དབུལ་ཐར་དམག་འཐབ་ལས་རྒྱལ་ཁ་ཡང་ཡང་ཐོབ།། དཀར་མཛེས་བོད་ཁུལ་དུ་རྣམ་པ་གསར་པ་མངོན།།

ལྷ་འཛོམས་ཀྱིས།        2020-05-29

   བགྲང་བྱ་བདུན་ཅུ་རིང་ལ་གངས་ལྗོངས་མཐོ་སྒང་དུ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ད་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་ལོ་ལྔའི་འཆར་འགོད་བཅུ་གསུམ་པ་མཇུག་བསྡུའི་ལོ་ཞིག་ཡིན་ལ། དབུལ་ཐར་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་ཆོད་པའི་ལོ་དང་དཀར་མཛེས་ཁུལ་བཙུགས་ནས་ལོ70འཁོར་བའི་ལོ་ཞིག་ཀྱང་རེད། ལོ་མགོར་གློ་བུར་དུ་བྱུང་བའི་ཏོག་གསར་གློ་རིམས་ཀྱི་མདུན་དུ་ཀྲུང་དབྱང་དང་ཞིང་ཆེན་དང་ཁུལ་ཏང་ཨུ་བཅས་ཀྱིས་མགོ་ཁྲིད་སྟོབས་དང་ལྡན་པ་གནང་འོག ཁུལ་ཡོངས་ཀྱི་གོང་འོག་ཚང་མས་མི་བརྒྱ་སེམས་གཅིག་དང་། ཕར་བ་གྲུ་འདེགས། དུས་ཚོད་དང་འགྲན་པ། རིམས་ནད་འགོག་བཅོས་ཚོད་འཛིན་བཅས་བྱས་ནས་རིམས་ཚུལ་འགོག་བཅོས་གནས་བབ་རྒྱུན་སྲིང་ལེགས་སུ་ཕྱིན་པ་དང་རྒྱུན་རྣམ་གྱི་རིམས་འགོག་ཚོད་འཛིན་གོ་རིམ་ལྡན་པའི་ངང་ཐུབ་པར་མ་ཟད། ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་དང་། ཚོང་ར་སླར་གསོ་དང་ལས་ཞུགས་སླར་གསོ། སློབ་ཞུགས་སླར་གསོ་བཅས་ཀྱི་གནས་བབ་ལེགས་སུ་ཆགས་པ་རེད། རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་རྒྱལ་ཁ་གཉིས་འཐོབ་པར་བརྩོན་ལེན་བྱ་ཆེད་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད།

    དཀར་མཛེས་ཁུལ་གྱི་ལོ་ངོ70ཡི་འཕེལ་རྒྱས་དང་འགྱུར་ལྡོག་གི་ལོ་རྒྱུས་ལ་བལྟས་ན། བརྗིད་ཉམས་ལྡན་པའི་འབད་འཐབ་ལོ་རྒྱུས་ཤིག་རེད་ལ་ཟིལ་རླབས་དགུང་འཕྱུར་གྱི་དབུལ་སྒྲོལ་དམག་འཁྲུག་ཅིག་ཀྱང་རེད། ལོ་ངོ70ཡི་འབད་འཐབ་ལྷོད་མེད་བྱས་པར་བརྒྱུད། མཛེས་སྡུག་ལྡན་པའི་དཀར་མཛེས་ཁུལ་དེ་རྗེས་ལུས་ནས་ཡར་ཐོན་དང་། དབུལ་ཕོངས་ནས་འབྱོར་ཕྱུག བཀག་སྡོམ་ནས་སྒོ་དབྱེ་བཅས་ཀྱི་རྒྱང་སྐྱོད་ལམ་བུའི་ཐོག་སྐྱོད་ཐུབ་པ་བྱུང་ཡོད། དཀར་མཛེས་བོད་རིགས་ས་ཁུལ་ནི་རྒྱལ་ཡོངས་ཀྱི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ14ཡི་གྲས་ནང་ཡོད་ལ། ཞིང་ཆེན་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི“ཡུག་སྦྲེལ་ཆེན་པོ་བཞིའི”འཐབ་ས་གཙོ་བོའི་གྲས་ནང་ཡང་ཡོད། 2014ལོར་ཁུལ་ཡོངས་སུ་དབྱེ་འབྱེད་གནད་ལ་སྨིན་པའི་གྲོང་ཚོ་དབུལ་པོ1360ཡོད་པ་དང་དུད་ཚང་དབུལ་པོ་ཁྲི51775ཡོད་པས་དབུལ་ཕོངས་མི་འབོར་ཁྲི22.0289ཟིན་ནས་ཁུལ་ཡོངས་ཀྱི་རྫོང(གྲོང་ཁྱེར)18ལ་ཁྱབ་ནས་ཡོད། དཀའ་ངལ་ཆེ་ན་ཡང་ཆོད་སེམས་དེ་བས་ཆེན་པོ་བཅངས་པ། འགྲན་སློང་དང་བྱེད་ཐབས་དེ་བས་མང་པོ་ཡོད། ཁུལ་ཡོངས་ཀྱི་གོང་འོག་ཚང་མ་དང་བོད་སྐྱོར་ལས་བྱེད་པ་ཚོས་ཁུལ་ཨུས་འགྱུར་མེད་སྟོབས་ལྡན་གྱིས་འགོ་ཁྲིད་གནང་འོག དཀའ་ངལ་ཁྱད་བསད་བཅས་བྱས་ཏེ་རང་ཁུལ་གྱི་དབུལ་ཐར་འགག་སྒྲོལ་གྱི་ལམ་བུའི་ཐོག་རྒྱལ་ཁའི་གཏམ་བཟང་ཡང་ཡང་བསྒྲགས་པ་སྟེ། འདི་ལོའི་སྤྱི་ཟླ2པའི་བར། ཁུལ་ཡོངས་ཀྱི་རྫོང་(གྲོང་ཁྱེར)18ཚང་མ་དབུལ་ཞྭ་ཕུད་ཞིང་དབུལ་ཕོངས་གྲོང་ཚོ1360ཚང་མ་དབུལ་ཕོངས་གྲལ་ནས་ཕྱིར་འཐེན་ཐུབ་པ་དང་མི་འབོར་དབུལ་པོ222986དབུལ་སྒྲོལ་ཐུབ་ཡོད། དབུལ་ཕོངས་ཐོན་ཚད་བརྒྱ་ཆ23.17ནས་བརྒྱ་ཆ0.23བར་ཆག་ཡོད་པ་རེད། རང་ཁུལ་གྱི་དབུལ་ཐར་འགག་སྒྲོལ་བྱེད་ཤུགས་ཆེ་བ་དང་། གཞི་ཁྱོན་ཆེ་བ། ཕན་འབྲས་བཟང་བ། ཤུགས་རྐྱེན་ཟབ་པ་བཅས་ནི་སྔར་བྱུང་མྱོང་མེད་པ་ཞིག་རེད། དབུལ་ཕོངས་གྲོང་ཚོ་དང་དབུལ་ཕོངས་མིན་པའི་གྲོང་ཚོའི་ཡོང་འབབ་འཕར་སྣོན་དང་ལས་ཞུགས། སྡོད་ཁང་། ཕྱིར་སྐྱོད་པ། སློབ་གསོ། སྨན་བཅོས། འཐུང་ཆུ། གློག་སྤྱོད་སོགས་ཀྱི་ཐད་ཕྱོགས་ཡོངས་ནས་ལེགས་བཅོས་བྱུང་ཡོད། དེ་ནས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་འཇགས་ཐོབ་ཚོར་བཅས་ཕྱོགས་ཡོངས་ནས་ཆེ་རུ་ཕྱིན་པ་དང་། རང་ཁུལ་གྱི་འགག་སྒྲོལ་གྲུབ་འབྲས་ཀྱང་ཞིང་ཆེན་ཡོངས་ཀྱི་སྔོན་ཐོན་གྲས་སུ་བསླེབས་ཡོད། ང་ཚོར་ལྷག་འཕྲོའི་དབུལ་ཕོངས་དུད་ཚང564དང་ས་ཁད་མཐོ་ཞིང་མཐའ་འཁོབ་ས་ཁུལ་གྱི་མང་ཚོགས་དབུལ་པོ2191དུས་བཀག་ལྟར་དབུལ་སྒྲོལ་ཐུབ་པ་དང་དུས་མཉམ་དུ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་དེ་བས་ཡིད་ཆེས་དང་དེ་བས་ཆེ་བའི་ཆོད་སེམས་ཡོད་དོ།། 


  • ལེ་ཚན་སྔོན་མ།:རྟའུ་རྫོང་གི་ཞིང་ལས་ཀྱི་ཁྱད་ཆོས་ཐོན་རྫས་ལས་སྣོན་གླིང་ཁུལ་འཛུགས་སྐྲུན་ལོ་མཇུག་ལ་ལེགས་གྲུབ་བྱུང་རེ་ཡོད།
  • ལེ་ཚན་རྗེས་མ།:དཀའ་སྤྱད་འབད་འཐབ་ལས་བདེ་སྐྱིད་ཀྱི་མེ་ཏོག་བཞད།
  • དོ་སྣང་ཆེ་བའི་རྩོམ།