མཐོ་སྒང་གི་ཞིང་འབྲོག་མི་དམངས་ཐུམ་འབུའི་ནད་དགྲ་ལས་ཐར་བཞིན་ཡོད།

འཕྲིན་ལས་མགོན་པོ་སོགས་ཀྱིས་བསྒྱུར        2016-12-20

      ད་ལྟ་ངའི་ནད་གཞི་ཡག་པོ་དྲག་ནས་ལས་ཀ་སླ་མོ་རྣམས་ཅུང་ལས་ཐུབ་འདུག ཉིན་འགའི་སྔོན་ལ་འཕྲོད་བསྟེན་ཁང་གི་སྨན་པ་རྣམས་ཆེད་དུ་ཁྱིམ་ནང་ཕེབས་ནས་ང་ལྟ་སར་ཡོང་སྟེ། ང་ཡི་གཤགས་བཅོས་རྗེས་ཀྱི་ལུས་པོ་བསྐྱར་གསོ་བྱེད་ཚུལ་དང་སྨན་འཐུང་ཚུལ་སྐོར་གྱི་གནས་ཚུལ་ལ་འདྲི་ཞིབ་གནང་བྱུང་ཞེས་ཐུམ་འབུའི་ནད་ལས་ཐར་བའི་དཀར་མཛེས་ཁུལ་སེར་ཤུལ་རྫོང་ཕྱག་ཚྭ་ཤང་གི་གྲོང་སྡེ་གཉིས་པའི་གྲོང་མི་ཚེ་རིང་གིས་སེམས་གཏིང་ནས་བཀའ་དྲིན་ཞུ་བའི་སྐད་ཆ་དེ་ལྟར་བཤད། ད་ལོའི་སྤྱི་ཟླ5པར་སྤེལ་བའི་རྫོང་ཡོངས་ཀྱི་ཐུམ་འབུའི་ནད་བརྟག་གསེས་ཁྲོད་དུ་ཚེ་རིང་ལ་ཐུམ་འབུའི་ནད་ཕོག་པར་གཏན་འཁེལ་བྱས་པས། དཀར་མཛེས་ཁུལ་མི་དམངས་སྨན་ཁང་གིས་མོ་ལ་བཤགས་བཅོས་བྱས་པ་དང། གཤགས་བཅོས་དང་སྨན་བཅོས་སོགས་ཀྱི་གྲོན་དངུལ་ཚང་མ་ནི་ཐུམ་འབུའི་ནད་འགོག་བཅོས་བྱེད་སའི་ཆེད་སྤྱོད་མ་དངུལ་དང་སྨན་བཅོས་ཉེན་འགོག་ནང་ནས་རྩིས་ཞུ་བྱས་པར་མ་ཟད་འཕྲོད་བསྟེན་ཁང་གིས་ཟླ3རེར་མོ་ལ་རྗེས་འདེད་བཅར་འདྲི་བྱས་ཐོག་འབྲེལ་ཡོད་ཀྱི་སྨན་རྫས་སྤྲད་པ་རེད།

      ཐུམ་འབུའི་ནད་ནི་རང་རེའི་ཞིང་ཆེན་གྱི་བོད་ཁུལ་མི་དམངས་ཁ་ཤས་ཀྱི་བདེ་ཐང་དང་ཚེ་སྲོག་ལ་གནོད་པ་ཧ་ཅང་ཚབས་ཆེན་ཐེབས་བྱེད་ཀྱི་ས་གནས་རང་བཞིན་གྱི་གཞན་བརྟེན་སྲིན་འབུའི་ནད་རིགས་ཤིག་སྟེ། ཁྱད་པར་དུ་སེར་ཤུལ་རྫོང་གི་མང་ཚོགས་མི་ཉུང་བ་ལ་ཐུམ་འབུའི་ནད་གཞི་ཕོག་པར་བརྟེན། དཀའ་སྡུག་ཐེབས་ནས་དབུལ་ཕོངས་སུ་གྱུར་བ་དང་། ཡང་བསྐྱར་དབུལ་ཕོངས་ཀྱི་གནས་སུ་ལོག་གིན་ཡོད། ན་ནིང་སྤྱི་ཟླ11པར་སེར་ཤུལ་རྫོང་ལ་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་ཚོད་ལྟའི་ལས་དོན་སྤེལ་འགོ་ཚུགས་ཤིང་། རྒྱལ་ཁབ་ནས་ཞིང་ཆེན་དང་ཁུལ་ནས་རྫོང་བར་གྱི་ཐུམ་འབུའི་ནད་འགོག་བཅོས་བྱ་རྒྱུའི་འགག་སྒྲོལ་ལས་ཀ་ཁྱོན་ཡོངས་ནས་སྤེལ་བ་རེད།

      ལོ་གཅིག་ལྷག་གི་རིང་། སྔོན་འགོག་ཚོད་འཛིན་བྱེད་ཐབས་རེར་བཞིན་གཏན་འབེབས་དོན་འཁྱོལ་བྱེད་པ་དང། སྔོན་འགོག་ཚོད་འཛིན་མ་དངུལ་རེར་བཞིན་གནད་འཁེལ་གཏོང་སྤྲོད་བྱེད་པ། སྔོན་འགོག་ཚོད་འཛིན་མི་སྣ་ཁག་རེར་བཞིན་གྲོང་སྐྱོད་ཁྱིམ་ཞུགས་བྱས་པར་བརྟེན།  ནད་པ་ཚང་མ་ལ་ནུས་ལྡན་གྱི་སྨན་བཅོས་ཐོབ་པ་དང་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་ཚན་རེར་བཞིན་མིའི་སེམས་གཏིང་དུ་འཇགས་ཐུབ་པར་བྱུང་།  མིག་སྔར། ཐུམ་འབུའི་ནད་བརྟག་གསེས་བྱེད་པའི་ལས་ཀ་སེར་ཤུལ་གྱི་ཤང་དང་གྲོང་གསེབ་ཡོངས་ལ་ཁྱབ་པ་དང། ཁྱི་རིགས་དོ་དམ་ལས་ཀ་ཚད་དང་མཐུན་པ།  འཚོ་བ་རོལ་བའི་གོམས་སྲོལ་བཟང་པོ་དེ་རིམ་བཞིན་མི་ཀུན་གྱིས་དང་ལེན་བྱས་ཐོག  ཐོམ་འབུའི་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་དུས་རིམ་ཅན་གྱི་གྲུབ་འབྲས་ཐོབ་ཡོད།

      བརྟག་གསེས་ཁེབས་ཚད་བརྒྱ་ཆ92.45ལ་ཟིན་ཞིང་རྩ་གཉིས་བཤེར་རྟགས་བརྒྱུད་ནས་ནད་པའི་གནས་ཚུལ་ཤེས་ཐུབ།

      སྤྱི་ཟླ3པའི་ཚེས22ཉིན་ལ། མཐོ་སྒང་གི་གནམ་གཤིས་ད་དུང་གྲང་ངར་ཆེ། ཞིང་ཆེན་རིམས་འགོག་ལྟེ་གནས་དང། ཧྭ་ཞི་སྨན་ཁང། ཞིང་ཆེན་སྨན་ཁང་བཅས་ཀྱི་ཆེད་རམས་པ་ལས་གྲུབ་པའི་ཚོགས་པ་ཁུལ་དང་རྫོང་གཉིས་ཀྱི་སྨན་དོན་དང་རིམས་འགོག་ཚོད་འཛིན་མི་སྣ་རྣམས་དང་མཉམ་དུ་ཁྱེར་བདེ་རིགས་ཀྱི་ནད་བརྟག་ཚོན་པར་འཕྲུལ་ཆས15གཙོས་པའི་སྒྲིག་ཆས་ཁྱེར་ནས་བརྟག་གསེས་ཚོགས་ཆུང་ཁག་བཞི་ལ་བགོས་ཏེ། སེར་ཤུལ་རྫོང་གི་ཤང (གྲོང་རྡལ)21ལ་ཐུམ་འབུའི་ནད་བརྟག་གསེས་བྱས་པ་རེད།   ཁྲོ་གསར་གོང་མ་ཤང་གི་གདོང་ལེན་གཉིས་པ་གྲོང་གི་གྲོང་མི་ཇོ་ནེ་ལ་ནད་བཤེར་བྱས་མ་ཐག   ལས་སྒྲུབ་མི་སྣའི་རོགས་སྐྱོར་འོག་མིག་གི་འཇའ་སྐྱེར་འཚོལ་བཤེར་བྱས། ཐེངས་འདིར་སྔོན་ཆད་ཀྱི་བརྟག་གསེས་དང་ཁྱད་ཆེ་ས་ཞིག་ནི། ཟླ3པར་འགོ་ཚུགས་ཏེ་བརྟག་གསེས་བྱ་བར་འཇའ་སྐྱེ་དང་མཛུབ་རིས་སྦྱར་འདུས་ངོས་འཛིན་དབྱེ་འབྱེད་ལག་རྩལ་བཀོལ་སྤྱོད་གཏོང་ཐབས་བརྒྱུད་ནས་བརྟག་གསེས་བྱ་ཡུལ་མི་སྣའི་ཐོབ་དཔང་ངོས་འཛིན་དབྱེ་འབྱེད་གཏན་འཁེལ་ཅན་དུ་བཏང་ནས། སྒེར་གྱི་ཆ་འཕྲིན་སྔར་ལས་ཀྱང་ཆ་ཚང་ཞིང་ཡང་དག་པར་གྱུར།  མང་ཚོགས་བསྐྱར་བཤེར་བྱེད་སར་ཡོང་དུས། ལས་སྒྲུབ་མི་སྣས་གསར་ཐོན་གྱི་རྩ་གཉིས་བཤེར་རྟགས་འཚོལ་བཤེར་བརྒྱུད་ནས་ཐད་ཀར་ནད་པའི་ཐོབ་དཔང་གི་ཆ་འཕྲིན་དང་སྔོན་མའི་ནད་བཤེར་གྱི་འཇུག་འབྲས་རྟོགས་ཐུབ།

      བརྟག་གསེས་ཚོ་ཆུང་ཤང་དང་གྲོང་རྡལ་རེ་རེ་ལ་ཐོན་དུས་ཡུལ་མི་རེ་རེ་བཞིན་ལ་དེབ་སྒྲིག་ཐོ་འགོད་བྱས་པར་བརྒྱུད་ནས། གསར་དུ་རྟོགས་པའི་དོགས་ཟའི་ནད་གཞི་དང་། ཡང་སྔོན་ཆད་ཀྱི་བརྟག་གསེས་བྱས་པའི་ནད་པ་རྣམས་ལ་བསྐྱར་བཤེར་བྱས་པ་དང། ན་ལུགས་ན་ཚུལ་ལ་གཞིགས་ནས་མི་སྒེར་གྱི་དམིགས་བསལ་རང་བཞིན་ཅན་གྱི་སྨན་བཅོས་ཐབས་གཞི་གཏན་འབེབས་བྱས་པ་རེད། བརྟག་གསེས་ལས་ཀ་ནི་རྒྱུན་པར་སྔ་དྲོའི་ཆུ་ཚོད་བརྒྱད་པར་འགོ་འཛུགས་ཏེ། མཚན་མོའི་ཆུ་ཚོད་བདུན་པ་མ་སླེབས་བར་མཇུག་མི་བསྡུ་བ་རེད། ལས་ཡུལ་དངོས་ལ་སླེབས་མ་ཐུབ་མཁན་གྱི་མང་ཚོགས་རྣམས་ལ། བརྟག་གསེས་བྱེད་མཁན་མི་སྣ་རྣམས་ཀྱིས་ཡོ་བྱད་ཕྲག་ཐོག་ཏུ་ཁུར་ནས་གྲོང་སྐྱོད་ཁྱིམ་ཞུགས་བྱེད་ཐབས་ཀྱིས་ཁྱིམ་སྒོ་ཁར་ནད་བཤེར་བྱས་པ་རེད།  འདི་ལྟ་བུའི་ཞིང་ཆེན་རིམ་པའི་ཆེད་རམས་པས་སྣེ་ཁྲིད་མཛད་པའི་གཞི་ཁྱོན་ཆེན་ཆེ་བའི་བརྟག་གསེས་བྱ་འགུལ་དེ། ད་ལོར་ཐེངས་གཉིས་སྤེལ་ཟིན་པར་མ་ཟད། རྫོང་སྨན་ཁང་དང་ལྟེ་གནས་འཕྲོད་བསྟེན་ཁང་གཉིས་ཀྱིས་ད་དུང་རིན་མེད་སྨན་བསྟེན་སྒེའུ་ཁུང་བཙུགས་ནས། ལོ་རྟག་ཏུ་བརྟག་གསེས་ཞབས་འདེགས་བྱེད་ཀྱྱིན་ཡོད།

      ཐེངས་མང་གིས་རྒྱ་ཁྱབ་བརྟག་གསེས་བྱེད་སྟངས་བརྒྱུད་ནས། མིག་སྔར་མི་གྲངས་ཁྲི8.23ལ་བརྟག་གསེས་བྱས་ཡོད་ཅིང་། བརྟག་གསེས་ཁེབས་ཚད་བརྒྱ་ཆ92.45ལ་ཟིན་པ་རེད། ནད་གཞི་གཏན་འཁེལ་བྱས་པའི་ནད་པ6142དང་། ནད་གཞི་གསར་དུ་ཕོག་མཁན་མི335གསར་རྙེད་བྱུང་ཡོད། ནད་པ315ལ་གཤགས་ལས་སྨན་བཅོས་བྱས་ཡོད། གཤགས་བཅོས་ནད་པ་རྣམས་ལ་རྫོང་གིས་མི་རེ་ལ་སྒོར་ཁྲི2.5ཡི་ཁ་གསབ་རོགས་དངུལ་སྤྲད་པ་དང་། དེའི་ནང་གཤགས་བཅོས་སྨན་རིན་སྒོ་ཁྲི1.8དང། གཤགས་བཅོས་རྗེས་ཀྱི་ནད་པར་རྗེས་འདེད་བཅར་འདྲིའི་རིན་པ་སྒོར5000 འཁོར་གླ་དང་མགྲོན་གླའི་ཁ་གསབ་རོགས་དངུལ་སྒོར1200 འཚོ་བཅུད་ཉོ་བྱེད་སྒོར་མོ300བཅས་འདུས་ཡོད་པ་རེད།

    སེར་ཤུལ་རྫོང་ཐུམ་འབུ་ནད་ཕྱོགས་བསྡུས་འགོག་བཅོས་འགག་སྒྲོལ་ལས་ཀ་བཀོད་འདོམས་པུའུ་ཡི་གཞུང་ལས་ཁང་གི་འགོ་འཛིན་ཐུབ་བསྟན་ལགས་ཀྱིས་གཤགས་ལས་སྨན་བཅོས་བྱས་པར་ཕུད་སེར་ཤུལ་རྫོང་གི་ད་དུང་ཐུམ་འབུ་ནད་ཕོག་མཁན་ལ་སྨན་རྫས་ཀྱིས་སྨན་བཅོས་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད། ཐུམ་འབུ་ནད་གཞི་ཕོག་པའི་ནད་པ5319ལ་རིན་པ་མི་དགོས་པའི་སྨན་རྫས་ཀྱིས་སྨན་བཅོས་བྱས་ཡོད། བོད་ཁུལ་ཨ་མའི་རེ་བ་ཞེས་པའི་ཐུམ་འབུ་ནད་ཕོག་པའི་དབུལ་ཕོངས་བུད་མེད་ལ་རོགས་སྐྱོར་དང་། ཐུམ་འབུ་ནད་གཞི་ཅན་ལ་སེམས་ཁུར་གནང་བ་ལ་སོགས་པའི་གཟིགས་སྐྱོང་ལས་གྲྭ་ལག་བསྟར་བྱས་པར་བརྒྱུད་ནས། ཐུམ་འབུ་ནད་གཞི་གཤགས་བཅོས་ནད་པ82ལ་རོགས་སྐྱོར་སྒོར་ཁྲི24.6དང། ཐུམ་འབུ་ནད་གཞི་སོགས་ནད་གཞི་ཚབས་ཆེན་གྱི་གཤགས་བཅོས་ནད་པ120ལ་མ་དངུལ་སྒོར་ཁྲི116བཅས་སྤྲད་ཡོད།

      གསོ་ཁྱི་ཐོ་འགོད་བྱེད་ཚད་བརྒྱ་ཆ98ལ་ཟིན་ཞིང་ཡིག་ཚགས་ཡོད་པའི་གསོ་ཁྱིའི་རྐེད་ལ་འདུས་སྙིང་བྱང་བུ་འདོགས་ཡོད།

      ཁྱི་ནི་ཐུམ་འབུའི་ནད་ཀྱི་འབྱུང་གཞི་གཙོ་བོ་ཡིན་ཞིང་།    ན་ནིང་ཚུན་ཆད་ལ་སེར་ཤུལ་རྫོང་གིས་ཚད་ལྡན་གྱིས་སྒོ་ནས་ཁྱི་ལ་དོན་དམ་བྱེད་དགོས་པའི་སྤྱི་བསྒྲགས་སྤེལ་ཏེ།     ཁྱི་འཁྱམ་དང་ནད་འགོས་ཁྱི་ལ་འཆུན་འདོམས་བྱེད་པའི་བྱ་འགུལ་གྱི་ཇུས་གཞི་བཀོད་སྒྲིག་བྱས་ནས་ཁྱི་རྣམས་ལ་ཁྱི་ཐོ་འགོད་པའི་དོ་དམ་བྱེད་ཚུལ་ལག་བསྟར་བྱས།   རྫོང་ནོར་སྲིད་ཅུས་ནས་མ་དངུལ་བཏང་སྟེ་ཁྱིའི་རྐེད་ལ་འདུས་སྙིང་བྱང་བུ་འདོགས་པ་དང་ཁྱི་གསོ་ལག་ཁྱེར་འཛིན་དགོས་པ་དང་པར་ལེན་བྱས་ཏེ་ཡིག་ཚགས་བཟོ་རུ་བཅུག སེར་ཤུལ་རྫོང་གིས་ཟླ་རེའི་ཚེས10ཉིན་ནི་ཁྱིའི་ཐུམ་འབུ་འདེད་པའི་ཉིན་མོར་གཏན་འཁེལ་བྱས་ནས་རྫོང་ཡོངས་ཀྱི་གྲོང་པ169ལ་ཐུམ་འབུའི་ནད་སྔོན་འགོག་གི་དྲིལ་བསྒྲགས་པ་དང་འབུ་འདེད་པ་བཞག་ཡོད།  ཐུམ་འབུའི་ནད་སྔོན་འགོག་གི་དྲིལ་བསྒྲགས་པ་མི་འགྱུར་ཀུན་དགས་བཤད་རྒྱུར། ངའི་ལས་འགན་ནི་ཐུམ་འབུའི་ནད་སྔོན་འགོག་གི་དྲིལ་བསྒྲགས་པ་དང་འབུ་འདེད་བྱ་རྒྱུ་དེ་ཡིན་ཞེས་བཤད།  ཟླ་རེའི་ཚེས10ཉིན་ལ་ད་དུང་ཁྱི་གསོ་ཡོད་པའི་ཁྱིམ་ཚང་སོ་སོར་སོང་ནས་ཐུམ་འབུ་འདེད་པའི་དུས་ཚོད་ཡིན།  སེར་ཤུལ་རྫོང་གིས་ད་དུང་མི་སྟོང་ཡོད་པའི་རུ་ཁག་བཙུགས་ཏེ་མི་རེ་དང་། ཁང་རེ།  དུད་རེ། ཁྱི་རེ་བཅས་ལ་གཞིགས་ནས་ཞིབ་བཤེར་ནན་མོར་བྱས་ཏེ་རྫོང་ཡོངས་ལ་ད་ལྟ་འབྲོག་ཁྱི12481ཡོད་པ་དང་། ཐོ་འགོད་ཟིན་པའི་ཁྱི18368ཡོད། གསོ་ཁྱི་ཐོ་འགོད་ཀྱི་ཚད་ནི་བརྒྱ་ཆ98ལ་ཟིན་ཡོད།  ཁྱིའི་རྐེད་ལ་འདུས་སྙིང་བྱང་བུ་དང་རྐེད་བྱང་འདོགས་ཚད་ཉིས་ཁྲི་ཆིག་སྟོང་ལོངས་ཡོད། ཐོ་འགོད་པའི་ཁྱི་བདག་དང་ཁྱི་ལ་འགྱུར་ཚུལ་ཅན་དང་ཚད་ལྡན་ཅན་གྱིས་དོ་དམ་བྱེད་བཞིན་ཡོད།

      ན་ནིང་ནས་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་ཚོད་ལྟའི་ལས་དོན་སྤེལ་འགོ་ཚུགས་པ་ནས་བཟུང་། སེར་ཤུལ་རྫོང་ནི་ཞིང་ཆེན་ནད་འགོག་ལྟེ་བའི་ཐུམ་འབུའི་ནད་སྔོན་འགོག་ཞིབ་དཔྱོད་ཁང་གི་འགོ་གཙོ་གཞོན་པ་ལིའུ་ལེ་ཡི་ཁྱིམ་གཞི་གཉིས་པ་རུ་གྱུར། ད་ལོ་ཁོང་མཐོ་སྒང་དུ་འདུག་ཐེངས་གཅིག་ལ་ཟླ་བ་བརྒྱད་ལྷག་བསྡད་པ་རེད། ལིའུ་ལེ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། ཞིང་ཆེན་ནད་འགོག་ལྟེ་བས་སེར་ཤུལ་རྫོང་དུ་ཐུམ་འབུའི་ནད་སྔོན་འགོག་བྱེད་པའི་ལས་ཀའི་ས་ཚུགས་བཙུགས་ཡོད་ཅིང་། མི་བཞི་ཆེད་མངགས་ཀྱིས་མཐོ་སྒང་ས་ཆ་ལ་ཐུམ་འབུའི་ནད་ཀྱི་བརྟག་གསེས་དང་སྲོག་ཆགས་དང་སྒོས་སུ་ཁྱི་ཡི་ལུས་ཀྱི་ཐུམ་འབུའི་ནད་ཀྱི་མ་དཔེ་བསྡུ་ལེན་བྱ་རྒྱུ་དང་། ཁྱི་ལུད་བསྡུ་རྒྱུ་སོགས་ཀྱི་ལས་ཀ་སྤེལ།  ཁྱི་ལུད་བསྡུ་རྒྱུ་ནི་ཉེན་ཁ་ཆེ་བའི་ལས་ཀ་ཞིག་རེད།   ལིའུ་ལེ་ཡིས་གྲོང་པ་དང་དུད་ཚང་སོ་སོ་ལ་ཕྱིན་ནས་ཁྱི་ལུད་བསྡུས་དགོས་པར་མ་ཟད་ད་དུང་རི་འགོར་སོང་ནས་ཁྱི་འཁྱམ་དག་གི་ལུད་ཀྱང་བསྡུ་དགོས་པ་ཡིན། མཐོ་སྒང་ས་ཆའི་ཁྱི་རྣམས་ནི་གཟུགས་སྟོབས་ཆེ་ཞིང་ངར་མ་ཡིན་པས་སྔོན་འགོག་པ་ཚོར་སོ་རྨས་བྱེད་པ་ནི་རྒྱུན་ལྡན་གྱི་བྱ་བ་ཞིག་རེད།  དེ་མིན་ད་དུང་རི་འགོར་ཨ་བྲ་འཛིན་ས་ཡང་འགྲོ་དགོས།  ཨ་བྲ་འཛིན་བྱེད་ཀྱི་རྙི་བཞག་མ་ཐག་སེར་བས་བཅོམ་པ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་རེད།

      མིག་སྔར།  རྫོང་ཡོངས་ཀྱི་ཕྱུགས་ཟོག་བར་སྔོན་འགོག་བྱེད་ཤུགས་ཆེ་རུ་ཕྱིན་ཡོད་ཅིང་། རྩྭ་སོན་ཁ་གསབ་མུའུ་ས་ཡ་གཅིག་དང་འབུམ་དགུ་ཁྲི་ལྔ་བཏབ་པར་མ་ཟད། འབྲོག་པའི་གཞིས་ཆགས་ས46ལ་ཨ་བྲ་རྩ་མེད་བཏང་བའི་ས་ཁྱོན་མུའུ་འབུམ་གསུམ་དང་ཁྲི་གཉིས་ཡོད།  སྲོག་ཆགས་ལ་ནད་གཤེར་དང་ནད་བརྟག་བྱས་ཏེ་ཁྱི་ལུད་མ་དཔེ2410བསྡུས་ཡོད།  ར་ལུག་འབུམ་གཅིག་དང་ཁྲི་དྲུག་ལྔ་སྟོང་ལ་ཐུམ་འབུའི་ནད་ཀྱི་རྒྱུད་རྒྱུའི་རིམས་སོན་གྱི་ཁབ་བརྒྱབ་ཡོད།

      འགོག་བཅོས་ཤེས་བྱ་ཤེས་ཚད་བརྒྱ་ཆ75.71ལ་ཟིན་ཞིང་།  སློབ་མ་ཕལ་ཆེ་བས་ཐུམ་འབུའི་ནད་འགོག་བཅོས་ཞེས་པའི་གླུ་ལེན་ཤེས།

       སྤྱི་ཟླ12པའི་ཚེས1ཉིན་གྱི་ཕྱི་དྲོའི་ཆུ་ཚོད5པར། སེར་ཤུལ་རྫོང་ཕྱག་ཚྭ་ཤང་ལྟེ་གནས་སློབ་ཆུང་གི་ལོ་རིམ་བཞི་པའི་སློབ་ཁང་ནང་། སློབ་མ་བསོད་ནམས་ཆོས་སྒྲོན་གྱིས་ཆུ་འཁོལ་འཐུང་ཞིང་བཙོས་ཟས་ཟ། ཟ་མའི་སྔོན་རྗེས་ལག་པ་འཁྲུད། ཁྱི་ལ་གཏན་ནས་རྩེ་མ་འགྲོ་ཞེས་པའི་གླུ་ལེན་བཞིན་འདུག  གླུ་དེའི་མིང་ལ་ཐུམ་འབུའི་ནད་འགོག་བཅོས་ཀྱི་གླུ་ཞེས་ཟེར་ཞིང་། སེར་ཤུལ་རྫོང་གི་སློབ་མ་ཕལ་ཆེ་བས་གླུ་དེ་ལེན་ཤེས་པ་རེད།

      ལོ་ན12ལ་སོན་པའི་བསོད་ནམས་ཆོས་སྒྲོན་ལ་ལོ5ཡི་སྐབས་ཐུམ་འབུའི་ནད་ཕོག་པ་རེད། 2011ལོར་ཁོ་རང་དཀར་མཛེས་ཁུལ་མི་དམངས་སྨན་ཁང་དུ་གཤགས་ལས་སྨན་བཅོས་བྱས་ཤིང་ལོ་ཕྱེད་རིང་ལ་སྨན་བཏུང་བས་ཐུམ་འབུའི་ནད་དྲག་སོང་བ་རེད། སྔོན་ཆད་ཡིན་ན་ཁོས་རང་ཉིད་ལ་ཐུམ་འབུའི་ནད་དེ་ཅི་འདྲ་ཕོག་པ་ཧ་མི་གོ་ཞིང་།  རྗེས་སུ་སློབ་གྲྭས་དྲིལ་བསྒྲགས་ཀྱི་མཛད་སྒོ་སྣ་ཚོགས་སྤེལ་བར་བརྒྱུད་ནས་ཐུམ་འབུའི་ནད་འབྱུང་བའི་རྒྱུ་མཚན་ཤེས་པར་མ་ཟད། ཁོའི་ཁྱིམ་མི་ཚང་མའི་འཚོ་བའི་གོམས་སྲོལ་རྩ་བ་ནས་འགྱུར་ལྡོག་ཐེབས་ཡོད། དཔེར་ན་ཁྱི་བཏགས་ནས་གསོ་བ་དང་། ཁྱིམ་མི་ཆེ་ཆུང་ཚང་མས་ཤ་རློན་མི་ཟ་བ། ཆུ་མ་འཁོལ་བ་མི་འཐུང་བ། སེན་མོ་བཅད་པ་དང་ཟ་མའི་སྔོན་རྗེས་ལ་ལག་པ་བཀྲུ་བ་སོགས་རེད།

      ཕྱག་ཚྭ་ཤང་ལྟེ་གནས་སློབ་ཆུང་གི་སློབ་ཁྲིད་ཐོག་ཁང་མདུན་གྱི་ཤེལ་སྒོའི་ཐོག་ལ། རྒྱ་བོད་སྐད་གཉིས་ཀྱི་ཐོག་ནས་དེ་རིང་ཁྱོད་ཀྱིས་ལག་པ་བཀྲུ་ཨེ་ཡོད་ཅེས་པའི་གསལ་འདེབས་ཡི་གེ་བྲིས་ཡོད། སློབ་གཙོ་ཚེ་ནམས་ཐར་གྱིས་འཛིན་གྲྭ་ཚང་མར་གཟའ་འཁོར་རེ་ལ་བདེ་ཐང་སློབ་གསོའི་སློབ་ཁྲིད་ཡོད། འཛིན་གྲྭའི་ཚོགས་འདུ་དང་གདོང་ལེན་རུ་ཁག་གི་ཚོགས་འདུ་ལའང་བདེ་ཐང་ཤེས་བྱའི་སློབ་གསོ་ཡོད། བྱིས་པ་ཚོས་བདེ་ཐང་འཕྲོད་བསྟེན་གྱི་ཤེས་བྱ་ཕལ་ཆེ་བ་ཁོང་དུ་ཆུད་ཟིན་ཞེས་ངོ་སྤྲོད་བྱས།        བུ་ཕྲུག་བརྒྱུད་ནས་ཁོ་ཚོའི་ཕ་མ་རྣམས་ལ་ཤུགས་རྐྱེན་ཐེབས་སུ་འཇུག་པ་ནི་ཕྱག་ཚྭ་ཤང་ཐུམ་འབུའི་ནད་འགོག་བཅོས་ཀྱི་སྤྱི་ཚོགས་དར་སྲོལ་རགས་ཙམ་ཆགས་ཡོད།

      འཚོ་བ་རོལ་བའི་གོམས་སྲོལ་བཟང་པོ་དེ་ནི་ནད་སྔོན་འགོག་གི་གཞི་རྩ་ཡིན།  སེར་ཤུལ་རྫོང་གིས་ཤང་དང་གྲོང་རྡལ་གྱི་སྒྲོག་འགྲེལ་བ་དང་། སྨན་བཅོས་མི་སྣ། གྲོང་པའི་ལས་བྱེད་པ་བཅས་གསུམ་ལས་གྲུབ་པའི་སྒྲོག་འགྲེལ་རུ་ཁག་རྩ་འཛུགས་བྱས་ཏེ་མང་ཚོགས་ཀྱིས་དང་ལེན་བྱེད་ཐུབ་པ་དང་གོ་བདེ་བ་ཞིང་སྙིང་ཉེ་བའི་སྐད་ཆ་སྤྱད་ནས་བདེ་ཐང་ཤེས་བྱའི་སློབ་གསོ་སྒྲོག་འགྲེལ་ཐེངས་མང་སྤེལ་ཏེ། དམངས་ཚོགས་རྣམས་སྣེ་ཁྲིད་དེ་མ་བསྐུལ་དང་བླངས་ཀྱིས་ཕྱོགས་བསྡུས་ཐུམ་འབུའི་ནད་སྔོན་འགོག་ལས་ཀའི་ནང་ཞུགས་སུ་བཅུག་པ་རེད།

      རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ཡོངས་ལ་གསོ་སྦྱོང་བྱས་ནས་ཐུམ་འབུའི་ནད་ཀྱི་བདེ་ཐང་སློབ་གསོའི་སློབ་ཚན་བཀོད་པ་དང་སློབ་མ་རྣམས་ལ་ཐུམ་འབུའི་ནད་སྔོན་འགོག་གི་ཤེས་བྱ་ཁྱབ་བསྒྲགས་ཀྱི་བཀླག་དེབ་སྤྲད་ཅིང་།  སློབ་མ་གཅིག་གིས་ཁྱིམ་ཚང་ཡོངས་རྫོགས་ཁྲིད་ཅེས་པའི་བྱེད་སྒོ་སྤེལ་བར་བརྒྱུད་ནས་ཀུན་གྱིས་སྔོན་འགོག་བྱེད་པར་སྐུལ་ཁྲིད་བྱས་པ་རེད། སྒྲོག་འགྲེལ་དང་གྲོས་མོལ་སོགས་བྱེད་ཐབས་བརྒྱུད་ནས་དེང་རབས་ཀྱི་སྨྱན་སྦྱོར་བཀོལ་ནས་ཐུམ་འབུའི་ནད་འགོག་ཆོག་པ་དང་བཅོས་ཆོག་པ། ཚོད་འཛིན་ཆོག་པ། སྐྲག་མི་དགོས་བ་སོགས་ཁྱབ་བསྒྲགས་བྱས། རྫོང་བརྙན་འཕྲིན་ཁང་དང་འཕྲོད་བསྟེན་ཁང་། སློབ་གྲྭ་སོགས་སུ་ཐུམ་འབུའི་ནད་སྔོན་འགོག་གྱི་གླུ་བརྩམས་ཏེ་དུས་རྒྱུན་གཏོང་བ་དང་། ཐུམ་འབུའི་ནད་སྔོན་འགོག་ཕྱོགས་བསྡུས་ཤེས་བྱའི་ལག་འཁྱེར་ཚོན་འཕྲིན་ཁྲི12བསྐུར་བ་དང་། འཕྲིན་ཕྲན་ཁྲི17བསྐུར་བ། རིགས་མི་འདྲ་བའི་དྲིལ་བསྒྲགས་ཡིག་ཆ་ཁྲི15ལྷག་བྱིན་པ་རེད། རྒྱལ་ཁབ་བསྡོམས་རྩིས་ཁང་དཀར་མཛེས་ཞིབ་དཔྱད་རུ་ཁག་གིས་སེར་ཤུལ་རྫོང་ཐུམ་འབུའི་ནད་ཀྱི་བདེ་ཐང་ཤེས་བྱ་རྟོགས་ཚད་ལ་བརྟག་དཔྱད་སྤེལ་བའི་མཇུག་འབྲས་ལས་མངོན་པར་གཞིགས་ན། ཕྱོགས་ཡོངས་ཀྱི་ཧ་གོ་བའི་ཚད2010ལོའི་བརྒྱ་ཆ30དང2015ལོའི་བརྒྱ་ཆ53ནས་ད་ལྟའི་བརྒྱ་ཆ75.71ལ་འཕར་ཡོད།  མང་ཚོགས་ཀྱིས་ཕྱོགས་བསྡུས་སྔོན་འགོག་ལ་རྒྱབ་སྐྱོར་བྱེད་ཚད་བརྒྱ་ཆ94.33ལ་ཟིན་ཡོད་དོ།།


  • ལེ་ཚན་སྔོན་མ།:ཨ་ཙི་ལ་རྒྱལ་རེ་ལ་དཔེ་བཟང་ཁྱིམ་ཚང་གི་མཚན་སྙན་ཐོབ།
  • ལེ་ཚན་རྗེས་མ།:ལིའུ་ཁྲེང་མིང་གིས་ཁུལ་ཨུའི་རྒྱུན་ཨུ﹙རྒྱས་འཛོམས﹚གྲོས་ཚོགས་ཀྱི་གཙོ་འགན་བཞེས་ཏེ། ད་ལོའི་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་གསན།
  • དོ་སྣང་ཆེ་བའི་རྩོམ།