མཐོ་སྒང་གི་ཐང་དཀར་རྒོད་པོ། ——དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བརྒྱད་ཟིལ་རྫོང་ཞིབ་དཔྱོད་ཁང་གི་འགོ་གཙོ་སུའུ་ཀྲི་པིང་གི་གནས་ཚུལ་་བཀོད་པ།

བདེ་སྐྱིད་ཀྱིས་བསྒྱུར།        2016-12-19

མཐོ་སྒང་གི་ཐང་དཀར་རྒོད་པོ། ——དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བརྒྱད་ཟིལ་རྫོང་ཞིབ་དཔྱོད་ཁང་གི་འགོ་གཙོ་སུའུ་ཀྲི་པིང་གི་གནས་ཚུལ་་བཀོད་པ།

      དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བརྒྱད་ཟིལ་རྫོང་ཞིབ་དཔྱོད་ཁང་གི་ཁང་ཐོག་ལྔ་པའི་ཞིབ་དཔྱོད་འགོ་གཙོ་གཞུང་ལས་ཁང་གི་ཤིང་སྒོ་ཕྱེ་ཐེངས་རེར་ལས་ཁུངས་ཀྱི་གཙང་སྦྲ་བྱེད་མཁན་ཉི་མ་བུ་ཁྲིད་ཀྱི་མིག་ཟུང་ལས་མིག་ཆུ་སླར་ཡང་བསྲན་མ་ཐུབ་པར་བཞིན་ངོས་སུ་བསྙིལ། ཉི་མ་བུ་ཁྲིད་ཀྱིས་ཉིན་ལྟར་གཞུང་ལས་ཁང་འདིར་གཙང་ཕྱགས་བྱེད་པའི་ལས་ཀ་བསྒྲུབས་ནས་ལོ་བཞི་ལྷག་ཙམ་སོང་། དེ་སྔོན་ཁོ་རང་སྒོར་འཛུལ་མ་ཐག་ཆ་རྒྱུས་ཡོད་པའི་གཟུགས་བརྙན་ཞིག་མིག་ལམ་དུ་ཤར་སྲིད་ལ། དེ་རིང་ཁོས་ལས་དོན་ལ་རྩེ་གཅིག་ཏུ་འབད་པའི་གཟུགས་བརྙན་དེ་མཐོང་རྒྱུ་མེད་པ་རེད།

      མྱུལ་ཞིབ་ལྟ་སྐུལ་ཁོ་ཡི་ཁོ་ཀྲང་ཧྲེན་ལ་ཆན་གྱིས་གྱོད་དོན་གྱི་ཡིག་ཆ་ལག་ཏུ་བཟུང་ནས་ཚུར་སློག་ཕར་སློག་བྱས་ཏེ་བསམ་བློ་ཇི་ལྟར་བཏང་ཡང་འགག་གནད་སྒྲོལ་ས་ཞིག་རྩ་བ་ནས་མ་རྙེད། དེ་ནས་སྔོན་མའི་གོམས་གཤིས་ལྟར་ཁོས་ཆ་རྒྱུས་ཡོད་པའི་ཁ་པར་ཨང་གྲངས་དེ་མནན་འགོ་ཚུགས། ཁ་པར་ལེན་མཁན་རྩ་བ་ནས་མི་འདུག གློ་བུར་དུ་ཁོའི་དྲན་པ་སད་པས་མ་གཞིར་ཕྱོགས་དེའི་ཁ་པར་ཉན་མཁན་དེ་ཁོ་རང་དང་གཏན་དུ་ཁ་བྲལ་སོང་བ་ད་གཟོད་ཤེས།

གཞུང་ཅོག་ཏུ་ལས་དོན་སྒྲུབ་བཞིན་པའི་གཟུགས་བརྙན་བརྗེད་དཀའ་བ་དང་ཉན་མཁན་མེད་པའི་ཁ་པར་སོགས་ལས་མི་ཚང་མས་བརྒྱད་ཟིལ་རྫོང་ཞིབ་དཔྱོད་ཁང་གི་འགོ་གཙོ་སུའུ་ཀྲི་པིང་ལ་བཅངས་པའི་ཚད་མེད་ཀྱི་དྲན་གསོ་མཚོན་ཐུབ།

      2016ལོའི་ཟླ་བ9པའི་ཚེས2ཉིན།  ཁྲེང་ཏུའུ་རུ་ཚོགས་འདུ་འཚོག་བཞིན་ཡོད་པའི་སུའུ་ཀྲི་པིང་ཚོགས་འདུ་ཚར་མ་ཐག་ཏུ་ངལ་གསོ་རྒྱག་ཁོམ་མེད་པར་འཕྲལ་དུ་སྡོད་ཁང་དུ་ཕྱིར་ལོག་སྟེ་ལས་གྲོགས་ཀྱིས་གྱོད་དོན་སྙན་སེང་ཞུ་བར་གསན་པ་རེད། བསམ་ཡུལ་ལས་འདས་པ་ཞིག་ནི་སུའུ་ཀྲི་པིང་གིས་གསན་བཞིན་སྒང་ལ་གློ་བུར་དུ་གྲིབ་ཕོག་ནས་མྱུར་སྐྱོབ་སྨན་བཅོས་བྱས་ཀྱང་མ་ཐུབ་པར་ཚེ་ལས་འདས་པ་རེད། ལོ50ལས་སོན་མེད་པའི་མི་དམངས་ཀྱི་ཞབས་ཞུ་བ་བཟང་པོ་ཞིག་གི་སྙིང་གསོན་པོ་འཕག་འཕྲོར་དུས་དེ་ནས་ཆད།

      མཐོ་སྒང་གི་ཐང་དཀར་རྒོད་པོ་ཞིག་མཁའ་དབྱིངས་སུ་ཡལ་སོང་། གངས་རིས་བཤུམ་སྒྲ་སྒྲོག་ཅིང་ཆུ་མོས་ངུ་སྐད་གཏོང་།

      ལོ33རིང་ལ། བློ་མཐུན་སུའུ་ཀྲི་པུའུ་ཡིས་ཞིང་ཆེན་ཡོངས་ལས་ས་བབ་མཐོ་ཤོས་དང་རང་བྱུང་ཆ་རྐྱེན་ཞན་ཤོས་ཀྱི་སེར་ཤུལ་རྫོང་དང་བྲག་འགོ་རྫོང་།  བརྒྱད་ཟིལ་རྫོང་བཅས་ལ་སྔོན་རྗེས་སུ་ལས་དོན་བསྒྲུབ་མྱོང་ཞིང་། སུའུ་ཀྲི་པིང་གིས་ཞིབ་དཔྱོད་ལས་དོན་བསྒྲུབ་རྒྱུ་དེ་ཨང་དང་པོར་བཞག་ཅིང་ཞིབ་དཔྱོད་ཀྱི་དྲང་བདེན་གྱི་རལ་གྲི་མཁའ་ལ་འཕྱར་ཏེ་ཐོག་མཐའ་བར་གསུམ་དུ་ཉེས་གསོག་ལ་ཉེས་ཆད་གཅོད་པ་དང་བཟང་སྤྱོད་ལ་སྲུང་སྐྱོང་མཛད། ཁོང་འཇིག་རྟེན་འདིར་འཚོ་བར་ངོ་གནོང་མི་དགོས་ཤིང་གནོང་འགྱོད་ཀྱང་གཏན་ནས་བྱ་མི་དགོས་ཏེ། ཁོང་གིས་སྒེར་སེམས་མེད་པར་དྲང་གཞག་གིས་ཞིབ་དཔྱོད་ལས་ཀར་བློ་སེམས་རབ་ཏུ་དཀར་ཞིང་། བྱང་ཆུབ་སེམས་མཆོག་གི་རྫ་ཆབ་བསིལ་མས་ནམ་ཡང་རང་རྒྱུད་བརླན། ཚེ་སྲོག་གི་མཐའ་མར་སླེབས་ཀྱང་ཞུམ་མེད་ཀྱི་ཐུགས་སྤོབས་ཆེན་པོས་དཀའ་ངལ་ཁྱད་དུ་བསད་དེ་ཉམས་མེད་འཕྲིན་ལས་མཛད་པའི་བརྩོན་ཤུགས་དེ་གང་ལས་འབྱུང་བའི་འདྲི་གཞིར་སུའུ་ཀྲི་པིང་གིས་དྲིས་ལན་ནི་ཆེས་རྒྱུན་ལྡན་གྱི་སྐད་ཆ་ཞིག་སྟེ། ང་རང་ཞིབ་དཔྱོད་དཔོན་པོ་བཟང་པོ་ཞིག་བྱ་འདོད་ཡོད་ཅེས་པ་དེ་རེད།

      ཁོང་ནི་སྤྱོད་གཙང་གིས་ཀུན་ནས་ཕྱུག་པའི་མི་ཞིག་ཡིན།

      ང་དང་ཞིབ་དཔྱོད་ལས་དོན་སྒྲུབ་མཁན་ཚང་མས་སྤྱིར་བཏང་མ་ཡིན་པའི་ལོ་ཟླའི་ནང་དུ་ལས་དོན་ལ་ཧུར་བརྩོན་བྱ་རྒྱུའི་དམིགས་ཡུལ་གཅིག་ཁོ་ན་ལས་མེད་པ་སྟེ། མང་ཚོགས་ཀྱི་ལུས་པོར་ཤ་ཁྲག་འཐུང་མཁན་དང་ཏང་གི་དཔུང་ཁག་ནང་གི་རུལ་སུངས་མཁན་ལ་ཉེས་ཆད་གཅད་རྒྱུ་དེ་ཡིན་ཞེས་པ་ནི་སུའུ་ཀྲི་པིང་གིས་ནམ་རྒྱུན་བཤད་པའི་ཁ་བྱང་རྣ་བྱང་གི་སྐད་ཆ་ཞིག་རེད།

པར་སྟེང་གི་སུའུ་ཀྲི་པིང་ནི་ཤ་རིད་ཅིང་གཟུགས་པོ་དེ་ཙམ་མི་ཆེ་ལ་མིག་ཤེལ་ཞིག་བསྐོན་ཡོད་པས་གཤིས་ཀ་འཇམ་པོའི་ཤེས་ཡོན་པ་ཞིག་དང་མཚུངས། ཡིན་ནའང་ཁོང་ལས་ཐོག་སླེབས་མ་ཐག་ང་ཚོ་ལ་བཙན་ཉམས་ཤིག་བསྟན་སོང་། ཞེས་བརྒྱད་ཟིལ་རྫོང་ཞིབ་དཔྱོད་ཁང་གི་གཞུང་དོན་ཀྲུའུ་རེན་མཱ་ཡའོ་ཡིས་དེ་ལྟར་བཤད།

      བརྒྱད་ཟིལ་རྫོང་ནི་དཀར་མཛེས་ཁུལ་གྱི་ལྷོ་རྒྱུད་དུ་གནས་ཤིང་ས་ཐག་ཅུང་རིང་བ་རེད། སུའུ་ཀྲི་པིང་བརྒྱད་ཟིལ་རྫོང་དུ་མ་ཡོང་སྐབས་ཉེན་རྟོག་པ་ཚོས་ཉིན་གཅིག་ལ་ལས་ཀ་ཆུ་ཚོད་གཅིག་དང་ཕྱེད་ཀ་མ་གཏོགས་སྒྲུབ་མི་དགོས་པས་ལས་འགན་ལྗིད་པོ་མ་རེད་ཅེས་རང་གིས་རང་ལ་ཀུ་རེ་བྱས་པ་རེད། 2012ལོའི་ལོ་འགོར་སུའུ་ཀྲི་པིང་ཡོང་སྟེ་འགན་བཞེས་ནས་ཟླ་བ་གཉིས་བརྒལ་རྗེས། བརྒྱད་ཟིལ་རྫོང་གི་ལས་ཐོག་འབྱོར་མིན་ལྟ་བྱེད་ཀྱི་མཛུབ་ཐེལ་མནན་འཕྲུལ་དང་པོ་དེ་ཞིབ་དཔྱོད་ཁང་གི་སྒོ་ཁར་བཙུགས་པ་རེད། ཞིབ་དཔྱོད་ཁང་གི་མི་རྣམས་ལ་ཨང་དང་པོའི་མཚན་སྙན་དེ་ཐོབ་འདོད་རྩ་བ་ནས་མེད། མཱ་ཡའོ་ཡིས་སུའུ་དཔོན། དེ་ལྟར་བྱས་ན་གོ་དམ་དྲགས་ཆེ་བ་མིན་ནམ་ཞེས་དྲིས་དུས། སུའུ་ཀྲི་པིང་གིས་ངས་རང་རེའི་ཉེན་རྟོག་པ་ཚོ་ཉིན་རྟག་གསོན་ཤུགས་ཁེངས་པ་དང་ལམ་དུ་འགྲོ་དུས་མི་ཚང་མས་གུས་བཀུར་ཞུ་འདོད་ཡོད་པའི་ཆེད་དུ་ཡིན་ཞེས་ལན་བཏབ། མཛུབ་ཐེལ་མནན་འཕྲུལ་མནན་པར་གོམས་གཤིས་སུ་ཆགས་ཚེ་དགུན་ཁའི་ཞོགས་པ་སྔ་མོ་ཡང་ཁྲོམ་ལམ་དུ་མགོ་དཔང་མཐོ་སངས་སངས་ལས་དོན་སྒྲུབ་ས་འགྲོ་མཁན་ཚང་མ་ནི་ང་ཚོ་ཞིབ་དཔྱོད་ཁང་གི་ལས་བྱེད་པ་ཡིན་པ་རེད་ཅེས་མཱ་ཡའོ་ཡིས་སྤོབས་པ་ཆེན་པོས་དེ་ལྟར་བཤད།

      བརྒྱད་ཟིལ་རྫོང་ལ་ཡོང་མ་ཐག་སུའུ་ཀྲི་པིང་གིས་ལས་དོན་གསུམ་བསྒྲུབ་རྒྱུར་ཁས་ལེན་གནང་ཡོད་པ་སྟེ། གཅིག་ནི་མི་རྣམས་ཀྱི་མིག་ལམ་དུ་ཞིབ་དཔྱོད་ཁང་གི་སྣང་བརྙན་ཇེ་ཡག་ཏུ་གཏང་རྒྱུ་དང་།  གཉིས་ནི་ལས་བྱེད་པའི་དཔུང་ཁག་གི་བྱང་ཚད་མཐོ་རུ་གཏང་རྒྱུ།  གསུམ་ནི་མང་ཚོགས་ཀྱིས་ཡི་རང་བྱེད་ཚད་ཇེ་མཐོར་གཏང་རྒྱུ་བཅས་རེད། སྐད་ཆ་གངས་རིའི་གཤམ་གྱི་རྡོ་རྗེ་བྲག་ལྟར་འགྱུར་བ་མེད་པ་ཡིན་ནའང་བྱ་བ་དངོས་སྒྲུབ་དུས་དཀའ་ལས་ཧ་ཅང་ཆེ་བ་རེད།  བརྒྱད་ཟིལ་རྫོང་ནི་བོད་རིགས་དང་རྒྱ་རིགས།  དབྱིས་རིགས་བཅས་མི་རིགས་མང་པོ་འདྲེས་སྡོད་བྱས་ནས་ཡོད་ལ།  མི་རིགས་རིག་གནས་ཀྱི་ཁྱད་པར་དང་ཐོན་ཁུངས་གསར་སྤེལ་གྱི་དབང་གིས་འགལ་བ་འདྲ་མིན་སྣ་ཚོགས་གཅིག་རྗེས་གཉིས་མཐུད་དུ་བུད་ཅིང་།  འགྲོ་འདུག་ལུགས་སྲོལ་རྙོག་འཛིང་ཆེ་བའི་གནས་བབ་འོག  ཁྲིམས་བསྟར་དྲང་གཞག་བྱེད་དགོས་ན་གནོན་ཤུགས་ཧ་ཅང་ཆེན་པོ་ཡིན་པ་རེད།  ཡིན་ནའང་སུའུ་ཀྲི་པིང་གིས་གྱོད་གཞི་ཚང་མ་སླད་སྐྱོན་གྱིས་འགྱུར་ལྡོག་རྩ་བ་ནས་མི་ཐུབ་པར་བྱ་དགོས་ཞེས་པའི་སྐད་ཆ་ཚིག་གཅིག་ལས་མ་བཤད་པ་རེད།

      2014ལོར་བརྒྱད་ཟིལ་རྫོང་གི་དེ་སྔོན་སྲིད་གཞུང་ཉོ་སྒྲུབ་ལྟེ་གནས་ཀྱི་འགན་འཁུར་བས་གཞུང་དངུལ་སྒོར་ཁྲི390ལྷག་སྒེར་སྤྱོད་བྱས་པས་དུས་སྐབས་དེར་མི་ཚང་མ་ཧ་ལས་པ་རེད།  མི་ཞིག་གིས་སེམས་སུ་རྒྱུ་ལ་མི་དགའ་མཁན་ལས་བྱེད་པ་མེད་སྙམ་ནས་ཐབས་བརྒྱ་ཇུས་སྟོང་གིས་གྱོད་གཞི་སྒྲུབ་གཉེར་བྱེད་མཁན་གྱི་གནས་ཚུས་འདྲི་རྟོགས་བྱས་ཏེ། སུའུ་ཀྲི་པིང་ལ་དུ་བ་དང་ཆང་།  སྒོར་མོ་བསྐྱལ་ས་ཡོང་བ་རེད། ཡིན་ནའང་སུའུ་ཀྲི་པིང་གིས་མི་དེ་ཚོའི་འདོད་རྔམ་རྩ་བ་ནས་སྐོང་དུ་མ་བཅུག་པ་རེད།

      ལས་ཁུངས་ཤིག་གི་དངུལ་གཉེར་མི་སྣ་ཞིག་གིས་གཞུང་དངུལ་སྒེར་སྤྱོད་བྱས་པས་དེའི་ཁྱིམ་མིས་སྒོར་ཁྲི10ལྷག་གི་ལྐོག་རྔན་ཁུར་ནས་སུའུ་ཀྲི་པིང་ལ་དགོངས་བཞེད་གནང་རོགས་ཞུས་ཀྱང་། སུའུ་ཀྲི་པིང་གིས་གཏན་ནས་ཁ་ལེན་མ་བྱས་པས་ཞིབ་དཔྱོད་ཁང་གི་ཁང་ཞབས་ནས་ཡར་སུའུ་ཀྲི་པིང་ལ་གཤེ་དམོད་བྱས་མོད། སུའུ་ཀྲི་པིང་གིས་ནག་ཅན་དཔོན་པོས་མི་ཁེབ་པས་ང་ལ་ངོ་གནོང་དགོས་པ་པ་རྩ་ནས་མེད་ཅེས་བཤད་པ་རེད།

      དེ་ལོར།  བརྒྱད་ཟིལ་རྫོང་ལ་གྲོང་གསེབ་ཀྱི་རྒན་གསོའི་ཉེན་འགོག་མ་དངུལ་སྒེར་སྤྱོད་བྱེད་པའི་གྱོད་དོན་ཞིག་བྱུང་ནས།  སུའུ་ཀྲི་པིང་གིས་ཉེན་རྟོག་པ་སྣེ་ཁྲིད་བྱས་ཏེ་རྩད་ཞིབ་མཐར་ཕྱིན་བྱས་ནས་གྱོད་དོན་ལེགས་གྲུབ་བྱུང་བ་རེད།

ཁོང་ནི་ཇུས་མེད་ཇུས་འཁྲི་ཆེ་བའི་མི་ཞིག་ཡིན།

      སུའུ་ཀྲི་པིང་ཚེ་ལས་འདས་རྗེས།  ཞིབ་དཔྱོད་ཁང་དུ་ལས་དོན་སྒྲུབ་མྱོང་མཁན་ཆིང་མེང་ཡན་གྱིས་དྲན་གསོ་ཞུ་བའི་རྩོམ་ཡིགཨ་ཕཞེས་པའི་ནང་དུ་ཁོང་ནི་བྲེལ་འཚུབ་ཆེ་བའི་འབུ་སྦྲང་ཞིག་དང་ཀུན་ནས་མཚུངས་ཞེས་བྲིས་འདུག   ལས་བྱེད་ཉེན་རྟོག་པ་ལི་ཝུན་ཅིན་གྱིས་ངའི་སེམས་སུ་སུའུ་འགོ་གཙོ་ངའི་ཨ་ཕ་ལྟར་བརྩིས་པའི་དུས་ཚོད་ནམ་ཡིན་ཧ་གོ་མ་སོང་།  ངས་ག་དུས་ཡིན་ཡང་བཀའ་ཁྲིད་ཞུ་སར་འགྲོ་དུས་ཁོང་གིས་དཔེ་འཁྱུད་ཏོག་ཙམ་མེད་པར་ང་རང་ལ་ཁྲིད་སྟོན་གནང་སྲིད་པ་རེད། ཁྲིམས་སྦྱོར་ཞུ་ཡིག་ཞིག་ལ་ཆ་མཚོན་ན་ཁོང་གིས་བཟོ་བཅོས་ཐེངས10མན་ལས་མི་ཉུང་བར་མཛད་ཅིང་ཐ་ན་ཚེག་རྟགས་ཙམ་ཡན་ལའང་ཞིབ་གཟིགས་ལེགས་པོ་གནང་བ་རེད།  ལས་ཀའི་ཐད་ལ་གནོན་ཤུགས་ཆེན་པོ་ཡོད་དུས་ཁོང་གིས་ནམ་རྒྱུན་སྐྲག་མི་དགོས། ང་རང་ཁྱེད་ཚོའི་སྲ་ཞིང་བརྟན་པའི་རྒྱབ་སྐྱོར་ཡིན།  ཁྱེད་ཚོར་བདེན་རྩ་ཡོད་ན་དཔའ་ཞུམ་མི་དགོས་ཞེས་གསུངས་པ་རེད་ཅེས་བཤད་བྱུང་།

      སྤྱི་ཚོགས་ཐོག་སུའུ་ཀྲི་པིང་ལ་མཁྲེགས་འཛིན་པ་ཞེས་སྙིང་རྗེ་མེད་པའི་མིང་ངན་ཞིག་ཐོགས་མོད།  འོན་ཀྱང་སེར་ཤུལ་རྫོང་ལ་ཁོང་དང་མཉམ་དུ་ལས་དོན་སྒྲུབ་མྱོང་མཁན་ཙེང་ཝུན་ལིའི་སེམས་སུ་སུའུ་ཀྲི་པིང་ནི་བྱམས་དང་སྙིང་རྗེ་ཧ་ཅང་ཆེ་བའི་མི་ཞིག་ཡིན་པར་སྒོམ་བཞིན་ཡོད་པ་རེད། 1988ལོའི་དགུན་ཁར་མཚོ་འཕགས་སྨི4200ལྷག་ཡོད་པའི་སེར་ཤུལ་རྫོང་ལ་ཁ་བ་ཆེན་པོ་བབས་པ་རེད། སུའུ་ཀྲི་པིང་གིས་རྒྱུས་མེད་ཀྱི་ཕོ་གསར་ཞིག་ཁང་པ་རྙིང་ཧྲུལ་ཞིག་གི་ནང་དུ་འགྱེལ་འདུག་པ་ཐོས་ཚེ་རྐང་འཁོར་བཞོན་ནས་ཕོ་གསར་དེ་རང་གི་ཁྱིམ་དུ་ཁྲིད་ནས་ཟ་མ་ཚ་མོ་བྱིན་པ་དང་སྲིང་བལ་གྱོན་གོས་བསྐོན་པར་མ་ཟད།  འགྲོ་ཁར་ལམ་དངུལ་སྒོར80ཡང་སྤྲད་པ་རེད། སྐབས་དེར་ཁོང་གི་ཟླ་རེའི་གླ་ཕོགས་ནི་སྒོར64ལས་མེད།

      ལོ་ན49སོན་པའི་ཀུའུ་ཧ་མོ་ནི་བརྒྱད་ཟིལ་རྫོང་ཁེ་རྡོ་ཤང་ཧོར་སྡེ་གྲོང་སྡེའི་དུད་ཚང་དབུལ་པོའི་ཡ་གྱལ་ཞིག་ཡིན།  ཁོ་ཚང་ལ་ཕྲུ་གུ3ཡོད་པའི་ཐོག་ཆུང་མར་ན་ཚས་དགྲ་བས་ལས་ནུས་ཧ་ལམ་ཤོར་བ་དང་། ཁྱིམ་མི་ཡོངས་ཀྱི་ལོ་རེའི་འཚོ་རྟེན་ནི་ཀུའུ་ཧ་མོས་ཟུར་ལས་བསྒྲུབས་ནས་སྒོར་ཁྲི1མས་ཀྱི་ཡོང་འབབ་ལ་བརྟེན་དགོས་པ་རེད། ཏག་ཏག་སུའུ་ཀྲི་པིང་ནི་ཁོ་ཚང་ལ་ཆ་སྒྲིག་རོགས་སྐྱོར་བྱེད་མཁན་གྱི་ལས་བྱེད་པ་ཡིན་པ་རེད། སུའུ་ཀྲི་པིང་གིས་ཀུའུ་ཧ་མོས་ར་གསོ་འདོད་ཡོད་པའི་བསམ་ཚུལ་ཤེས་རྗེས་རྫོང་དང་འབྲེལ་བ་བྱས་ཏེ་དབུལ་སྐྱོར་གནད་སྨིན་གྱི་དངུལ་བུན་སྒོར་ཁྲི40ཁག་ཐེག་བྱས་ནས་ལོན་ཐབས་བྱས་པ་རེད།  ད་ལྟ་ཀུའུ་ཧ་མོའི་ཁྱིམ་ཚང་གིས་ར་གསོ་བའི་ཐོན་ལས་འཕེལ་རྒྱས་ཕྱིན་ནས་རེ་བའི་འབྲས་བུ་སྨིན་གྲབས་ཡོད་མོད། འོན་ཀྱང་སུའུ་ཀྲི་པིང་གིས་ཀུའུ་ཧ་མོའི་ཁྱིམ་མི་ཡོངས་ཀྱི་བཞིན་རས་སུ་མངོན་པའི་བདེ་སྐྱིད་ཀྱི་འཛུམ་མདངས་དེ་དུས་གཏན་དུ་མཐོང་ཐབས་བྲལ།

      སུའུ་ཀྲི་པིང་ལ་སྒེར་སེམས་ཅུང་ཙམ་ཡང་མེད་པ་སྟེ་ཁོང་གི་གཅེས་པའི་བུ་མོ་སློབ་གྲྭར་ཕྱིན་དུས་གཞུང་འཁོར་བཏང་ནས་བསྐྱལ་ཐེངས་གཅིག་ཀྱང་བྱེད་མི་མྱོང་ཞིང་། ཆུང་མར་མིག་ནད་ཕོག་ནས་ཐག་རིང་གྲོང་ཁྱེར་དུ་ནད་ལྟ་ས་འགྲོ་དུས་ཀྱང་ཁོང་གིས་དབང་ཆ་སྤྱད་དེ་གཞུང་འཁོར་ཐེངས་གཅིག་ཀྱང་བེད་སྤྱོད་བྱེད་མི་མྱོང་བ་རེད།

སུའུ་ཀྲི་པིང་ཚེ་ལས་འདས་རྗེས་ཁོང་གི་བུ་མོ་སུའུ་ཞིན་གྱིས་འཕྲིན་ཡིག་ནང་དུ་ཁྱོད་ཀྱིས་རྒྱུན་དུ་ང་ལ་སྲུང་སྐྱོབ་བྱེད་པ་དང་དུས་ནམ་ཡང་ང་ལ་དྲིན་དྲན་དང་གཞུང་དྲང་ཞིང་སྒེར་སེམས་མེད་པ།  སྣང་བ་སྐྱིད་པོ། ཁོག་རྒྱ་ཆེན་པོ་བཅས་ཀྱི་མི་ཞིག་བྱ་དགོས་པའི་བསླབ་བྱ་ཡང་ནས་ཡང་དུ་གནང་མྱོང་བ་མ་ཡིན་ནམ་ཞེས་བྲིས་འདུག

      ཁོང་ནི་གཞུང་དོན་ཆེད་དུ་རང་སྲོག་ལ་མི་འཛེམས་པའི་མི་ཞིག་ཡིན།

      སུའུ་ཀྲི་པིང་ཚེ་ལས་འགས་རྗེས་མཱ་ཡའོ་ཡིས་ཁོང་གི་ནད་ཐོ་ལས་མིག་གཡོན་པའི་ཤེལ་གཟུགས་ལ་གཤག་བཅོས་བྱས་མྱོང་པར་གཞི་ནས་གོ་ཞིང་སུའུ་ཀྲི་པིང་གིས་ཤེལ་མིག་བསྐོན་པའི་རྒྱུ་མཚན་ཡང་གཞི་ནས་ཤེས། གསང་བ་འདི་ལོ་མང་པོར་ལས་དོན་མཉམ་སྒྲུབ་བྱས་པའི་ཞིབ་དཔྱོད་ཁང་གི་ལས་གྲོགས་གཅིག་གིས་ཀྱང་ཤེས་མེད་པ་རེད།   2010ལོའི་ཟླ་བ6པའི་ཟླ་མཇུག་ཏུ།  སུའུ་ཀྲི་པིང་གིས་བྲག་འགོ་རྫོང་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན་གཞོན་པའི་འགན་བཞེས་སྐབས་ལས་བྱེད་ཉེན་རྟོག་པ་སྣེ་ཁྲིད་བྱས་ཏེ་ལྐོག་རྔན་དང་འབྲེལ་བའི་ཉེས་གསོག་གྱོད་གཞི་ཞིག་གི་ཁུངས་སྣེ་ཞིག་མྱུལ་ཞིབ་བྱེད་པའི་ཚེ། དུས་ཚོད་ཉུང་བའི་རྐྱེན་གྱིས་སུའུ་ཀྲི་པིང་གིས་ཉིན་མཚན4ངལ་གསོ་མི་བྱས་ནས་ལས་དོན་བསྒྲུབས་པ་རེད།  ལས་འགན་ལེགས་འགྲུབ་ཡོང་བའི་ཆེད་དུ་ཁོང་གིས་ངལ་གསོ་བྱེད་མི་དགོས་ལ་ཟ་མ་ཡང་བཟའ་མི་དགོས། ཉལ་ཡང་མི་དགོས། ཐེངས་ཤིག་རྒྱུ་ནོར་ལྐོག་ཟའི་གྱོད་གཞི་ཚབས་ཆེན་ཞིག་འགག་སྒྲོལ་བྱེད་པའི་གནད་འགག་གི་དུས་རིམ་དུ་སླེབས། ཁྲེང་ཏུའུ་ནས་གཟུགས་པོར་བརྟག་དཔྱད་གནང་བཞིན་ཡོད་པའི་སུའུ་ཀྲི་པིང་གིས་དོན་དག་དེ་གོ་རྗེས།  རང་ཉིད་ཀྱི་ནད་ལ་ཅང་མ་འཛེམས་ནས་ཆུ་ཚོད12རིང་རླངས་འཁོར་བསྡད་དེ་མཚན་མོ་ལས་ཁུངས་སུ་ཕྱིར་ལོག་ནས་བསྟུད་མར་ཉིན་མཚན3ལས་དོན་ལ་གཞོལ་བ་རེད།  ནད་པ་ཞིག་ལ་ཆ་མཚོན་ན་སུའུ་ཀྲི་པིང་ནི་སྨན་པའི་ཁར་མི་ཉན་མཁན་གྱི་ནད་པ་ཞིག་ཡིན་ཞིང་ཁོང་དང་སྨན་པའི་བར་ཁ་དན་བཞག་པ་དེ་ད་དུང་ལག་ལེན་ཐོབ་ཐུབ་མེད་ལ་ཐོབ་ཀྱང་མི་སྲིད་དོ།།

      སུའུ་ཀྲི་པིང་མ་འདས་གོང་དུ་ཁོང་གིས་རང་ཉིད་ཀྱིས་གྲོན་སོང་བཏང་ནས་ལས་ཁུངས་ཀྱི་ཉེན་རྟོག་པ་རྒན་བགྲེས་གསུམ་ཕྱི་རོལ་གྱི་ངོ་མཚར་འཇིག་རྟེན་ལ་ལྟད་མོ་བལྟ་ས་ཁྲིད་ཆོག་ཅེས་གསུངས་མྱོང་ན་ཡང་ཐེངས་འདིར་ཁོང་གིས་ཁ་དན་ཚིག་ལ་གནས་ཐབས་གཏན་ནས་བྲལ་སོང་།  ཡིན་ནའང་ཁོང་གིས་གཅེས་པའི་ཚེ་སྲོག་གིས་ཞིབ་དཔྱོད་བྱ་གཞག་ལ་གངས་རི་ལས་དཀར་བའི་ལེགས་སྐྱེས་བཟང་པོ་ཞིག་ཕུལ་བ་སུས་ཀྱང་བརྗེད་ཐབས་མེད་དོ།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་།
  • ལེ་ཚན་རྗེས་མ།:དར་མདོ་གྲོང་ཁྱེར་གྱིས་ཁྱོན་ཡོངས་ནས་སློབ་གསོའི་དམངས་ཕན་སྲིད་ཇུས་དོན་འཁྱོན་བྱས།
  • དོ་སྣང་ཆེ་བའི་རྩོམ།