ལིའུ་ཁྲེང་མིང་གིས་རྟའུ་རྫོང་དུ་རྟོག་ཞིབ་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2017-07-11



ཟླ་བ7པའི་ཚེས4ནས6ཉིན་གྱི་བར། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་རྟའུ་རྫོང་དུ་ཕེབས་ནས་དབུལ་ཐར་འགག་སྒྲོལ་དང་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ལས་ཀར་རྟོག་ཞིབ་གནང་བ་རེད། ཁོང་གིས་རྟའུ་རྫོང་ལ་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་རང་ཁུལ་དུ་རྟོག་ཞིབ་གནང་དུ་ཕེབས་པའི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་སྙིང་དོན་སློབ་སྦྱོང་ལག་ལེན་མཐར་ཕྱིན་བྱས་ཏེ། དབུལ་ཐར་འགག་སྒྲོལ་གྱི་དམིགས་འབེན་ལས་འགན་ལ་དམིགས་ཤིང་། གཅིག་གྱུར་འཆར་འགོད་ཀྱིས་དབུལ་ཐར་འགག་སྒྲོལ་གྱི་དོན་ཆེན་ཨང་དང་པོ་དོན་ཐོག་འཁྱོལ་བར་བྱས་ཏེ་ཞིང་འབྲོག་དམངས་ཁང་པ་ཡག་པོའི་ནང་སྡོད་ཐུབ་པ་དང་འཚོ་བ་སྐྱིད་པོ་རོལ་ཐུབ་པ། གོམས་གཤིས་ཡག་པོ་ལོབ་ཐུབ་པ། དར་སྲོལ་ཡག་པོ་ཆགས་ཐུབ་པ་བཅས་བྱས་ནས་ཞིང་འབྲོག་དམངས་གསར་པ་བྱེད་གང་ཐུབ་བྱ་དགོས་ཞེས་ཐུགས་རེ་གནང་བ་རེད།

ལིའུ་ཁྲེང་མིང་སྔོན་རྗེས་སུ་རྟའུ་རྫོང་གི་དཔལ་སྨད་གྲོང་རྡལ་དང་ལུང་བསྟན་ཡུལ་ཚོ། གཤིས་ཆུ་གྲོང་རྡལ་བཅས་སུ་ཕེབས་ནས་དབུལ་ཐར་འགག་སྒྲོལ་དང་གྲོང་རྡལ་འཛུགས་སྐྲུན། ཐོན་ལས་འཕེལ་རྒྱས་བཅས་ཀྱི་ལས་ཀར་རྟོག་ཞིབ་དང་ཁྲིད་སྟོན་གནང་བ་རེད། ལིའུ་ཁྲེང་མིང་གིས་རྟའུ་རྫོང་གིས་ཉེ་བའི་ལོ་ཤས་རིང་ལ་འབད་བརྩོན་བྱས་ནས་འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་བཅས་ཀྱི་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་རྟའུ་རྫོང་གིས་མུ་མཐུད་ནས་ཐོབ་པའི་གྲུབ་འབྲས་སྲ་བརྟན་དུ་གཏང་དགོས་པ་དང་། གནད་དོན་ཁྲིད་ཕྱོགས་དང་དམིགས་འབེན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་སྔར་ལྷག་གིས་ལས་ཀ་ཁག་དམ་འཛིན་དང་ལེགས་འཛིན་བྱས་ནས་གྲུབ་འབྲས་འཐོབ་པ་བྱ་རྒྱུ་དང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་རང་ཁུལ་དུ་རྟོག་ཞིབ་གནང་དུ་ཕེབས་པའི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་སྙིང་དོན་དོན་ཐོག་འཁྱོལ་བར་སྐུལ་འདེད་གཏང་དགོས་ཞེས་ཐུགས་རེ་གནང་བ་རེད།

ལིའུ་ཁྲེང་མིང་གཤིས་ཆུ་གྲོང་རྡལ་ལུ་ཐོན་གྲོང་སྡེར་ཕེབས་ཤིང་འདི་ཟླའི་ནང་ཡུལ་མི་ཡོངས་རྫོགས་ཁང་པ་གསར་པའི་ནང་སྤོ་ཐུབ་པའི་གནས་ཚུལ་ཤེས་ཚེ་ཐུགས་མཉེས་པོར་བྱུང་བ་རེད། ཁོང་གིས་ཡུལ་མི་སྡོད་ཁང་ཡག་པོའི་ནང་བསྡད་པའི་གནད་དོན་ཐག་གཅོད་ཐུབ་པའི་རྨང་གཞིའི་ཐོག གནད་འགག་ནི་ཡུལ་མི་ཚོ་འཚོ་བ་སྐྱིད་པོ་རོལ་ཐུབ་པ་དང་གོམས་གཤིས་ཡག་པོ་ལོབ་ཐུབ་པ། དར་སྲོལ་ཡག་པོ་ཆགས་ཐུབ་པའི་ཐད་ལ་ཤུགས་བརྒྱག་དགོས། ཡུལ་མི་ཚོར་ལག་རྩལ་གསོ་སྦྱོང་དང་བསམ་བློའི་ཁྲིད་སྟོན་བྱས་ཏེ་གནས་སྤོ་དབུལ་སྐྱོར་གྱི་བྱེད་ཐབས་བརྒྱུད་ནས་འདེབས་གསོའི་ལག་རྩལ་ཁོང་དུ་ཆུད་པར་བྱས་ནས་ཞིང་འབྲོག་དམངས་གསར་པ་འགྱུར་དུ་བཅུག་དགོས་ཞེས་གསུངས་པ་རེད།

རྟོག་ཞིབ་ཁྲོད་དུ་ལིའུ་ཁྲེང་མིང་ད་དུང་ཆེད་དུ་ལུང་བསྟན་ཡུལ་ཚོའི་སྐྱེ་ཁམས་གསོ་སྤེལ་རྟེན་གཞི་འཛུགས་ཡུལ་དུ་ཕེབས་ནས་རྟོག་ཞིབ་གནང་བ་རེད། ཁོང་གིས་རྟའུ་རྫོང་གིས་མཐོ་སྒང་གི་སྤྱི་གནོད་མེད་པ་དང་ལྷད་མེད་སྐྱེ་ལྡན་ཐོན་རྫས་བཟོས་ཤིང་། སྤྱི་གཉེར་ཁང་གི་གསོ་སྤེལ་ཁང་གིས་དཔེ་སྟོན་བྱས་ཐོག་གསོ་སྤེལ་དུད་ཚང་གཙོ་བོར་བཞག་ནས་སྤྱི་གཉེར་ཁང་དང་རྟེན་གཞི། མཉམ་ལས་ཁང་། དབུལ་ཕོངས་ཞིང་དུད་བཅས་མཉམ་ཞུགས་བྱེད་པའི་འབྲོག་ལས་འཕེལ་རྒྱས་གཏོང་བའི་བྱེད་ཐབས་གསར་པ་འཚོལ་ཞིབ་བྱེད་པར་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་རྟའུ་རྫོང་གིས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་འབྲོག་ལས་འཕེལ་རྒྱས་གཏོང་བའི་མཐུན་རྐྱེན་གང་ལེགས་བཏོན་ཞིང་། ཞིང་ལས་དང་ཞིང་སྡེ་བཅོས་བསྒྱུར་ཟབ་སྤེལ་གཏོང་བ་དང་ཟུང་དུ་འབྲེལ་ཞིང་། ཚོང་གཉེར་གྱི་གཙོ་གཞི་དེ་བས་མང་པོ་གསོ་སྐྱོང་ནང་འདྲེན་བྱེད་པ་དང་། ས་གནས་ཀྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་རྟེན་གཞི་འཛུགས་ཤིང་ཟོང་རྟགས་གྲགས་ཅན་བསྐྲུན་པ། བཟོ་སྣོན་བཅས་བྱས་ཏེ་ཞིང་འབྲོག་དམངས་དེ་བས་མང་པོར་སྐུལ་ཁྲིད་བྱས་ཏེ་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱ་དགོས་ཞེས་གསུངས་པ་རེད།


  • ལེ་ཚན་སྔོན་མ།:ཁུལ་ཨུས་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་འགོ་ཁྲིད་ཚོ་ཆུང་གི2017ལོའི་གྲོས་ཚོགས་ཐེངས་གཉིས་པ་འཚོགས།
  • ལེ་ཚན་རྗེས་མ།:གོང་རིམ་ཏང་གི་སྲིད་ཇུས་བཟང་པོ་ཡི། ། སྙིང་དོན་དམངས་ཀྱི་སྙན་དུ་སྒྲོག་འགྲེལ་བྱས།
  • དོ་སྣང་ཆེ་བའི་རྩོམ།