ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པ་ཧྥ་རན་སེ་དང་ཧོ་ལན་ལི་ཐུ་ཝན་བཅས་རྒྱལ་ཁབ་གསུམ་ ལ་འཚམས་འདྲིར་བསྐྱོད་པ།

    མི་དམངས་དྲ་བ།    2019-10-31

     ཟླ་10ཚེས་14ཉིན་ནས་ཚེས་22ཉིན་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་ལས་ཁང་གིས་མངགས་པའི་ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པ་སྔ་རྗེས་སུ་ཧྥ་རན་སེ་དང་ཧོ་ལན། ལི་ཐུ་ཝན་བཅས་རྒྱལ་ཁབ་གསུམ་ལ་འཚམས་འདྲིར་བསྐྱོད་པ་རེད། ཚོགས་པ་དེ་ནི་བོད་རང་སྐྱོང་ལྗོངས་ཕྱི་ཕྱོགས་རིག་གནས་སྤེལ་རེས་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་འགྱུར་མེད་དབང་མཚོས་ཚོགས་གཙོ་འགན་བཞེས་པ་དང་། ཚོགས་མིའི་ནང་པེ་ཅིང་དང་བོད་ལྗོངས་ཀྱི་ལས་བྱེད་པ། བོད་རིག་པའི་མཁས་དབང་། བོད་ལུགས་གསོ་བ་རིག་པ་བཅས་འདུས་ཡོད།
      སྤེལ་རེས་ཚོགས་པས་སྲིད་ཕྱོགས་འགོ་བ་དང་། ས་གནས་དཔོན་རིགས། སློབ་ཆེན་གྱི་དགེ་སློབ། ཀྲུང་གོ་དང་མཛའ་མཐུན་རྩ་འཛུགས་ཀྱི་འགན་འཁུར་བ།  ཕྱིར་སྡོད་རང་མིའི་འགོ་འཛིན་སོགས་དང་ཕྱོགས་མང་པོའི་མི་སྣ་དང་ཐུག་འཕྲད་བྱས་པ་དང་། ཕྱི་ཕྱོགས་ཀྱིས་མཛའ་བརྩེ་ཆེན་པོས་སྣེ་ལེན་བྱས་ཡོད།
    སྤེལ་རེས་ཚོགས་པས་བཞུགས་མོལ་བགྲོ་གླེང་ཚོགས་འདུ་དང་། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ངོས་འཛིན་དང་བོད་ཀྱི་གསོ་བ་རིག་པའི་འཕེལ་རྒྱས་ཐད་ཀྱི་ཆེད་དོན་སྙན་ཞུ་ཚོགས་འདུ། བཅར་འདྲི་དང་ལེན། ས་གནས་དཔོན་རིགས་དང་ཐུག་འཕྲད་བཅས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། རང་གི་མཐོང་ཐོས་དྲན་རེག་བཤད་པའི་ལམ་ནས་བོད་ལྗོངས་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བའི་ཚུན། མི་རིགས་མཐུན་སྒྲིལ་དང་དཔལ་འབྱོར་སྤྱི་ཚོགས་ཐད་ཀྱི་འཕེལ་རྒྱས་དང་ཕྱི་ཕྱོགས་སུ་སྒོ་དབྱེ་པའི་གནས་ཚུལ་གསོན་ཉམས་ལྡན་པའི་ངང་ངོ་སྤྲོད་བྱས་ཤིང་། དཔེར་དྲངས་ནས་བོད་ཀྱི་རིག་གནས་ནི་ཀྲུང་ཧྭ་རིག་གནས་ཁྲོད་ཀྱི་མཚར་སྡུག་བཀྲ་བའི་མུ་ཏིག་ཅིག་ཡིན་པ་དང་། ཏཱ་ལའི་ཚོགས་པས་ཕྱི་ཕྱོགས་སུ་འབྲེལ་ཡོད་རྫུན་གཏམ་སྤེལ་བར་སྐྱོན་བརྗོད་བྱས་ཡོད། 
    ཧྥ་རན་སེའི་རྒྱལ་དམངས་གྲོས་ཚོགས་དང་གྲོས་ཁང་གོང་མ། ཧོ་ལན་གྱི་ཕྱི་འབྲེལ་པུའུ། ཧོ་ལན་དང་ཀྲུང་གོའི་མཛའ་གྲོགས་མཐུན་ཚོགས། ཨ་མོ་སུ་ཐེ་ཏན་རང་དབང་སློབ་ཆེན། ལི་ཐུ་ཝན་ལའོ་མེ་རེའུ་སི་སློབ་ཆེན། མ་གེ་ནུའུ་སི་སློབ་ཆེན་བཅས་སུ་སྤེལ་རེས་ཚོགས་པས་ཕྱི་ཕྱོགས་དང་བགྲོ་གླེང་གཏིང་ཟབ་བྱས་ཤིང་དྲི་བ་དྲིས་ལན་སྤེལ་རེས་བྱས། ཕྱི་ཕྱོགས་པས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ལི་དྷི་ཁྲེན་གྱིས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ངོས་འཛིན་ལམ་ལུགས་ཀྱི་རྒྱུད་རིམ་ངོ་སྤྲོད་བྱས་རྗེས། འདིའི་ཕྱོགས་ལ་རྒྱུས་ལོན་མང་ཙམ་བྱུང་བ་དང་། ཉེ་དགའ་ཕྱོགས་ལྷུང་མི་བྱུང་བར་ཕན་ཐོགས་འདུག་ཅེས་བསྔགས་བརྗོད་བྱས།
     འཚམས་འདྲི་བྱས་པའི་རིང་ལ། སྤེལ་རེས་ཚོགས་པས་ད་དུང་དེ་སྔོན་བོད་ལ་བཅར་འདྲིར་ཡོང་བའི་མི་སྣར་འཚམས་འདྲི་བྱས་པ་དང་། འབྲེལ་ཡོད་སློབ་ཆེན་སོགས་དང་གོམ་གང་མདུན་སྤོས་ཀྱི་སྤེལ་རེས་དང་མཉམ་ལས་ཀྱི་བསམ་འདུན་གཅིག་མཐུན་བྱུང་ཡོད། ཟླ་10ཚེས་22ཉིན། སྤེལ་རེས་ཚོགས་པ་ལི་ཐུ་ཝན་གྱི་རྒྱལ་ས་ཝེར་ནུའུ་སི་ནས་ཁ་བྲལ་བ་དང་། ཡོ་རོབ་ཀྱི་རྒྱལ་ཁབ་གསུམ་ལ་མཚམས་འདྲིར་སྐྱོད་པའི་ལས་ཀ་མཇུག་བསྒྲིལ་ཡོད།

  • ལེ་ཚན་སྔོན་མ།:དཔལ་འབྱོར་རིག་པ་མཁས་ཅན་གསུམ་ལ་དབུལ་ཕོངས་ཉུང་གཏོང་ཞིབ་འཇུག་གྲུབ་འབྲས་ལས་2019ལོའི་ནོར་པེར་དཔལ་འབྱོར་རིག་པའི་བྱ་དགའ་ཐོབ་པ།
  • ལེ་ཚན་རྗེས་མ།:4Gནས5Gལ་འགྱུར་རྗེས་འཚོ་བར་འགྱུར་ལྡོག་འདི་འདྲ་འགྲོ་ངེས།
  • དོ་སྣང་ཆེ་བའི་རྩོམ།