མི་འདང་ས་ཁ་གསབ་བྱས་ནས་དབུལ་ཐར་ཡོང་བར་བྱེད།

དབྱངས་ཅན་གྱིས་བསྒྱུར།        2020-05-22

རང་ཁུལ་གྱིས་གནད་སྨིན་ཇུས་འདོན་བྱས་ཏེ་དབུལ་ཐར་འགག་སྒྲོལ་ལས་རྒྱལ་ཁ་ཕུ་ཐག་ཆོད་པའི་དངོས་བྲིས།


     ད་ལོ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་མཇུག་བསྡུ་བའི་ལོ་ཡིན་ལ་དབུལ་ཐར་འགག་སྒྲོལ་ལས་རྒྱལ་ཁ་ཕུ་ཐག་ཆོད་པའི་ལོའང་ཡིན་པ་རེད། ཐོལ་བྱུང་གི་ཏོག་གསར་གློ་རིམས་ཀྱིས་རང་ཁུལ་གྱི་གཏན་འཁེལ་དམིགས་ཡུལ་གྱི་ལས་འགན་ལེགས་འགྲུབ་ཡོང་བ་དང་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་གཏོང་བར་འགྲན་སློང་དྲག་པོ་བཟོས་ཡོད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མི་དམངས་གཙོ་བོར་བྱས་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་དམངས་འཚོའི་དོན་དངོས་ཀྱི་ལས་ཀ་ཏན་ཏིག་ཡག་པོ་བསྒྲུབས་པ་རེད། གནད་དོན་དག་བཅོས་བྱེད་པར་དམིགས་ནས་ཁྱོན་ཡོངས་ནས་དབུལ་ཐར་འགག་སྒྲོལ་གྱི་མི་འདང་ས་དང་ཞན་ཆའི་ལས་ཀ་གསབ་སྒྲུབ་བྱེད་ཅིང་། རྩིས་ཁྲ་ལམ་ལུགས་དང་འགན་འཁྲི་ལམ་ལུགས། དུས་བཅད་ལྟར་སྒྲུབ་གཉེར་བྱེད་པའི་ལམ་ལུགས་བཅས་ཀྱི་བླང་བྱ་ལྟར། མི་འབོར་དབུལ་ཕོངས་ལྷག་མའི་དབུལ་ཐར་འགག་སྒྲོལ་གྱི་ལས་ཀ་ཡག་པོ་སྒྲུབ་ཅིང་། ལས་སྒོ་གཉིས་མཉམ་སྒྲུབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཡུལ་བབ་དང་བསྟུན་ཏེ་ཐོན་ལས་དང་ལས་ཞུགས་ཀྱི་ལས་ཀ་ཡག་པོ་འཛིན་པ་དང་། ཡང་བསྐྱར་དབུལ་པོར་འགྱུར་བར་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་གྱི་ནང་རྐྱེན་འཛུགས་གཉེར་མགྱོགས་མྱུར་བྱས་ཏེ། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་རྗེས་མཐུད་ལས་ཀ་སྒྲུབ་ཤུགས་ཆེ་རུ་བཏང་སྟེ་ཐབས་མང་མཉམ་འདོན་གྱིས་དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་བཏང་བ་རེད།

       གྲུབ་འབྲས་སྲ་བརྟན་བཏང་ནས་དབུལ་པོ་བསྐྱར་ལོག་གི་གནད་དོན་ཐག་གཅོད་བྱས།

      དཔྱིད་དཔལ་རྒྱས་པའི་དུས་བཟང་དུ་ས་གཞི་ཡོངས་སུ་གཡུ་ཡི་གོས་བཟང་བཀླུབས། སྤྱི་ཟླ4པའི་ཟླ་སྟོད་དུ་ལྕགས་ཟམ་རྫོང་གདན་ཐོག་གྲོང་རྡལ་ལྷོ་སྣེ་གྲོང་སྡེའི་མུའུ900ལྡན་པའི་འབྲས་ཤིང་ལྡུམ་ཁུལ་དུ་ཤིང་ཏོག་སྔོ་འབྲས་ཚ་ལུ་མ་སེར་ཐིང་ངེར་གྱུར་ནས་མཛེས་སྡུག་རབ་ཏུ་མངོན་པ་རེད། སྔོན་ཆད་སྤྱི་ཟླ2པའི་ཟླ་སྟོད་དུ་ཁྲེང་ཏུའུ་དང་། ཧུའུ་ནན། ཀྲེ་ཅང་སོགས་ས་ཆ་ནས་འོངས་པའི་ཚོང་དཔོན་གྱིས་ཤིང་ཏོག་སྡེབ་འཚོང་བྱས་ཏེ་རྒྱ་མ་གོང་རེར་སྒོར1.5ཡས་མས་རག་ཐུབ་ཀྱི་ཡོད་པས།  ཉིན20ལས་མི་དགོས་པར་ཤིང་ཏོག་སྔོ་འབྲས་ཚང་མ་བཙོངས་ཚར་འགྲོ་བ་རེད།

  ད་ལོའི་ཤིང་ཏོག་སྔོ་འབྲས་ཚ་ལུ་མ་ཐོན་ལེགས་བྱུང་ནའང་རིམས་ནད་རྐྱེན་གྱིས་ཚོང་བྲིན་མི་ཐུབ་ནས་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད། ལྷོ་སྣེ་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་སུན་ཨན་མིང་གིས་གསར་འགོད་པར་བཤད་རྒྱུར། ཏོག་གསར་གློ་རིམས་ཀྱི་ཤུགས་རྐྱེན་ཐེབས་ནས་ཤིང་ཏོག་སྔོ་འབྲས་མང་ཆེ་བ་ད་དུང་འཚོང་ཐབས་བྲལ་བར་བརྟེན།  གདན་ཐོག་གྲོང་རྡལ་དང་གྲོང་སྡེའི་ཨུ་ལྷན་གཉིས་ཀྱིས་དཀར་མཛེས་ཁུལ་གྱི་གློག་རྡུལ་ཚོང་སྟེགས་ལ་བརྟེན་ནས་ཁྲེང་ཏུའུ་དབྱི་ཐེང་དབྱང་ཧྭའི་ཚོང་ཁང་ཁྲོད་བྲིན་འཚོང་བྱས་ཀྱང་བསྡོམས་པས་རྒྱ་མ་སྟོང་ཕྲག་འགའ་ལས་འཚོང་མེད་པ་རེད།

 གྲོང་མི་ཙན་ཧྲུའུ་ཅུན་གྱིས་ཁོ་ཚོས་མུའུ4ལ་ཉེ་བའི་ཤིང་ཏོག་སྔོ་འབྲས་ཚ་ལུ་མ་བཙུགས་ཡོད། སྤྱི་ཟླ་དང་པོའི་ཟླ་མཇུག་ནས3པའི་ཟླ་མཇུག་བར་དྲྭ་ཚུགས་དང་འཕྲིན་ཕྲན་ཐོག་ནས་བྲིན་འཚོང་བྱེད་པ་དང་། ཁེ་ཚོང་པས་ཉོ་སྒྲུབ་དང་ལམ་མགྲོན་གྱིས་འཐོག་པ་སོགས་ཀྱི་བྱེད་སྟངས་སྤྱད་ནས་རྒྱ་མ4000ལྷག་བཙོངས་ཚར་ནས་ད་དུང་རྒྱ་མ་ཁྲི3ལྷག་ཤིང་སྡོང་ཐོག་ལུས་ནས་སྔོན་ཆད་ལས་ཡོང་འབབ་སྒོར་ཁྲི་གཉིས་ཙམ་ཉུང་རྒྱུ་རེད་ཅེས་བཤད།

 སུན་ཨན་མིང་གིས་གསར་འགོད་པར་ལྷོ་སྣེ་གྲོང་སྡེར་ས་ཞིང་མུའུ1200ཡོད། དེའི་ནང་གི་ཞིང་མུའུ900ཁྲོད་ཤིང་ཏོག་སྔོ་འབྲས་བཙུགས་ནས་ལོ་རེར་ཐོན་ཚད་རྒྱ་མ་ཁྲི900ཡན་མན་ཡོད་འདུག 2010ལོར་གྲོང་སྡེར་སྔོ་འབྲས་ཚ་ལུ་མ་དང་ལག་སིལ་སོགས་ཐོན་ལས་ཀྱི་རྣམ་པ་ཆགས་ནས་ལོ10རིང་གི་འཕེལ་རྒྱས་བྱུང་རྗེས་གཞི་ཁྱོན་ལྡན་པའི་ཐོན་ལས་གྲུབ་པ་རེད། ད་ཆ་གྲོང་པ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར12000ལས་བརྒལ་བ་རེད། གྲོང་སྡེར་ཁྱིམ་ཚང་གི་བསགས་དངུལ་མང་ཆེ་ཤོས་ལ་སྒོར་ཁྲི་བཅུ་ཕྲག་ཁ་ཤས་དང་ཁྱིམ་ཚང་ཕལ་ཆེར་སྒོར་ཁྲི་བཅུ་ཁ་ཤས་ཡོད། ད་ལོར་སྔོ་འབྲས་ཀྱི་ཚོང་བྲིན་པོ་མིན་སྟབས་སྔོ་འབྲས་ཕྱེད་ཀ་ད་དུང་ཤིང་སྡོང་ཐོག་ཏུ་ལུས་ཏེ་ཤིང་འབྲས་འདེབས་ལས་པའི་ཡོང་འབབ་ཉུང་དུ་ཕྱིན་ངེས་ཡིན་པས་ང་ཚོར་སེམས་ཁྲལ་ཧ་ཅང་ཆེ་བ་རེད།  ཡིན་ནའང་ང་ཚོས་ཤིང་འབྲས་འདེབས་མཁན་ཚོར་ཡལ་ག་འབྲེག་པ་དང་ལུད་རྒྱག་དགོས་པའི་སྐུལ་སློང་བྱས་པ་ཡིན། རིམས་ནད་ཀྱི་གནས་ཚུལ་འཇགས་རྗེས་ང་ཚོའི་གྲོང་སྡེའི་དཔལ་འབྱོར་ལོ་ཏོག་ལ་ཟོང་རྟགས་གྲགས་ཅན་དང་འཚོང་ལམ་ཡོད་པས། ཐོན་ལས་འཕེལ་རྒྱས་ཀྱི་དམིགས་ཡུལ་དམ་འཛིན་བྱས་ན་རིམས་ནད་ཀྱིས་བཟོས་པའི་ཤུགས་རྐྱེན་ངན་པའི་དཀའ་ངལ་ཁྱད་བསད་བྱ་ཐུབ་ངེས་རེད་ཅེས་བཤད་པ་རེད།

རིམས་ནད་ཀྱིས་ཤུགས་རྐྱེན་ཐེབས་ནས་སྤྱི་ཟླ3པའི་ཟླ་དཀྱིལ་བར་དུ་ལས་མགོ་བསྐྱར་འཛུགས་བྱེད་ཡུན་ཕྱིར་འགྱངས་བྱས་ཤིང་། ལས་བཟོ་ཚོ་ཚན་པ་དང་ཐེངས་གྲངས་བགོས་ནས་ལས་གནས་སུ་ཕྱིར་ལོག་དགོས་པ་དང་།དངོས་ཟོག་མཁོ་སྤྲོད་ཐོགས་མེད་མིན་པ་སོགས་ཀྱི་རྐྱེན་གྱིས་ཁུལ་ནང་གི་ཞིང་ལས་ཐོན་ལས་ཅན་དུ་འགྱུར་བའི་གཙོ་ཁྲིད་ཁེ་ལས་བརྒྱ་ཆ50དུས་ཚོད་ཐུང་ཐུང་ནང་ལས་མགོ་བསྐྱར་འཛུགས་བྱེད་དཀའ་བ། གནས་སྐབས་སུ་ཚོང་ཟོག་མངག་ཐོ་མེད་པའམ་ཡང་ན་ཚོང་ཟོག་མངག་ཐོ་མེད་པར་བྱས་པའི་རྐྱེན་གྱིས་ལས་མགོ་བསྐྱར་འཛུགས་བྱས་མེད་པའི་ཁེ་ལས10ཡོད། ཁེ་ལས་འགའ་ཤས་ཀྱིས་ལས་མགོ་བསྐྱར་འཛུགས་བྱས་ཀྱང་ལས་བཟོ་མི་འདང་བའམ་ཡང་ན་གླ་ཕོགས་སྤྲོད་མི་ཐུབ་པའི་གནད་དོན་འཕྲད་ཅིང་། གསོ་སྤེལ་ལས་རིགས་གཙོ་བོར་བྱས་པའི་ཐུན་མོང་དཔལ་འབྱོར་དང་། གཟན་ཆག་སོགས་ཞིང་སྤྱོད་དངོས་རྫས་དུས་ཐོག་ཏུ་གསབ་འདོན་བྱེད་མི་ཐུབ་པ། རྒྱུ་རྐྱེན་སྣ་ཚོགས་ཀྱིས་ཚོང་གཉེར་གྱི་གྲུབ་ཆ་གཙོ་བོའི་མ་གནས་ཆེ་རུ་སོང་བ། ཁྲོམ་ར་བོགས་གླ་གཏོང་བ་དང་རྒྱུ་ནོར་འཁོར་རྒྱུག་བྱས་པའི་ཁེ་ལས་འགའ་ཡིས་ཚོང་གཉེར་ཡོང་འབབ་དམའ་རུ་ཕྱིན་པ་དང་ཁྲལ་བསྡུའི་འགྲོ་སྒོའི་གནོན་ཤུགས་ཕྲག་ཏུ་འཁུར་དགོས་པ་རེད།

  རྒྱ་ཆེ་བའི་འཛད་སྤྱོད་པ་ཁྱིམ་དུ་སྡོད་དེ་རིམས་ནད་འགོག་སྲུང་བྱེད་ཅིང་། ཟ་ཁང་དང་མགྲོན་ཁང་སོགས་ཕལ་ཆེར་ཚོང་གཉེར་བྱེད་མཚམས་བཞག་ནས་འཛད་སྤྱོད་པའི་དགོས་མཁོ་སྐོང་ཐབས་བྲལ་བ་དང་། ཁུལ་ནང་གི་ཞིང་ལས་དང་འབྲེལ་བའི་ཁེ་ལས་དང་མཉམ་ལས་ཁང་གི་ཞིང་འབྲོག་ཐོན་རྫས་དག་གནས་སྐབས་རང་བཞིན་གྱི་ཕྱིར་ཚོང་བྱེད་དཀའ་བ་རེད། ཞིང་ལས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་དང་།  ནོར་ཕྱུགས་དང་བྱ་རིགས་གསོ་སྤེལ། དུས་ཚིགས་དང་འཕྲོད་པའི་སྔོ་ཚལ་གསར་པ་དང་ཤིང་ཏོག་སོགས་དབུལ་སྐྱོར་ཐོན་རྫས་བྲིན་མི་ཐུབ་པ་དང་། ཧྲེང་ཧོང་ཞིང་ལས་སྤྱི་གཉེར་ཁང་དང་ཡུན་རིང་མཉམ་ལས་བྱེད་བཞིན་པའི་ཞིང་ལས་ཐོན་རྫས་ཚོང་གཉེར་བྱེད་མཁན་ཕལ་ཆེར་ལས་མཚམས་བཞག་ཟིན་པའི་ཐོག མི་སྣ་སྒོ་ཕྱིར་འགྲོ་མི་ཐུབ་པའི་རྐྱེན་གྱིས་ལྡུམ་སྒོང་དང་ཞོག་ཁོག་སོགས་ཞིང་ལས་ཐོན་རྫས་རྒྱུན་ལྡན་ལྟར་སྐྱེལ་ཐབས་བྲལ་ནས་བྲིན་ཚད་ཇེ་ཉུང་དུ་ཕྱིན་པ་རེད།

  སྤྱི་ཟླ4པ་ནས་བཟུང་གསར་འགོད་པ་དུང་དཀར་ལུང་པ་དང་། ལྕགས་ཟམ་ཁ། རོང་བྲག དར་མདོ། བརྒྱད་ཟིལ་སོགས་རྫོང་(གྲོང་ཁྱེར)ལ་ཕྱིན་སྐབས། ས་གནས་སོ་སོའི་ཞིང་འབྲོག་མང་ཚོགས་ཀྱིས་དཔྱིད་རྨོད་ཀྱི་གོ་སྐབས་བཟང་པོ་དང་བསྟུན་ནས་དཔྱིད་རྨོད་ཐོན་སྐྱེད་ཀྱི་ལས་ལ་བྲེལ་བཞིན་པ་རེད། ཡིན་ནའང་རིམས་ནད་ཀྱིས་ཤུགས་རྐྱེན་ཐེབས་ནས་རང་ཁུལ་གྱི་ཡུལ་སྐོར་དང་འབྲེལ་བའི་ཐོན་ལས་གནོད་སྐྱོན་ཆེན་པོ་བཟོས་ནས། ལྗོངས་ཁུལ་དང་ཡུལ་མིའི་སྣེ་ལེན་སྡོད་ཁང་ཚང་མས་འགྲུལ་པ་སྣེ་ལེན་བྱེད་མཚམས་བཞག་འདུག ལྕགས་ཟམ་རྫོང་མཚོ་གཉིས་ཡུལ་ཤོག་གི་ཞིང་པའི་སྤྲོ་སྐྱི་གླིང་གི་སྦྱིན་བདག་ཏིང་ཨན་མེ་ཡིས་གསར་འགོད་པར་ཁོ་མོ་ཁྱིམ་ཚང་གིས་འདི་ལོའི་དཔྱིད་གསར་དུས་ཆེན་གྱི་ཚེས་གཅིག་ནས་ཚེས་དྲུག་ཉིན་གྱི་བར་མི་གྲངས300ཡས་མས་ལ་སྣེ་ལེན་བྱ་རྒྱུའི་སྔོན་བཀོད་བྱས་ཟིན། ཡིན་ནའང་ཐོལ་བྱུང་གི་ཏོག་གསར་གློ་རིམས་ཀྱིས་ཚོང་ཟོག་མངག་ཐོ་ཡོད་ཚད་མེད་པར་མི་བཟོ་ཐབས་མེད་བྱུང་། ཟླ་བ3གི་རིང་ལ་ཡོང་འབབ་ཅི་ཡང་མེད་པས་ད་ལོའི་དུས་མཉམ་ལས་ཡོང་འབབ་སྒོར་ཁྲི40ཉུང་བ་རེད། རོང་བྲག་གྱ་གྱུའི་བོད་གྲོང་གི་ཀུའེ་ཧྭ་བུ་མོ་སྤུན་གསུམ་གྱི་ཡུལ་མིའི་སྣེ་ལེན་སྡོད་ཁང་སོགས་འགྲུལ་ཁང་གི་སྦྱིན་བདག་ཚོར་སེམས་ཁྲལ་གྱི་གནད་དོན་འདྲ་མཚུངས་འཕྲད་ནས་ཡུལ་སྐོར་ལས་རིགས་ལ་གྱང་གུན་ཚབས་ཆེན་ཐེབས་པ་རེད།

  དབུལ་ཐར་འགག་སྒྲོལ་གྱི་ལས་མཇུག་བསྒྲིལ་བའི་ལོར་རིམས་ནད་ཀྱིས་ཤུགས་རྐྱེན་ཐེབས་ནས། རང་ཁུལ་གྱི་ལས་དོན་ཁག་གི་འགན་འཁྲི་དེ་བས་ལྕི་བ་དང་བླང་བྱ་དེ་བས་ནན་པ། ཐོབ་དཀའ་བའི་དབུལ་ཞྭ་ཕུད་པའི་གྲུབ་འབྲས་སྲ་བརྟན་བཏང་ནས་དབུལ་ཐར་གྱི་སྤུས་ཚད་མཐོར་འདེགས་དང་། དབུལ་པོར་གྱུར་བ་དང་དབུལ་པོ་བསྐྱར་ལོག་གི་གནས་ཚུལ་སྔོན་འགོག་བྱ་དགོས། རང་ཁུལ་དུ་སྔར་བཞིན་དཀའ་ངལ་གྱི་གནད་དོན་དང་འགྲན་སློང་མང་པོ་འཕྲད་བཞིན་པ་རེད།  

 ཤིན་ཏུ་དབུལ་ཕོངས་ཀྱི་གནས་ཚུལ་སྔར་བཞིན་གནས་ཡོད། ཁུལ་ཡོངས་སུ་ད་དུང་དབུལ་ཐར་བྱུང་མེད་པའི་དུད་ཚང564ཡི་མི་གྲངས2191ཡོད་པ་ནི་རང་ཁུལ་གྱི་དབུལ་ཐར་འགག་སྒྲོལ་གྱི་ཆེས་དཀའ་གནད་ཆེ་བའི་ལས་ཀ་ཡིན་འདུག ཉག་ཆུའི་སྟོད་རྒྱུད་ཀྱི་རྫོང4ཡི་འབྲེལ་མཚམས་ས་ཁུལ་གྱི་ཡུལ་ཤོག་དང་གྲོང་རྡལ24གཅིག་བསྡུས་ཡུག་འབྲེལ་གྱི་ཤིན་ཏུ་དབུལ་ཕོངས་ས་ཁུལ་ཡིན་པས་ད་དུང་འགག་གནད་སྒྲོལ་ཐུབ་མེད་པ་རེད། མང་ཚོགས་དབུལ་ཕོངས་འགའ་ལ་ཡར་བརྩོན་གྱི་བསམ་ཚུལ་མེད་ནས་ད་ཡོད་ཀྱི་གནས་ཚུལ་ལ་ཡིད་ཚིམ་པ་དང་། སྒུག་རྟེན་གྱི་བསམ་པ་འདོར་མེད་པ་དང་གསེར་གྱི་ཕོར་པ་ཁྱེར་ནས་སློང་མོ་བྱེད་པ་སོགས་ཀྱི་གནད་དོན་ད་དུང་མཐའ་གཅིག་ཏུ་འཕོ་འགྱུར་བྱུང་མེད་པས། མཚོ་འཕགས་མཐོ་བའི་ས་ཁུལ་དང་འབྲོག་ཁུལ་མང་ཚོགས་ཀྱི་འཚོ་བའི་གོམས་གཤིས་ངན་པར་འཕོ་འགྱུང་གཏོང་བར་ད་དུང་ལས་འགན་ལྕི་ལ་ལམ་ཐག་རིང་བ་རེད།

  དབུལ་པོར་འགྱུར་པ་དང་དབུལ་པོ་བསྐྱར་ལོག་གི་ཉེན་ཁ་ཆེ་ཞིང་། དབུལ་ཐར་དུད་ཚང་འགའ་ཡི་སྲིད་ཇུས་ཀྱི་སྤོ་སྒྱུར་རང་བཞིན་ལྡན་པའི་ཡོང་འབབ་བཟུང་ཚད་མཐོ་ནས་ཉེན་འགོག་བྱེད་ནུས་ཞན་པ་དང་།  གནས་བབས་རང་བཞིན་གྱི་ལེགས་སྒྲིག་བྱས་པའི་ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་དབུལ་པོ51027ཁྲོད། 2019ལོ་སྲིད་ཇུས་ཀྱི་སྤོ་སྒྱུར་རང་བཞིན་གྱི་ཡོང་འབབ་དེ་ཁྱིམ་ཚང་གི་མི་རེའི་ཡོང་འབབ་ཁེར་གཙང་གི་བརྒྱ་ཆ42བཟུང་བ་དང་། མ་མཐའི་འཚོ་རྟེན་འགན་སྲུང་གི་སྲིད་ཇུས་ལོངས་སུ་སྤྱོད་མཁན་གྱིས་བརྒྱ་ཆ43.1བཟུང་བ། ཁྱིམ་ཚང་གི་མི་རེའི་ཡོང་འབབ་ཁེར་གཙང་སྔར་བཞིན་སྒོར4000ལས་མེད་པའི་དུད་ཚང146དང་སྒོར5000ལས་མེད་པའི་དུད་ཚང6066ཡོད། ནད་དང་གེགས་རྐྱེན་གྱིས་དབུལ་པོར་གྱུར་པའི་དུད་ཚང4245ཡོད་པས་བརྒྱ་ཆ8.32བཟུང་ཡོད། དབུལ་ཐར་ཐོན་ལས་ཀྱི་གནས་ཚུལ་སྔར་བཞིན་ཞན་པ་དང་། ཞིང་སྡེའི་མི་འདང་སའི་གནད་དོན་ད་དུང་སྔར་བཞིན་མངོན་གསལ་ཡིན་པ་རེད།

   མི་འདང་ས་ཁ་གསབ་བྱས་ཏེ་ཤིན་ཏུ་དབུལ་ཕོངས་ཀྱི་འགག་ལས་བསྒྲལ།

  དཔྱིད་མཇུག་དང་དབྱར་ཐོག་གི་ཞོགས་པ་ཞིག་ལ་ཕྱག་ཕྲེང་རྫོང་ཕྲེང་སྟོད་གྲོང་རྡལ་ཀླུ་ལྟག་གྲོང་སྡེ་གསར་པའི་བསོད་ནམས་ཆོས་གྲུབ་ཀྱིས་འོ་མ་བཞོ་རྗེས་ནོར་ཟོག་དང་ར་ལུག20ལྷག་རི་མགོར་བདས་ནས།  བྲེལ་འཚུབ་ངང་ཁྱིམ་དུ་ལོག་སྟེ་སྒོ་རར་ཡོད་པའི་བོད་བྱ70ལྷག་ལ་ཟ་རྒྱུ་བྱིན་པ་རེད།

  ཉེ་བའི་ལོ་ཤས་རིང་གཞི་ཁྱོན་ལྡན་པའི་གསོ་སྤེལ་ལས་རིགས་རྒྱུན་ཆད་མེད་པར་རྒྱ་སྐྱེད་གཏོང་བ་དང་སྦྲགས། བསོད་ནམས་ཆོས་གྲུབ་ཚང་གི་འཚོ་བ་ཉིན་བཞིན་ཇེ་ཡག་ཏུ་ཕྱིན་ནས་རིམས་ནད་ཀྱི་གནས་ཚུལ་འཇགས་རྗེས་ཁོས་བོད་ཁང་གི་ཐོག་ཁང་དང་པོའི་མགྲོན་ཁང་སྒྲིག་བཟོ་བྱས་ཚར་བ་རེད། ད་ལྟར་བུ་རྒྱུད་ཚང་མ་སློབ་ཆེན་ནས་སློབ་མཐར་ཕྱིན་ནས་གླ་རྒྱག་སར་འགྲོ་ཟིན། གླ་ཆ་རག་རྗེས་ང་རང་གིས་ཁྱིམ་ཚང་གི་གསོ་སྤེལ་ལས་རིགས་ཀྱི་གཞི་ཁྱོམ་རྒྱ་སྐྱེད་བཏང་ནས་ཡོང་འབབ་བརྟན་པོ་ཡོད་འདུག་ཅེས་བསོད་ནམས་ཆོས་གྲུབ་ཀྱིས་ཡིད་ཆེས་ཁེངས་ནས་དེ་ལྟར་བཤད་པ་རེད།

  བསོད་ནམས་ཆོས་གྲུབ་ཀྱིས་ད་དུང་ངེད་ཚང་གི་ནོར་ཕྱུགས་ཚང་མ་འགྲུལ་པ་ཁྱིམ་དུ་ཐད་ཀར་ཉོ་སྒྲུབ་བྱེད་སར་འོང་བཞིན་འདུག ད་ལྟར་ཁྱིམ་དུ་བཞོན་མ20དང་བོད་བྱ78 ར་མ18ཡོད་པས་ལོ་རེར་གསོ་སྤེལ་ཡོང་འབབ་སྒོར་ཁྲི5ཡན་ཆད་རག་ཐུབ་པ་རེད་ཅེས་བཤད་པ་རེད།

  ད་ལོར་རང་ཁུལ་གྱིས་དབུལ་ཐར་གྱི་ལས་འགན་ཡོད་པའི་སྡེ་དགེ་དང་། ལི་ཐང་། དཀར་མཛེས། སེར་ཤུལ། གསེར་ཐར། ཉག་རོང་བཅས་རྫོང6དང་ཉག་ཆུའི་སྟོད་རྒྱུད་ཀྱི་རྫོང4ཡི་འབྲེལ་མཚམས་ས་ཁུལ་དུ་ཤིན་ཏུ་དབུལ་ཕོངས་ཀྱི་ཡུལ་ཤོག་དང་གྲོང་རྡལ24དང་གྲོང་སྡེ་དབུལ་ཕོངས་ཀྱི་གྲས་ནས་ཕྱི་འཐེན་བྱེད་པའི་གྲོང་སྡེ114ཡོད་པས། གཅིག་གྱུར་གྱིས་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བ་དང་ཐུན་མོང་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། འགན་འཁྲི་དང་། སྲིད་ཇུས། ལས་ཀ་བཅས་དོན་འཁྱོལ་བྱ་རྒྱུ་སྐུལ་འདེད་བཏང་སྟེ། སྤྱི་ཟླ6པའི་ཟླ་མཇུག་གི་སྔོན་དུ་འཕྲོར་ལུས་དུད་ཚང564ཡི་མི་འབོར་དབུལ་ཕོངས་ཚང་མ་སེམས་ཁྲལ་བྱ་མི་དགོས་པ་གཉིས་དང་འགན་སྲུང་བྱ་རྒྱུ་གསུམ་གྱི་དམིགས་ཚད་ཐོག་སླེབས་པར་བྱས་ཏེ། མཐའ་གཅིག་ཏུ་དབུལ་ཕོངས་དབུལ་རྐྱང་མེད་པར་བཟོ་རྒྱུ་ཁག་ཐེག་བྱ་རྒྱུ་དང་། དབུལ་ཐར་བྱུང་ཟིན་པའི་མི་འབོར222986དང་དབུལ་ཕོངས་ལས་ཕྱི་འཐེན་བྱས་པའི་གྲོང་སྡེ1360དབུལ་ཞྭ་ཕུད་ཟིན་པའི་རྫོང(གྲོང་ཁྱེར)18ཀྱི་གྲུབ་འབྲས་སྲ་བརྟན་བཏང་ནས་སྲུང་སྐྱོང་དམག་འཐབ་ཀྱི་ལས་ཀ་ཡག་པོ་བསྒྲུབ་རྒྱུ་རེད།

  ལོ་འཁོར་གྱི་ཆེད་དོན་དབུལ་སྐྱོར་ལག་བསྟར་འཆར་འགོད21སྐུལ་འདེད་གཏིང་ཟབ་བཏང་ཡོད། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ལས་གཞི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏངང་ནས། འཕེལ་རྒྱས་ཀྱི་གཏིང་ཤུགས་ཇེ་དྲག་ཏུ་གཏོང་བ་དང་དབུལ་ཐར་གྱི་རྨང་གཞི་སྲ་བརྟན་བཏང་ནས་སྤུས་ཚད་དང་གྲུབ་འབྲས་མཐོ་རུ་གཏོང་བ་དང་། ཞིང་སྡེའི་རྨང་གཞིའི་སྒྲིག་ཆས་དང་སྤྱི་ཚོགས་བྱ་གཞག་གི་མི་འདང་ས་ཁ་གསབ་བྱེད་པའི་བྱ་སྤྱོད་ནུས་ལྡན་སྤེལ་ནས། ཞིང་སྡེའི་ཉེན་ཆེའི་སྡོད་ཁང་དང་ས་ཕག་ཁང་པ་བསྒྱུར་བཀོད་བྱེད་པ་དང་སྐྱེ་ཁམས་ཡུལ་མི་གནས་སྤོ་བྱེད་ཤུགས་ཆེ་རུ་བཏང་བ། གཞུང་ལམ་སྲ་འགྱུར་གྱི་ཨར་ལས་དེ་གྲོང་མིའི་ཚོ་ཆུང་(རང་བྱུང་གྲོང་སྡེ)དུ་རྒྱུན་སྲིང་བྱ་རྒྱུ་སྐུལ་འདེད་བཏང་ནས།  མུ་མཐུད་དེ་ཞིང་སྡེའི་འཐུང་ཆུ་གཙང་མའི་ཨར་ལས་སྲ་བརྟན་དང་རིམ་སྤར་གཏོང་བ་དང་། ཆུ་ཁུངས་འགན་སྲུང་བྱེད་པ་སོགས་ཀྱི་ཨར་ལས་ལག་བསྟར་སྐུལ་འདེད་གཏོང་ཞིང་། མཐར་གནས་གྲོང་སྡེའི་གློག་དྲྭ་རིམ་སྤར་བསྒྱུར་བཀོད་བྱ་རྒྱུའི་ཨར་ལས་དང་ཞིང་སྡེའི་འོད་ཐག་འཛུགས་སྐྲུན་བྱ་རྒྱུ། ཡངས་དྲྭའི་གློ་དྲྭ་རིམ་སྤར་བསྒྱུར་བཀོད་བྱ་རྒྱུའི་ཨར་ལས་བཅས་ལག་བསྟར་བྱས་པ་རེད།

ཚོང་ར་ཅན་དུ་སྐུལ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ས་ཁོངས་ཡོངས་སུ་ཡུལ་སྐོར་གྱིས་སྣེ་ཁྲིད་དང་གཙོ་ཁྲིད་ཁེ་ལས་ཀྱིས་སྐུལ་ཁྲིད་བྱེད་ཅིང་། དེང་རབས་ཞིང་ལས་ཀྱི10ཐོག2སྣོན་གྱི་ཐོན་ལས་མ་ལག་འཛུགས་གཉེར་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ས་ཁུལ་གྱི་དགེ་མཚན་བེད་སྤྱོད་ཡག་པོ་བཏང་ནས་ཐོན་ལས་ཀྱི་རྣམ་པར་ཤུགས་ཆེན་བྱས་ནས་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་དང་སྟོབས་ལྡན་ཡོང་བར་སྐུལ་འདེད་གཏོང་བ། མངག་ཐོའི་རོགས་སྐྱོར་དང་། ཐོན་སྐྱེད་ཚབ་གཉེར། ས་ཁོངས་བརྒལ་བའི་ཐོན་ལས། རྐང་ཞུགས་ཐོབ་ཆ་བགོ་བ་སོགས་ཀྱི་བྱེད་ཐབས་ཁྱབ་སྤེལ་བཏང་ནས་དབུལ་ཕོངས་ལ་ཕན་པའི་ནང་རྐྱེན་འཐུས་སྒོ་ཚང་དུ་བཏང་བ་དང་འཛད་སྤྱོད་དབུལ་སྐྱོར་གྱི་ལས་ཀ་ཡག་པོ་བསྒྲུབས་པ་རེད།

  རྒྱུན་མཐུད་དེ་དབུལ་སྐྱོར་ཐོན་རྫས་ཀྱི་བྲིན་འཚོང་མ་ལག་འཐུས་ཚང་དུ་བཏང་ནས། ལས་ཞུགས་དབུལ་སྐྱོར་གྱི་ལས་ཀ་སྐུལ་འདེད་དང་བྱེད་ཐབས་བཅོ་ལྔ་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་། དབུལ་སྐྱོར་འཁོར་ཁང་དང་སྤྱི་ཕན་རང་བཞིན་གྱི་དབུལ་སྐྱོར་ལས་གནས་དོ་དམ་ཚད་ལྡན་བྱ་རྒྱུ།  འོད་ཤུགས་དབུལ་སྐྱོར་གྱི་ལས་གཞི་འཁོར་སྤྱོད་སྲུང་སྐྱོང་དོ་དམ་དང་ཁེ་སྤོགས་བགོ་བཤའ་རྒྱག་པའི་ལས་ཀ་སྒྲུབ་ཤུགས་ཆེ་རུ་གཏང་རྒྱུ། ཡིད་རྟོན་དངུལ་བུན་ཉུང་ངུ་གཏོང་བའི་དབུལ་སྐྱོར་ལས་ཀ་ཡག་པོ་བསྒྲུབ་རྒྱུ། བྱོལ་འགོག་སློབ་སྐྱོང་གི་གྲུབ་འབྲས་སྲ་བརྟན་གཏོང་ཞིང་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་བཏང་ནས་བྱོལ་འགོག་གི་གནས་ཚུལ་གཏན་འགོག་བྱ་རྒྱུ། ཁྱོན་ཡོངས་སུ་མ་མཐའི་འཚོ་རྟེན་འགན་སྲུང་དང་། སྨན་བཅོས་ཉེན་འགོག་འགན་སྲུང་། རྒན་གསོ་ཉེན་འགོག་འགན་ལེན། ཆེས་དབུལ་ཕོངས་མི་སྣ་གསོ་རོགས་བྱ་རྒྱུ། གནས་སྐབས་རོགས་སྐྱོར་བྱ་རྒྱུ་སོགས་ཕྱོགས་བསྡུས་སྤྱི་ཚོགས་འགན་སྲུང་གི་སྲིད་ཇུས་དོན་འཁྱོལ་བྱས་པ་རེད།

   ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་རྗེས་མཐུས་ལས་ཀ་སྒྲུབ་ཤུགས་ཆེ་རུ་བཏང་ནས། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱས་པའི་རྗེས་མཐུད་རོགས་སྐྱོར་བྱེད་ཐབས་དོན་འཁྱོལ་ཞིབ་ཕྲ་བྱ་རྒྱུ་དང་། ལས་ཞུགས་ལས་སྐྲུན་གྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏང་རྒྱུ། རྗེས་མཐུད་རོགས་སྐྱོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏང་རྒྱུ། གཅིག་བསྡུས་སྡོད་གནས་བཀོད་སྒྲིག་བྱེད་སའི་ཆ་ཚང་གི་གཞི་རྩའི་སྤྱི་པའི་ཞབས་ཞུ་སྒྲིག་ཆས་གསབ་འཛུགས་ཡག་པོ་བྱ་རྒྱུ། གནས་སྤོ་མང་ཚོགས་ཀྱི་ཐོན་ལས་ལས་ཞུགས་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ། སྤྱི་ཚོགས་མཉམ་འབྲེལ། སྤྱི་ཚོགས་བཅོས་སྐྱོང་སོགས་དོན་དངོས་ཀྱི་གནས་ཚུལ་ཐག་གཅོད་ཏན་ཏིག་བྱ་རྒྱུ། སེམས་ཁྲལ་བྱ་མི་དགོས་པ་གཉིས་དང་འགན་སྲུང་བྱ་རྒྱུ་གསུམ་དང་། ཕྱི་མིག་བལྟས་ཏེ་ཞིབ་བཤེར་ཆེན་པོ་བྱེད་ཅིང་། དོན་འཁྱོལ་བྱ་རྒྱུ་གསུམ་དང་། གནད་ལ་སྨིན་པ་གསུམ། འགན་སྲུང་བྱ་རྒྱུ་གསུམ། ཕྱི་བལྟས་བྱས་ནས་རྙེད་པའི་གནད་དོན་དག་བཅོས་བྱེད་ཅིང་། སྐོར་ཞིབ་དང་། ཞིབ་དཔྱད་ཚོད་དཔག ལྟ་སྐུལ་ཞིབ་བཤེར། རྩིས་བཤེར་ལྟ་སྐུལ་སོགས་ཁྲོད་ཀྱི་གནས་ཚུལ་དག་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ། གནད་དོན་དག་བཅོས་དང་དབུལ་སྐྱོར་ཁྱབ་ཁོངས་ཀྱི་གནས་དོན་གཙང་བཤེར་བྱེད་པའི་བྱ་སྤྱོད་སྤེལ་ནས། གནད་དོན་ཡོད་ཚད་དག་བཅོས་བྱ་རྒྱུ་དང་། ཁྱོན་ཡོངས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་མ་མཐའི་འཚོ་བ་འགན་སྲུང་ལས་ཀ་དོན་འཁྱོལ་བྱས་པ་དང་། ངལ་རྩོལ་ནུས་པ་ཤོར་བའི་མི་དབུལ་ཕོངས་འབོར་འགའ་ཤས་ལ་ཕྱོགས་བསྡུས་སྤྱི་ཚོགས་འགན་སྲུང་གི་སྲིད་ཇུས་བརྒྱུད་ནས། ཁྱོན་ཡོངས་ནས་མ་མཐའི་འཚོ་རྟེན་འགན་སྲུང་དང་། སྨན་བཅོས་ཉེན་འགོག་འགན་ལེན། རྒན་གསོ་ཉེན་འགོག་འགན་ལེན། ཤིན་ཏུ་དབུལ་ཕོངས་མི་སྣར་རོགས་སྐྱོར་དང་གསོ་ཚགས་བྱེད་པ། གནས་སྐབས་རོགས་སྐྱོར་སོགས་ཕྱོགས་བསྡུས་སྤྱི་ཚོགས་འགན་སྲུང་གི་སྲིད་ཇུས་དོན་འཁྱོལ་བྱས་ཏེ། འགན་སྲུང་བྱ་དགོས་ཚད་ལ་འགན་སྲུང་དང་རོགས་སྐྱོར་བྱ་དགོས་ཚད་ལ་རོགས་སྐྱོར་བྱ་རྒྱུ་ཡིན་པ་རེད།།(དབྱངས་ཅན་གྱིས་བསྒྱུར།)


  • ལེ་ཚན་སྔོན་མ།:ཕྱུག་འགྱུར་གྱི་ལམ་དུ་ཁྲིད་པའི་གསེར་གྱི་ནས་འབྲུ།
  • ལེ་ཚན་རྗེས་མ།:རྩྭ་དགུན་འབུ་ཡིས་ངལ་ལས་ཡོང་འབབ་འཕར་བར་རམ་འདེགས་བྱེད།
  • དོ་སྣང་ཆེ་བའི་རྩོམ།