ཨ་ཙི་ལ་རྒྱལ་རེ་ལ་དཔེ་བཟང་ཁྱིམ་ཚང་གི་མཚན་སྙན་ཐོབ།

དབྱངས་ཅན་གྱིས་བསྒྱུར།        2016-12-20

      ཀྲུང་གོའི་ཆེས་མཛེས་སྡུག་གི་ཤང་དང་གྲོང་སྡེའི་མཚན་སྙན་ཐོབ་ཡོད་པའི་རོང་བྲག་རྫོང་དགེ་ཆུ་རྩ་ཤང་སྟག་གསུམ་གྲོང་སྡེར་རི་བོ་དང་ཁ་དོག་རྣམ་པ་བཀྲ་བའི་རི་སྐྱེས་མེ་ཏོག རྩྭ་སྔོན་དང་ལྗོན་པའི་ཁྲོད་དུ་མཐོ་དམའ་མི་གཅིག་པའི་བོད་ཁང་བརྒྱ་ཕྲག་ལྷིང་འཇགས་སེར་གནས་ཡོད། ཞོགས་པར་མལ་ལས་ལངས་དུས་སྨུག་ཞག་གིས་གཡོགས་པའི་གྲོང་སྡེ་དེར་ལྷག་པར་ཞོད་འཇམ་དང་དྲོད་སྐྱིད་ལྡན་པས་ལྷ་ཡུལ་དང་ཀུན་ནས་མཚུངས། ཆེས་མཛེས་སྡུག་གི་གྲོང་གསེབ་འདིར་རྒྱལ་ཡོངས་ཀྱི་ཆེས་བཟང་བའི་ཁྱིམ་ཚང་ཞེས་པའི་མཚན་སྙན་ཐོབ་མཁན་ཁྱིམ་ཚང་ཞིག་ཡོད།  མིག་སྔའི་བར་ཁྱིམ་ཚང་དེ་ནི་རང་ཁུལ་གྱི་ཁྱད་པ་ཅན་གྱི་མཚན་སྙན་ཐོབ་མཁན་ཁོ་ན་ཡིན།

      ཞོགས་པར་ནམ་གསལ་ལ་ཉེ་སྐབས་ཨ་ཙི་ལ་རྒྱལ་རེ་ཚང་གི་ཁྱིམ་མི་ཚང་མ་མལ་ལས་ལངས་ཏེ་ཞོགས་ཇ་བཏུང་རྗེས་ཨ་ཙི་ལ་རྒྱལ་རེ་སྒོ་ཕྱིར་བུད་པ་རེད། ཉེ་བའི་ལོ་གཉིས་རིང་སྟག་གསུམ་གྲོང་སྡེས་ཚ་ཚ་འུར་འུར་ངང་བདེ་སྐྱིད་མཛེས་སྡུག་གི་གྲོང་གསར་སྐྲུན་པ་རེད། གྲོང་སྡེའི་ཀྲི་པུའུ་ཧྲུའུ་ཅི་ཡིན་པའི་ཆ་ནས་ཁོའི་ཕྲག་ཐོག་གི་ཁུར་པོ་ཇེ་ལྗིད་དུ་ཕྱིན་པ་རེད། ཁོའི་བཟའ་ཟླས་ཨ་ཙི་ལ་རྒྱལ་རེའི་གནས་ཚུལ་སྐོར་གླེང་སྐབས་ཁོ་རང་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་བྱེད་དགོས་པས་སྔོན་མ་ལས་དཀའ་ལས་ཆེ་བ་དང་། ཆེས་ཡག་ཤོས་ནི་ང་རང་གིས་ལོ5ཡི་སྔོན་ཁོ་ལ་ཤ་ཚ་བའི་གཏམ་མང་པོ་བཤད་པའི་བཀའ་དྲིན་ལས་མཐར་ཁོས་ཆང་རག་སྤོང་ཐུབ་པ་བྱུང་བ་དང་ལུས་པོའང་ཇེ་ཡག་ཏུ་གྱུར་ཅིང་སྣང་བ་ཡང་སྐྱིད་པོར་གྱུར་པས་ད་གཟོད་ང་རང་བློ་བདེ་སོང་ཞེས་བཤད།

གསར་འགོད་པས་ཨ་ཙི་ལ་རྒྱལ་རེ་དང་གླེང་མོལ་བྱེད་སྐབས། ཁོས་དགོད་ཞོར་དུ་སྤོབས་པ་ཆེར་སྐྱེད་ཀྱིས་ངའི་སེམས་སུ་ཆེས་གཅེས་འོས་པ་ནི་ང་རང་གི་བཟའ་ཟླ་ཡིན་པ་དང་མོ་རང་གི་སེམས་སུ་ཆེས་གཅེས་འོས་པ་ནི་ང་རང་རེད། ངེད་གཉིས་གཉེན་སྒྲིག་བྱས་ནས་ལོ་ངོ23སོང་རིང་ཁ་རྩོད་ཙམ་ཡང་བྱེད་མ་མྱོང་། དོན་དག་ཆེན་པོ་ཡིན་ན་ཁྱིམ་མིས་གྲོས་བྱས་ནས་ཐག་གཅོད་བྱེད་བཞིན་ཡོད། ཕལ་ཆེར་ངས་བཤད་པ་ལྟར་ལག་ལེན་བྱེད་ཀྱིན་རེད་ཅེས་བཤད།

      ད་ལོའི་ཟླ་བ6པར་ཨ་ཙི་ལ་རྒྱལ་རེའི་སྒྱུག་མོར་མཁྲིས་རྡོ་ཆགས་ནས་སྨན་ཁང་དུ་གཟའ་འཁོར་གཅིག་ལ་བསྡད་ནས་གཤགས་བཅོས་བྱེད་དགོས་བྱུང་བ་རེད།  ཨ་ཙི་ལ་རྒྱལ་རེས་སྒྱུག་མོར་གཤགས་བཅོས་བྱེད་པའི་སྨན་རིན་ཚང་མ་སྤྲད་རྒྱུ་དང་ནད་གཡོག་བྱ་རྒྱུ་སོགས་བྱས་པས། སྒྱུག་མོར་སེམས་འགུལ་རབ་ཏུ་ཐེབས་ནས་ང་རང་ལ་འཇོན་ནུས་ལྡན་པའི་བུ་ཞིག་ཡོད་ཅེས་བསྔགས་བརྗོད་ཡང་ཡང་བྱས། ཨ་ཙི་ལ་རྒྱལ་རེས་རྒན་རྒོན་ལ་བསྙེན་བཀུར་བྱེད་པའི་བྱ་སྤྱོད་དེས་ཉེ་འཁོར་ཡོད་པའི་མི་རྣམས་ལ་དགེ་མཚན་ལྡན་པའི་ཤུགས་རྐྱེན་བཟང་པོ་ཐེབས་པར་མ་ཟད་རང་གི་བུ་རྒྱུད་ཚོར་ལས་ལ་བརྩོན་ཞིང་གཞུང་དྲང་བྱ་དགོས་པའི་སློབ་གསོ་ཡང་ཐེབས་པ་རེད།

      སྟག་གསུམ་གྲོང་སྡེའི་གཙང་ཞིང་གྲལ་འགྲིག་པའི་གཞུང་ལམ་དུ་ཕྱིན་ཏེ་ཨ་ཙི་ལ་རྒྱལ་རེའི་སྐོར་གྱི་གནས་ཚུལ་གླེང་སྐབས། གྲོང་མི་ཚོས་ཨ་ཙི་ལ་རྒྱལ་རེས་ང་ཚོའི་གྲོང་སྡེའི་ཀྲི་པུའུ་ཧྲུའུ་ཅི་ཡི་འགན་ཁུར་ནས་ལོ་ངོ་བཅུ་ཁ་ཤས་རེད་སོང་། ཁོས་གླ་ཕོགས་ཕལ་ཆེར་གྲོང་སྡེ་བསྐྲུན་ཡས་དང་གྲོང་མི་ཚོར་ཕན་བདེའི་ལྟ་སྐྱོང་བྱེད་ཡས་སུ་སྤྱད་པ་དང་། ཁོས་རིན་གོང་སྒོར་ཁྲི་གཉིས་རི་བའི་ཟོག་ཤ་ཉོས་ནས་གྲོང་མི་ཚོར་བགོས་པར་མ་ཟད། ད་དུང་ཁོས་རང་ཉིད་ཀྱི་ལོ་གཅིག་ལྷག་གི་ཡོང་འབབ་སྒོར་ཁྲི་ཁ་ཤས་ཡོད་པ་དེ་ཡང་སྤྱད་ནས་གྲོང་མི་ཚོར་འཚོ་བའི་ཁ་སྣོན་རོགས་དངུལ་དུ་བྱས་པས། གྲོང་མི་ཚོས་ཁོ་རང་ལ་བསྟོད་བསྔགས་བྱས་ཐོག་སེམས་གཏིང་ནས་ཁོང་ལ་གུས་བཀུར་ཞུ་བ་རེད་ཅེས་བཤད།

      གསར་འགོད་པས་ཁོའི་བཟའ་ཟླ་དགེ་འདུན་ལ་ཨ་ཙི་ལ་རྒྱལ་རེས་མི་དམངས་ཀྱི་དོན་བསྒྲུབས་པར་མང་ཞིང་རང་གི་ཁྱིམ་ཚང་གི་དོན་དག་ལ་དོ་ཁུར་བྱེད་ཉུང་བས་བསམ་འཆར་ཨེ་ཡོད་ཅེས་དྲིས་ཚེར། དགེ་འདུན་གྱིས་སྤོབས་པ་ཆེར་སྐྱེད་ཀྱིས་ང་ཚོའི་གྲོང་སྡེ་འདི་ཡག་པོ་ཞིག་བསྐྲུན་ཐུབ་རྒྱུ་ནི་ཁོའི་ཕུགས་འདུན་དང་ཡིད་སྨོན་རེད། ང་ཚོ་ཁྱིམ་མི་ཚོས་རྒྱབ་སྐྱོར་བྱེད་ངེས་ཡིན་ཞེས་བཤད།

ཁྱིམ་བཟའ་མིའི་བར་ཁ་འཆམ་མཐུན་གྲོགས་དང་རྒན་བཀུར་བྱིས་སྐྱོང་། གྲོང་མི་ཁྱིམ་མཚེས་བར་ཡང་ཞི་མཐུན་བྱུང་བས། ཁྱིམ་ཚང་འདིས་རང་ཉིད་ལ་བདེ་སྐྱིད་དང་མཛེས་སྡུག་གི་ཁྱིམ་གཞིས་དྲོན་མོ་ཞིག་བསྐྲུན་ཡོད་པར་མ་ཟད། གྲོང་མི་ཡོངས་རྫོགས་དེ་བས་བདེ་སྐྱིད་ཀྱི་ལམ་བུར་བསྐྱོད་ཐུབ་པར་སྣེ་ཁྲིད་ཡག་པོ་བྱས་ཡོད་དོ།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱི་ས་གནས་སོ་སོས་དགུན་དཔྱིད་དུས་ཚིགས་ཀྱི་ནགས་ཚལ་མེ་འགོག་ལས་ཀ་ཡག་པོ་སྒྲུབ།
  • ལེ་ཚན་རྗེས་མ།:མཐོ་སྒང་གི་ཞིང་འབྲོག་མི་དམངས་ཐུམ་འབུའི་ནད་དགྲ་ལས་ཐར་བཞིན་ཡོད།
  • དོ་སྣང་ཆེ་བའི་རྩོམ།