རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ཤིན་ཅང་གི་བརྟན་ལྷིང་གིས་དཔལ་འབྱོར་གོང་འཕེལ་ཆེད་ཕན་ཁེ་ཆེན་པོ་སྐྲུན་ཡོད་ཅེས་བསྟན་པ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2019-12-10

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་12ཚེས་9ཉིན་གྱི་སྔ་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཡོད་པ་དང་། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཞོལ་ཁེ་ལའེ་ཐེ·ཀྲ་ཁེར་དང་། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། ཨུ་ལུམ་ཆིའི་གྲོང་ཨུད་ཀྱི་ཧྲུའུ་ཅི་ཞུས་ཧའེ་རུང་། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཨེར་ཁེན·ཐུ་ཉི་ཡ་ཙེ། ཤིན་ཅང་ཁ་ཧྲེ་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཁ་ཧྲེ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་ཕ་འར་ཧ་ཐི·རོའུ་ཙེ་བཅས་ཀྱིས་ཤིན་ཅང་གི་བརྟན་ལྷིང་གོང་འཕེལ་གྱི་འབྲེལ་ཡོད་གནས་ཚུལ་ལ་ངོ་སྤྲོད་གནང་ཡོད་པ་རེད།

ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཞོལ་ཁེ་ལའེ་ཐི· ཀྲ་ཁེར་གྱིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གི་ཤིན་ཅང་ལས་དོན་ཐད་ཚད་མཐོའི་མཐོང་ཆེན་གནང་གི་ཡོད་པ་དང་། ཤིན་ཅང་གི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པའི་དམིགས་བསལ་སྲིད་ཇུས་རབ་དང་རིམ་པ་གཏན་འབེབ་བྱས་པ། ཀྲུང་དབྱང་ནོར་སྲིད་ཀྱིས་ལོ་རེར་ཤིན་ཅང་ལ་སྒོར་དུང་ཕྱུར་4000ཉེ་བ་སྤོ་སྒྱུར་གཏོང་སྤྲོད་བྱེད་པ། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་19ཡིས་ཤིན་ཅང་ལ་ཁ་གཏད་རོགས་སྐྱོར་བྱས་ནས། ལོ་རེར་ཤིན་ཅང་ལ་མ་དངུལ་སྒོར་དུང་ཕྱུར་150རོགས་སྐྱོར་བྱས་ཏེ། གཙོ་བོ་མི་རིགས་ཁག་གི་མང་ཚོགས་ཚོའི་འཚོ་བ་ལེགས་བཅོས་ཐད་བེད་སྤྱོད་བཏང་ཡོད་ཅེས་ངོ་སྤྲོད་གནང་ཡོད་པ་རེད།

འདས་པའི་དུས་མཚམས་ཤིག་རིང་། ཤིན་ཅང་ལ་འཇིགས་སྐུལ་རིང་ལུགས་དང་ཐལ་སྐྱོད་རིང་ལུགས་ཀྱི་གནོད་འཚེ་ཚབས་ཆེན་ཕོག་ཡོད། རགས་རྩིས་བརྒྱབ་པར་གཞིགས་ན། སྤྱི་ལོ་1990ལོ་ནས་སྤྱི་ལོ་2016ལོའི་ལོ་མཇུག་བར་དུ། མི་རིགས་ཁ་བྲལ་སྟོབས་ཤུགས་དང་། ཆོས་ལུགས་ཐལ་སྐྱོད་སྟོབས་ཤུགས། གཏུམ་སྤྱོད་འཇིགས་སྐུལ་སྟོབས་ཤུགས་བཅས་ཀྱིས་ཤིན་ཅང་ས་ཁུལ་ཁག་ཏུ་གཏུམ་སྤྱོད་འཇིགས་སྐུལ་གྱོད་གཞི་སྟོང་ཕྲག་ཁ་ཤས་བཟོས་ནས། ཉེས་མེད་མང་ཚོགས་མང་པོའི་ཚེ་སྲོག་འཕྲོག་པ་དང་། སྤྱི་བདེ་ཉེན་རྟོག་པ་བརྒྱ་ཕྲག་ཁ་ཤས་རྐྱེན་ལམ་དུ་ཤོར་ཡོད་ཅིང་། རྒྱུ་ནོར་གྱི་གྱོང་གུན་ནི་ཚོད་དཔག་བྱ་ཐབས་བྲལ་བ་ཞིག་ཡིན། སྤྱི་ཚོགས་ཀྱི་སྒྲིག་ལམ་དང་། ལས་ཀའི་སྒྲིག་ལམ། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་བཅས་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་པ་དང་། མི་རིགས་ཁག་གི་མང་ཚོགས་ཚོའི་ཚེ་སྲོག་དབང་ཆ་དང་། བདེ་ཐང་དབང་ཆ། འཕེལ་རྒྱས་དབང་ཆ་བཅས་ལ་རྡོག་རོལ་ཚབས་ཆེན་བཏང་བ་དང་། ཤིན་ཅང་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་འགོག་རྐྱེན་ཚབས་ཆེན་བཟོས་ཡོད་པ་རེད།

ཡིན་ནའང་མིག་སྔའི་བར། ཤིན་ཅང་དུ་ལོ་གསུམ་བསྟུད་མར་གཏུམ་སྤྱོད་འཇིགས་སྐུལ་གྱི་གྱོད་དོན་ཐོན་མྱོང་མེད་པ་དང་། ཐལ་སྐྱོད་རིང་ལུགས་སིམ་འཛུལ་བྱེད་པར་ནུས་ལྡན་གྱི་བཀག་འགོག་ཐུབ་ཡོད་ཅིང་། སྤྱི་ཚོགས་བཅོས་སྐྱོང་གནས་བབ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། མི་རིགས་ཁག་གི་མི་དམངས་བདེ་སྡོད་ལས་ལ་བརྩོན་པ་དང་། ཁོ་ཚོའི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སྣང་། བདེ་འཇགས་ཚོར་སྣང་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ཤིན་ཅང་གིས་ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་བྱེད་ཐབས་ལ་བརྟེན་ནས་ཉེན་ཁ་སྔོན་འགོག་དང་གནད་དོན་ཐག་གཅོད་བྱེད་པ། འགལ་ཟླ་སེལ་བ། བརྟན་ལྷིང་སྲུང་སྐྱོང་བཅས་རྒྱུན་འཁྱོངས་བྱས་པ་དང་། གཅིག་ནས་ཁྲིམས་ལྟར་གཏུམ་སྤྱོད་འཇིགས་སྐུལ་ཉེས་གསོག་པར་རྡུང་རྡེག་ཚ་ནན་གཏོང་བ་དང་། གཉིས་ནས་འབྱུང་རྩ་ནས་བཅོས་སྐྱོང་བྱེད་པར་མཐོང་ཆེན་བྱེད་བཞིན་ཡོད། དམངས་འཚོ་ལེགས་བཅོས་ལ་ཤུགས་སྣོན་རྒྱག་པ་དང་། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ། ཁྲིམས་ལྟར་ལས་རིགས་རྩལ་ནུས་སློབ་གསོ་གསོ་སྦྱོང་ལྟེ་གནས་བཙུགས་ཏེ་སློབ་གསོར་རོགས་སྐྱོར་བྱེད་པ་སོགས་ཀྱི་བྱེད་ཐབས་མང་པོ་བརྒྱུད་དེ། གང་ཐུབ་ཅི་ཐུབ་ཀྱིས་འཇིགས་སྐུལ་རིང་ལུགས་དང་ཆོས་ལུགས་ཐལ་སྐྱོད་རིང་ལུགས་ཐོན་པའི་ཆ་རྐྱེན་མེད་པར་བཟོས་པ་དང་། ཤིན་ཅང་གི་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཆེད་དུ་སྲ་ཞིང་བརྟན་པའི་རྨང་གཞི་བཏིངས་ཡོད།

ཞུའེ་ཁེ་ལའེ་ཐི་·ཀྲ་ཁེར་གྱིས། ཉེ་ཆར། ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཚོགས་སྨད་པས་སྤྱི་ལོ་2019ལོའི་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྲིད་ཇུས་ཁྲིམས་གཞི་ཟེར་བར་གྲོས་འཆམ་བྱས་པ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་དང་ཚབས་ཆེན་འགལ་ཡོད་པ་དང་། ཀྲུང་གོའི་ནང་སྲིད་ལ་རྩུབ་སྤྱོད་ཀྱིས་ཐེ་ཇུས་བྱས་པ་ཞིག་རེད། ཤིན་ཅང་གིས་འཇིགས་སྐུལ་ལ་ངོ་རྒོལ་དང་ཐལ་སྐྱོད་མེད་པ་བཟོ་བའི་བྱེད་ཐབས་སྤྱད་པ་དེ་ཨ་རིའི་འཇིགས་སྐུལ་ལ་ངོ་རྒོལ་དང་ཐལ་སྐྱོད་མེད་པ་བཟོ་བའི་བྱེད་ཐབས་ཚུད་པའི་འཛམ་གླིང་ཐོག་གི་རྒྱལ་ཁབ་མང་པོ་ཞིག་གི་བྱ་ཐབས་དང་ངོ་བོའི་ཐོག་ཁྱད་པར་གང་ཡང་མེད་ཅེས་བསྟན་ཡོད།

ཞུའེ་ཁེ་ལའེ་ཐི་·ཀྲ་ཁེར་གྱིས། ཤིན་ཅང་བརྟན་ལྷིང་བྱུང་བ་དེས་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་ཕན་ཆེན་པོ་ཐོགས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཤིན་ཅང་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་ལོ་རེར་ཆ་སྙོམས་8.5%འཕར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཁག་སོ་སོར་ལོ་རེར་ཆ་སྙོམས་8.4%དང་8.2%འཕར་ཡོད་ཅེས་གསུངས་ཡོད། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཨེར་ཁེན་ ཐུའུ་ཉི་ཡ་ཙེས་ངོ་སྤྲོད་བྱས་པར་གཞིགས་ན། སྤྱི་ལོ་2018ལོར་ཤིན་ཅང་གིས་རྒྱལ་ཁོངས་ཕྱི་ནང་གི་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མིའི་ཐེངས་གྲངས་དུང་ཕྱུར་1དང་བྱེ་བ5ཟིན་པ་དེ་དུས་མཚུངས་ལས་40.1%འཕར་བ་དང་། འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མིའི་ཐེངས་གྲངས་དུང་ཕྱུར་2ལས་བརྒལ་ནས་དུས་མཚུངས་ལས་42.6%འཕར་ཡོད། ཤིན་ཅང་གིས་ཕྱིར་སྐྱོད་རྒྱུ་དང་ནང་འདྲེན་བྱ་རྒྱུ་གཉིས་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ནས། ཁྱོན་ཡོངས་དང་། རིམ་པ་མང་བ། ཁྱབ་ཁོངས་རྒྱ་ཆེ་བ་བཅས་ཀྱི་ཁྱོན་ཡོངས་སྒོ་དབྱེའི་རྣམ་པ་གཏོད་རྒྱུར་སྐུལ་འདེད་བཏང་ཞིང་། འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར། ཤིན་ཅང་གི་ཕྱིར་གཏོང་ནང་འདྲེན་གི་སྤྱི་འབོར་ དུས་མཚུངས་ལས་28%འཕར་བ་དང་། དེའི་ཁྲོད་ནང་འདྲེན་63.1%འཕར་ཡོད། ཤིན་ཅང་གིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ནས། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། ཀྲུང་གོ་དང་ཡོ་རོབ་བར་གྱི་མེ་འཁོར་ལམ་ཐིག་ལས་ཤིན་ཅང་གི་ནུབ་སྐྱོད་རྒྱལ་སྤྱིའི་ཟོག་འདྲེན་མེ་འཁོར་ཐེངས་3000བཏང་ཡོད་པ་རེད།

  • ལེ་ཚན་སྔོན་མ།:“བཀྲ་ཤིས་ལྷུན་པོ་དགོན་དང་གནའ་བོའི་ཕོ་བྲང་འཕྲད་པ་”ཞེས་པའི་འགྲེམས་སྟོན་གནའ་བོའི་ཕོ་བྲང་དུ་སྤེལ་བ།
  • ལེ་ཚན་རྗེས་མ།:ཨའོ་མོན་གྱིས་རྒྱལ་སྤྱིའི་མཚར་སྡུག་རྣམ་པར་བཀྲ་བའི་སྐོར་སྐྱོད་ཆེ་མོ་གཉེར་ཏེ་མེས་རྒྱལ་གྱི་པང་དུ་ལོག་ནས་ ལོ་20འཁོར་བར་རྟེན་འབྲེལ་ཞུས་པ།
  • དོ་སྣང་ཆེ་བའི་རྩོམ།