རྩྭ་དགུན་འབུ་ཡིས་ངལ་ལས་ཡོང་འབབ་འཕར་བར་རམ་འདེགས་བྱེད།

ཡེ་མགོན་གྱིས་བསྒྱུར།        2020-05-22

སེར་ཤུལ་རྫོང་གིས་ཤིན་ཏུ་དབུལ་པོའི་ཡུལ་ཤོག(གྲོང་རྡལ)དབུལ་ཐར་རྒྱལ་ཁ་ཕུ་ཐག་གཅད་པའི་དུས་ཚོད་ལྡོག་རྩིས་བྱེད་པའི་དུས་རིམ་ལ་སླེབས།

ང་ཧྲེང་ཀྲེན་གྱི་འཚོ་བ་རོལ་སྟངས་ལ་འཕྲོད་འདུག   ལས་ཀའི་ཆ་རྐྱེན་ཡང་ཡག་མོ་རེད། ཟླ་བ་རེ་ལ་གླ་ཕོགས་སྒོར3000ལྷག་ཡོད་འདུག་ཅེས་སྤྱི་ཟླ5པའི་ཚེས15ཉིན་སེར་ཤུལ་རྫོང་ཁྲོ་ཤུལ་འགབ་མ་ཡུལ་ཤོག་བདེ་ཤིང་གྲོང་སྡེ་བཞི་པའི་གཞིས་མི་བྱམས་བསོད་རྒྱལ་གྱིས་སྨྱུག་འཛིན་པར་དེ་ལྟར་ངོ་སྤྲོད་བྱས་པ་རེད། 

བྱམས་བསོད་རྒྱལ་གྱིས་རྒྱ་སྐད་འདི་འདྲ་ཡག་པོ་བཤད་ཤེས་པ་ནི་འབྲོག་པའི་མཚན་མོ་སློབ་གྲྭའི་བཀའ་དྲིན་རེད། ཁོ་ཧྲེན་ཀྲེན་ལ་འབྱོར་རྗེས་མི་གཞན་དང་ཁ་བརྡ་ལབ་རེས་བྱེད་སྐབས་ཧ་ཅང་སྟབས་བདེ་མོ་ཡོད་པ་རེད། རྒྱུ་རྐྱེན་སྣ་ཚོགས་ཀྱིས་བྱམས་བསོད་རྒྱལ་གྱི་ཁྱིམ་ཐོར་ནས་ཡིད་ཐང་ཆད་པའི་དུས་རིམ་ཞིག་ཉམས་སུ་མྱོང་དགོས་ཐུག་མྱོང་ཞིང་།     རྫོང་དང་ཡུལ་ཤོག་གིས་ཀོང་ཏུང་ཧྲེང་ཀྲེན་གྱིས་ཁ་གཏད་རོགས་སྐྱོར་བྱེད་པ་དང་བསྟུན་ནས་ངལ་རྩོལ་མི་ལག་ཕྱིར་གཏོང་བྱེད་པའི་གནས་ཚུལ་ཚོར་བའི་སྐབས་སུ་ཁོས་ཀྱང་ཉམས་ཚོད་ལྟ་སར་སོང་ནས་ལམ་འགྲོ་རྒྱུ་བ་རེད། གསོ་སྦྱོང་བྱས་རྗེས་ཁོ་དང་ཕ་ཡུལ་གཅིག་པའི་འབྲོག་དམངས་ཚོ་དང་མཉམ་དུ་ནུབ་རྒྱུད་ཧྲེང་ཀྲེན་དུ་སོང་ནས་ལྷམ་བཟོ་སྤྱི་གཉེར་ཁང་ཞིག་གི་བཟོ་པར་གྱུར་ཅིང་། དབྱར་རྩྭ་དགུན་འབུ་རྐོ་བའི་སྐབས་སུ་སྤྱི་གཉེར་ཁང་གིས་ཆེད་དུ་ཁོ་ཚོར་དབྱར་རྩྭ་དགུན་འབུ་རྐོ་བའི་གུང་སེང་བཏང་ཡོད་ཅིང་། ངས་ལོ་གཅིག་གིས་ཡོང་འབབ་རྐྱང་པ་སྒོར་ཁྲི4ལྷག་རག་བཞིན་ཡོད། ངས་དངུལ་མང་ཙམ་གསོག་འཇོག་བྱས་ནས་ཁྱིམ་ཚང་གསར་པ་བསྐྱང་རྒྱུར་བརྩོན་ལེན་བྱས་པ་ཡིན་ཞེས་བྱམས་བསོད་རྒྱལ་གྱིས་རེ་བས་ཁེངས་པའི་ངང་ནས་དེ་ལྟར་བཤད་པ་རེད།

བསོད་གཡུང་ནི་རྩིག་བཟོ་ཤེས་མཁན་ཞིག་ཡིན་ཞིང་། ན་ནིང་ལོར་ལག་ཤེས་འདིར་བརྟེན་ནས་སྒོར་ཁྲི2རག་ཡོད་པས་མ་ཚད། ཁོས་ད་དུང་རླངས་འཁོར་གཏོང་ཤེས་པས་ཟུར་ལས་མེད་དུས་རྫོང་མཁར་ནས་ཁྲོ་ཤུལ་འགབ་མའི་བར་འགྲུལ་སྐྱེལ་བྱས་མཐར། ལོ་གཅིག་ལ་དེའི་ཐད་ཀྱི་ཡོང་འབབ་ཀྱང་སྒོར་ཁྲི3ལྷག་རག་པ་རེད། 

ཁྲོ་ཤུལ་འགབ་མའི་ཡུལ་ཤོག་སོག་སྐད་གྲོང་སྡེའི་གཞིས་མི་རིག་ལྷ་ཚང་ནི་དུད་ཚང་དབུལ་པོ་ཞིག་ཡིན་ཞིང་། རོགས་སྐྱོར་བྱེད་མཁན་སྡེ་ཚན་གྱིས་རྒྱབ་སྐྱོར་བྱས་འོག   གྲོང་སྡེ་ཡིས་སྒོ་རྩིས་ཚོང་ཁང་ཞིག་འཛུགས་གཉེར་བྱས་པ་རེད། རིག་ལྷ་སྒོ་རྩིས་ཚོང་ཁང་གི་དོ་དམ་མི་སྣ་ལ་བཀོད་བསྒྲིགས་བྱས་ནས་ཟླ་བ་རེར་གླ་ཕོགས་ཡོང་འབབ་སྒོར4000ཡོད་པ་རེད། ན་ནིང་ལོར་ཁོ་ཚང་གིས་དབྱར་རྩྭ་དགུན་འབུ་བརྐོས་ནས་ཡོང་འབབ་སྒོར་ཁྲི8རག་པ་དང་། གྲོ་མ་བཙོང་ནས་སྒོར9000ཙམ་རག་ཡོད། དེའི་ཐོག་ལ་སྲིད་ཇུས་རང་བཞིན་གྱི་ཡོང་འབབ་བསྣན་ན་ལོ་འཁོར་གཅིག་གི་ཡོང་འབབ་སྒོར་ཁྲི15ལ་ཟིན་པ་རེད། རྫོང་དང་ཡུལ་ཤོག་གིས་ལས་ཞུགས་ལ་བརྟེན་ནས་དབུལ་སྐྱོར་བྱས་པར་བརྟེན། ཁོ་ཚང་ལ་རང་ཉིད་ཀྱི་སྒོ་ཁ་ནས་ལས་ཞུགས་བྱེད་ཆོག་པའི་རྣམ་པ་མངོན་འགྱུར་བྱེད་དུ་བཅུག་པ་རེད། སེར་ཤུལ་རྫོང་གིས་ཉག་ཆུ་སྟོད་རྒྱུད་དུ་གནས་པའི་དབོན་པོ་གྲོང་རྡལ་དང་ཝ་ཤུལ་ཡུལ་ཤོག    ཁྲོ་ཤུལ་འགབ་མ་ཡུལ་ཤོག  ཁྲོ་ཤུལ་གོང་མ་ཡུལ་ཤོག་བཅས་ཡུལ་ཤོག (གྲོང་རྡལ)ལྔའི་དུད་ཚང97གྱི་མི་གྲངས407སྤྱི་ཟླ6པའི་ཚེས30ཉིན་གྱི་སྔོན་དུ་དབུལ་ཐར་ལས་འགན་ལེགས་སུ་འགྲུབ་རྒྱུ་ཡིན་ཞིང་། ཏོག་གསར་རིམས་ཚུལ་གྱིས་ཐེབས་པའི་ཤུགས་རྐྱེན་མེད་པ་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་རྒྱུན་མཐུད་དུ་སྲུང་འཛིན་བྱ་ཆེད། ན་ནིང་ལོར་རང་སྐྱོང་ཁུལ་དང་རྫོང་གི་ཁེ་ལས་སུ་མི་སྣ་ཁྱོན་བསྡོམས54ལས་ཞུགས་བྱས་པའི་རྨང་གཞིའི་ཐོག   ད་ལོར་རྫོང་དེས་གྲོང་སྡེ་དབུལ་པོ་སོ་སོའི་དོན་དངོས་ལ་གཞིགས་ནས་སྤྱི་ཕན་རང་བཞིན་གྱི་ལས་རྐང150གསར་གཏོད་བྱས་ཡོད། དེ་མིན་གྱི་དུད་ཚང་དབུལ་པོའི་ངལ་རྩོལ་མི་ལག343དེ་གྲོང་སྡེའི་མཉམ་ལས་ཁང་དང་འཛུགས་སྐྲུན་ཨར་ལས་བྱ་ཡུལ་སོགས་སུ་ལས་ཞུགས་བྱེད་བཅུག་པ་རེད། 

2019ལོར་སེར་ཤུལ་རྫོང་གིས་མ་དངུལ་སྒོར་ཁྲི500བཏང་ནས་ཤིན་ཏུ་དབུལ་པོའི་ཡུལ་ཤོག(གྲོང་རྡལ)ལྔའི་ནང་ཐུན་མོང་འབྲོག་ར5འཛུགས་སྐྱོང་བྱས་ནས་དུད་ཚང་དབུལ་པོ110སྐུལ་ཁྲིད་བྱས་མཐར། དུད་ཚང་རེའི་ཡོང་འབབ་འཕར་སྣོན་བྱུང་ཚད་སྒོར300ཡན་ཆད་ལ་ཟིན་པ་རེད། ཐུན་མོང་འབྲོག་ར་འཛུགས་གཉེར་བྱས་རྗེས། ལོ་རེར་བཤས་ཁོངས་སུ་གཏོང་བའི་གནག་ཕྱུགས་དང་བོད་ལུག1500གསར་སྣོན་བྱུང་ནས་འཕར་སྣོན་རིན་ཐང་སྒོར་ཁྲི85གསར་འཕར་བྱུང་སྟེ་ཡོང་འབར་ཁེར་རྐྱང་སྒོར་ཁྲི33ལ་ཟིན་པ་རེད།། (ཡེ་མགོན་གྱིས་བསྒྱུར། )


  • ལེ་ཚན་སྔོན་མ།:མི་འདང་ས་ཁ་གསབ་བྱས་ནས་དབུལ་ཐར་ཡོང་བར་བྱེད།
  • ལེ་ཚན་རྗེས་མ།:བྲག་མགོ་རྫོང་གིས་སྣེ་ཁྲིད་ཁེ་ལས་གསོ་སྐྱོང་སྟབས་གཏོང་བར་དམ་འཛིན་དོ་ནན་བྱས།
  • དོ་སྣང་ཆེ་བའི་རྩོམ།