྱི་བསམ་བློ་ནི་ཏང་གི་མཐར་ཐུག་གི་དམིགས་ཡུལ་ཡིན་པར་བརྟེན། སངས་རྒྱས་ཆོས་ལུགས་ཀྱི་དགོངས་དོན་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་དང་གཞན་ཕན་གྱི་དོན་ཡིན་པས་ཕན་ཚུན་འགལ་མེད་དུ་གནས་པས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ལྟར་མང་ཚོགས་ཀྱི་འཚོ་བ་འཕེལ་རྒྱས་ཀྱི་སླད་དུ་ཆོས་ལུགས་ཀྱིས་རམ་འདེགས་དང་ཟུང་འབྲེལ་ངང་འཆམ་མཐུན་བྱ་དགོས་ཞེས་བསྟན་པས་མ་ཚད། དགོན་སྡེ་ནི་མི་དམངས་ཀྱི་མིག་དཔེ་ཡིན་པས་དེ་ལུགས་ཀྱིས་དགོན་སྡེ་དག་གིས་ཆོས་འཆད་ཉན་གཙོ་བོར་བཟུང་ནས་ཆོས་ལུགས་གྲུབ་མཐའ་སོ་སོའི་བར་དུ་མཐུན་སྒྲིལ་དང་ཆོས་ལུགས་པ་ཕན་ཚུན་བར་ལ་ཆ་བཞག་བློ་འཁེལ་བར་བྱ་དགོས་ཤིང་། རྒྱལ་ཁབ་ཀྱི་ཁྲིམས་ལྟར་དགོན་སྡེ་དང་མི་དམངས་ལེགས་ལམ་ལ་ཞུགས་ཤིང་ཡུལ་སྡེ་བ་ཚང་མ་ཕན་ཚུན་འཆམ་མཐུན་གྱི་དཔལ་ལ་རོལ་རྒྱུ་དང་མཐུན་སྒྲིལ་ཕྱོགས་ལ་ཤུགས་འཕྱུང་དགོས་ལུགས་སོགས་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་ཡང་དང་བསྐྱར་དུ་གསུངས་ཡོད་པ་རེད།།

བྲག་འགོ་རྫོང་གི་མཚོ་འགོ་ཡུལ་ཤོག་གི་འབྲོག་མི་སངས་རྒྱས་དོན་གྲུབ་ཀྱིས་ཐེངས་འདིའི་སྒྲོག་འགྲེལ་གྱི་ཚོགས་འདུ་འདི་ཉོན་ཆེད་ད་ནངས་སྔ་མོ་ཆུ་ཚོད་ལྔ་པའི་སྟེང་ནས་རྟ་ལ་བཞོན་ཏེ་ལམ་ལ་ཞུགས་པ་ཡིན། ཆུ་ཚོད་བཞི་ལྷག་གིས་ད་གཟོད་ཡུལ་ཤོག་ཏུ་འབྱོར་ཐལ། ད་ཐེངས་ཀྱི་སྒྲོག་འགྲེལ་འདི་ཉན་པ་ནས་ངོ་མས་གོ་རྒྱུ་མང་པོ་འདུག   ད་སྔོན་ཉི་མ་ཡན་ཆད་དུ་འདི་འདྲ་བའི་ཚོགས་འདུ་ཞིག་ཚོགས་མྱོང་མེད་ལ། བརྒྱ་ལ་རེ་གཉིས་ཚོགས་ཡོད་པའི་དབང་དུ་བཏང་ནའང་ཚོགས་ཐོག་ཏུ་གོང་རིམ་གྱི་ཡིག་ཆ་འདི་རེད་ཟེར་བཞིན་ལས་བྱེད་པ་དག་གིས་ཤོག་ངོས་སུ་བལྟས་ནས་མདོ་གདུགས་སྒྲོལ་གསུམ་ཚར་གཅིག་བཀླགས་པ་ལྟར་ཚར་དུས་ཚར་སོང་ནི་རེད། དམངས་ཚོགས་ཀྱི་གོ་ཐུབ་མིན་ལྟ་མཁན་ཡོད་ནི་མ་རེད། མི་སེར་གྱི་གང་ནས་གོ་ཐུབ་གཅིག་ན་རྒྱ་སྐད་ཡིན་ནི་རེད། གཉིས་ན་རྒྱ་ཡིག་ཡིན་ནི་རེད། ད་ཐེངས་ནི་སྔོན་ཆད་དང་མི་འདྲ་ཀི། བོད་སྐད་ཀྱིས་གོང་རིམ་ཏང་དང་སྲིད་གཞུང་གི་སྲིད་ཇུས་འདི་དག་དམངས་ལ་འདི་ལྟར་གོ་ཤག་ཤག་གིས་གོ་བརྡ་སྤྲད་པ་འདི་ངོ་མས་བཀའ་དྲིན་ཆེ་ཀི།  བཤད་ཡོང་ན་ངེད་ཅག་འབྲོག་རྒན་དག་གི་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་ཟེར་བ་ཞིག་ལ་གོ་བ་ལོན་ཀི་མེད་ཟིག   ད་ཐེངས་ངོ་མས་འདི་ལྟར་བསྒྲགས་ཡོང་དུས་ང་ཚོའི་སེམས་སུའང་གོང་རིམ་གྱི་སྲིད་ཇུས་བཟང་པོ་ཡིན་པའི་གོ་བ་ལོན་ཡོད་པར་མ་ཟད། དམངས་ཕན་གྱི་རོགས་སྐྱོར་གང་མང་ང་ཚོས་ལོངས་སུ་སྤྱོད་ཆོག་ཀི་འདུག་ཅེས་ཡིད་སེམས་དགའ་བས་ཁེངས་ནས་གསར་འགོད་པར་དེ་ལྟར་བཤད།

གོང་རིམ་ཏང་གི་སྲིད་ཇུས་བཟང་པོ་ཡི། །  སྙིང་དོན་དམངས་ཀྱི་སྙན་དུ་སྒྲོག་འགྲེལ་བྱས།

ཐེངས་འདིའི་སྒྲོག་འགྲེལ་ཚོགས་པ་ས་གནས་གང་དུ་ཕྱིན་ནའང་ཞིང་འབྲོག་མི་སེར་ལ་ཕན་འབྲས་ཐོབ་ཡོད་པ་མངོན་གསལ་དོད་པོ་ཡིན་པ་ཟ་དང་ཟུར་གང་མང་ནས་མཐོང་ཐོས་སུ་གྱུར་ཡོད། སྒྲོག་འགྲེལ་ཆེད་མཁས་དགེ་རྒན་དག་གིས་ཀྱང་བོད་རང་སྐད་ཀྱིས་སྒྲོག་འགྲེལ་བྱས་ནས་དམངས་ལ་གོ་བརྡ་ལེགས་པོར་འཕྲོད་ཅིང་གོ་རྟོགས་སད་ཡོད་པས་སྒྲོག་འགྲེལ་པ་དང་གོང་རིམ་འབྲེལ་ཡོད་ལས་ཁུངས་དག་གིས་ཀྱང་བོད་ཀྱི་ཡུལ་ནས་བོད་པའི་མང་ཚོགས་དང་འབྲེལ་འདྲིས་ཀྱི་བྱ་བ་བསྒྲུབ་དགོས་ན་བོད་ཀྱི་སྐད་ཡིག་དགོས་མཁོ་ཆེ་ཞིང་མེད་དུ་མི་རུང་བའི་ངེས་ཤེས་ཟབ་མོ་རྙེད་ཡོད་པས་མ་ཚད། ཐེངས་འདིའི་སྒྲོག་འགྲེལ་བརྒྱུད་ནས་རྒྱ་ཆེ་བའི་མི་སེར་དང་ཏང་སྲིད་བར་ལ་སེམས་ཐག་ཇེ་ཉེར་ཕྱིན་ཡོད་པ་རེད།།

གོང་རིམ་ཏང་གི་སྲིད་ཇུས་བཟང་པོ་ཡི། །  སྙིང་དོན་དམངས་ཀྱི་སྙན་དུ་སྒྲོག་འགྲེལ་བྱས།

ཤེས་རྟོགས་བྱུང་བར་གཞིགས་ན། དཀར་མཛེས་ཁུལ་ཨུ་དང་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡིས་གཙོ་གཉེར་བྱས་ཏེ་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྙིང་དོན་སྒྲོག་འགྲེལ་ཚོགས་པ་ཆེད་དུ་བཙུགས་ཤིང་། རང་ཁུལ་གྱི་རྫོང་དང་གྲོང་ཁྱེར། ཁུལ་རིམ་པའི་སློབ་གྲྭ་དང་ལས་ཁུངས་སོགས་སུ་རྒྱ་བོད་སྐད་གཉིས་ཀྱི་ཤེས་འཇོན་ལྡན་པའི་ཕུལ་བྱུང་གི་སྒྲོག་འགྲེལ་པ་མི་སྣ་བཅུ་གསུམ་བདམས་ཤིང་། ཞིང་ཆེན་ནས་ཁྲིམས་ལུགས་ཆེད་ལས་དགེ་རྒན་གདན་དྲངས་པ་དང་རང་ཁུལ་གྱི་ཁུལ་རིམ་པའི་ཆེད་མཁས་དགེ་རྒན་སོགས་ཀྱིས་དར་མདོ་ནས་ཉིན་བདུན་གྱི་རིང་ལ་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྙིང་དོན་དང་ཁྲིམས་ལུགས་ཤེས་བྱ་སོགས་སློབ་ཁྲིད་བྱས་རྗེས། གཙོ་བོ་མང་ཚོགས་ལ་ཁ་གཏད་དེ་རྒྱ་ཆེ་བའི་ཞིང་འབྲོག་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་ལ་རྒྱུས་ལོན་འབྱུང་ཆེད་དང་། རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་མང་པོ་ཞིག་མི་སེར་ལ་གསེད་བཀྲོལ་བྱ་དགོས་པ་སོགས་ཀྱི་རྒྱུ་རྐྱེན་ལ་དམིགས་ནས་ཐེངས་འདིར་ཞིང་འབྲོག་མང་ཚོགས་ལ་ཁ་གཏད་དེ་བོད་སྐད་ཀྱིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྙིང་དོན་སྒྲོག་འགྲེལ་བྱས་པ་རེད།།

གོང་རིམ་ཏང་གི་སྲིད་ཇུས་བཟང་པོ་ཡི། །  སྙིང་དོན་དམངས་ཀྱི་སྙན་དུ་སྒྲོག་འགྲེལ་བྱས།

  • ལེ་ཚན་སྔོན་མ།:ལིའུ་ཁྲེང་མིང་གིས་རྟའུ་རྫོང་དུ་རྟོག་ཞིབ་གནང་།
  • ལེ་ཚན་རྗེས་མ།:ཉག་ཆུ་རྫོང་གིས་ཁམས་པའི་ཕོ་རྒོད་གྲོང་ཚོAབཞི་རིམ་པའི་མཛེས་ལྗོངས་ས་ཁུལ་སྐྲུན་འགོ་ཚུགས་པའི་མཛད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།