རྒྱ་བོད་བར་ཇི་སྲིད་བར་དུ་ཁྱིམ་མི་གཅིག་ལྟར་བརྩེ།

དབྱངས་ཅན་དང་ཀུན་དགས་བསྒྱུར།        2019-10-21

དཀར་མཛེས་རྫོང་གི་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་དང་དགེ་རྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པའི་དྲན་གསོ་ཁང་དུ་བསྐྱོད་པའི་ཟུར་བྲིས།

རྒྱ་བོད་བར་ཇི་སྲིད་བར་དུ་ཁྱིམ་མི་གཅིག་ལྟར་བརྩེ།

    སྤྱི་ཟླ10པར་སི་ཁྲོན་ནུབ་རྒྱུད་མཐོ་སྒང་དུ་རི་བོ་མཐོ་ཞིང་ཁ་བ་བབ་པ་དང་ཤིང་སྡོང་སེར་ལམ་མེར་གྱུར་ནས་སྟོན་ཁའི་མཛེས་སྡུག་གི་རྣམ་པ་རབ་ཏུ་ལྡན་པ་རེད། དཀར་མཛེས་རྫོང་གི་རྫོང་མཁར་དུ་འགྱིང་ངེར་གནས་བཞིན་པའི་དྲན་གསོ་ཁང་དེ་ནི་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་དང་དགེ་རྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པའི་དྲན་གསོ་ཁང་རེད། དྲན་གསོ་ཁང་དེར་དགེ་རྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པས་དམར་དམག་ལ་རྒྱབ་སྐྱོར་བྱས་པ་དང་མེས་རྒྱལ་ལ་དགའ་བ། གསར་བརྗེའི་ལས་དོན་ཆེད་དུ་རང་སྲོག་འདོར་བའི་མི་སེམས་འགུགས་པའི་མཛད་རྗེས་བཀོད་ནས། རྒྱ་བོད་མི་རིགས་སྤུན་ཟླ་ཚོས་ནམ་ཡང་ལེན་བྱེད་བཞིན་པའི་མི་རིགས་མཐུན་སྒྲིལ་གྱི་བསྟོད་གླུ་དུམ་བུ་འདི་མི་རབས་ནས་མི་རབས་ལ་ཁྱབ་འགྲོ་བ་རེད།

    དགེ་རྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པ་ནི1903ལོར་དཀར་མཛེས་རྫོང་བེ་རི་ཡུལ་ཤོག་བདེ་སྐྱིད་སྟེང་གྲོང་སྡེའི་ཞིང་པ་དབུལ་ཕོངས་ཤིག་གི་ཁྱིམ་དུ་སྐུ་འཁྲུངས་པ་རེད། དགུང་ལོ7གྱི་སྐབས་སུ་དཀར་མཛེས་རྫོང་བེ་རི་དགོན་པའི་སྤྲུལ་སྐུར་ངོས་འཛིན་བྱས། ལོ་ན17གྱི་སྐབས་སུ་ལྷ་སའི་དགའ་ལྡན་དགོན་པར་ཆོས་ཞུས་ནས་ལོ8འགོར་རྗེས་ལྷ་རམ་པ་དགེ་བཤེས་ཀྱི་སྦྱངས་གནས་རག་ནས་ཕ་ཡུལ་དུ་ཕྱིར་ལོག་ནས་བེ་རི་དགོན་པའི་དགོན་བདག་བྱས་པ་རེད།

རྒྱ་བོད་བར་ཇི་སྲིད་བར་དུ་ཁྱིམ་མི་གཅིག་ལྟར་བརྩེ།

    དགེ་རྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པ་ནི་གཞུང་དྲང་དང་དགེ་སེམས་ལྡན་པ་དང་མི་སེར་དབུལ་ཕོངས་ལ་རོགས་རམ་བྱེད་སྙིང་སྤྲོ་བའི་མི་ཞིག་ཡིན་སྟབས། བོད་ཁུལ་མང་ཚོགས་ཀྱིས་ཁོ་རང་ལ་ཧ་ཅང་བརྩི་འཇོག་བྱེད་བཞིན་པ་རེད། 1936ལོའི་དཔྱིད་ཁར་དམར་དམག་རྒྱང་སྐྱོད་བྱས་ཏེ་བོད་ཁུལ་དུ་སླེབས་སྐབས། གོ་མིང་ཏང་ལོག་སྤྱོད་ཕྱོགས་ཁག་གིས་ལྗར་འགོག་དམག་འཁྲུག་ལ་བཀག་འགོག་བྱས་ནས། གུང་ཁྲང་ཏང་དང་དམར་དམག་ལ་དཀྲོག་གཏམ་བཟོས་ཏེ་དམའ་འབེབས་ཚབས་ཆེན་བྱས་པ་དང་། བོད་ཁུལ་མང་ཚོགས་ཀྱིས་དམར་དམག་ལ་འབྲུ་རིགས་དང་གཟན་རྩྭ་མཁོ་འདོན་བྱེད་མི་ཆོག་ཅེས་བརྡ་ཁྱབ་བཏང་ནས། དམར་དམག་ལ་རོགས་སྐྱོར་བྱེད་པར་ནན་འགོག་བྱས་ཏེ་དམར་དམག་རེ་ཐག་ཆོད་པའི་གནས་སུ་བཞག་པའི་རེ་ངན་བཏོན་པ་རེད།

    དམར་དམག་དཀར་མཛེས་རྫོང་དུ་སླེབས་རྗེས། བོད་མིའི་ཆོས་དད་དང་ཡུལ་སྲོལ་གོམས་འདྲིས་ལ་བརྩི་སྲུང་བྱེང་ཅིང་དམར་དམག་གར་སླེབས་སར་སྒྲིག་ལམ་བསྡམས་ནས་གནོད་འཚེ་སྤུ་ཙམ་གཏོང་མེད་པ་རེད། དམར་དམག་གི་ལས་བྱས་དངོས་སུ་མཐོང་ནས་དགེ་རྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པས་མི་དམངས་ལ་བདེ་སྐྱིད་སྐྲུན་ནུས་པའི་དམག་དཔུང་ཞིག་ཡིན་ཐག་ཆོད་ནས་དམར་དམག་དང་ཉེ་བཅར་བྱེད་པའི་སེམས་ཐག་བཅད་པ་རེད། ཁོང་གིས་རང་ཉིད་ཀྱི་ཐོབ་ཐང་དམིགས་བསལ་ལ་གཞིགས་ནས། བོད་ཁུལ་གྱི་མི་དམངས་སྣེ་ཁྲིད་ནས་དམར་དམག་ལ་འབྲུ་རིགས་དང་གཟན་རྩྭ་གྲ་སྒྲིག་བྱས་པར་མ་ཟད། ད་དུང་མང་ཚོགས་ལ་ཏང་དང་དམར་དམག་གི་སྲིད་ཇུས་དྲིལ་བསྒྲགས་བྱེད་གང་ཐུབ་བྱས་པ་དང་། ཁོང་གི་སྣེ་ཁྲིད་འོག་བོད་རིགས་སྤུན་ཟླ་མི་ཉུང་བ་ཞིག་གིས་དོགས་པ་བསལ་ནས་ཁྱིམ་དུ་ཕྱིར་ལོག་ནས་དམར་དམག་གི་ལོ་ཙཱ་བ་དང་། ཕྱོགས་སྟོན་པ། རྨས་སྐྱོན་ཐེབས་པའི་དམར་དམག་ལ་རོགས་སྐྱོར་བྱ་རྒྱུ་སོགས་བྱས་ཏེ་གསར་བརྗེའི་བྱ་གཞག་ལ་བྱས་རྗེས་གལ་ཆེན་བཞག་མྱོང་པ་རེད།

རྒྱ་བོད་བར་ཇི་སྲིད་བར་དུ་ཁྱིམ་མི་གཅིག་ལྟར་བརྩེ།

    དགེ་རྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པས་དམར་དམག་ལ་རྒྱབ་སྐྱོར་བྱས་པའི་བྱ་སྤྱོད་དེར་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་སྐུ་དངོས་སུ་བེ་རི་དགོན་དུ་ཕེབས་ནས་ཆོས་ལུགས་ལས་རིགས་ཀྱི་བསམ་ཤེས་ཅན་གྱི་མི་སྣ་འདིར་བདེ་འདྲི་བྱེད་སར་ཕེབས་པ་དང་། མཛའ་བརྩེའི་ངང་བསམ་ཚུལ་བརྗེ་རེས་ཐེངས་མང་བྱས་པར་བརྒྱུད། ཁོང་རང་གིས་དམར་དམག་དང་གསར་བརྗེའི་བྱ་གཞག་ལ་སྔར་བས་ངོས་འཛིན་བྱེད་ཐུབ་པ་དང་། གུང་ཁྲང་ཏང་ལ་ཡིད་ཆེས་པ་དང་ནམ་ཡང་གསར་བརྗེ་ལ་རྒྱབ་སྐྱོར་བྱེད་པའི་སེམས་ཐག་བཅད་པར་མ་ཟད། ད་དུང་དམར་དམག་དང་མཛའ་གྲོགས་ཀྱི་འབྲེལ་བ་ཟབ་མོ་བཙུགས་པ་ནས་བཟུང་དགེ་རྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པས་དམར་དམག་ལ་དེ་བས་ཧུར་ཐག་ངང་རྒྱབ་སྐྱོར་བྱེད་པའི་བྱ་སྤྱོད་ནང་ཞུགས་པ་རེད།

    1936ལོའི་ཟླ་བ7པར། དམར་དམག་བྱང་ཕྱོགས་སུ་ལྗར་འགོག་དམག་འཁྲུག་ལ་བསྐྱོད་རྗེས་གོ་མིན་ཏང་དང་ལོག་སྤྱོད་ཡུལ་དཔོན་གྱིས་སླར་ཡང་སྡུག་རྩུབ་ཀྱི་བྱ་སྤྱོད་སྤེལ་ཏེ་ཀྲུང་ཧྭ་སུའུ་ཝེ་ཨེ་བོད་པ་སྲིད་གཞུང་གི་ཁོངས་མི་དང་ཧུར་བརྩོན་ཅན་དམར་གསོད་བཏང་ནས་དམར་དམག་ཁ་བྲལ་བའི་ཉིན་གཉིས་པར་མི40ལྷག་ལ་གནོད་འཚེ་བཏང་ཡོད་ཅིང་། དགེ་རྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པ་ཧང་སངས་ཤིང་། ཁོང་གིས་ཉེན་ཁ་ལ་མི་འཛེམས་ནས་འཐབ་རྩོད་བྱས་པར་མ་ཟད། ལོག་སྤྱོད་པ་དང་འབྲེལ་བ་དམ་ཟབ་ཡོད་པའི་འགོ་གཙོ་ལ་གནས་ལུགས་བརྗོད་པ་དང་། དམར་གསོད་བཀག་འགོག་གང་ཐུབ་བྱས་པས་མ་ཚད་འདི་ནའི་མང་ཚོགས་དང་མཉམ་དུ་ཁམས་བྱང་མཐོ་སྒང་དུ་བསྡད་པའི་དམར་དམག་རྨས་མ3000ལྷག་བདེ་འཇགས་ངང་གནས་སྤོས་པ་རེད། 1949ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་གཏམ་བཟང་དེ་བོད་རིགས་ས་ཁུལ་དུ་ཁྱབ་རྗེས། དགེ་རྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པ་དང་རྒྱལ་གཅེས་སྐུ་ཚབ་པ་ཁག་གཅིག་གིས་དགྲ་བོའི་བཀག་སྡོམ་མཚམས་ཐིག་ལས་བརྒལ་ཏེ་མཚོ་སྔོན་བརྒྱུད་དེ་པེ་ཅིང་དུ་ཕེབས་ནས་བློ་མཐུན་མའོ་ཙེ་ཏུང་དང་ཀྲུའུ་ཏེ། ཀྲོའུ་ཨེན་ལའེ་བཅས་ལ་གུས་འདུད་དར་ཆ་ཕུལ་བ་རེད། 1950ལོར་སི་ཁྲོན་བོད་རིགས་ས་ཁུལ་བཅིངས་འགྲོལ་བཏང་བ་དང་དགེ་རྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པ་ལྷོ་ནུབ་དམག་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ལྷོ་ནུབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བསྐོ་གཞག་བྱས། བློ་མཐུན་མའོ་ཙེ་ཏུང་དང་ཀྲུའུ་ཏེ་རྣམ་གཉིས་ཀྱིས་ཁོང་རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་ཚོགས་ཐེངས་གཉིས་པའི་དམིགས་བསལ་གདན་ཞུ་འཐུས་ཚབ་པར་གདན་འདྲེན་ཞུས་ནས་པེ་ཅིང་དུ་རྒྱལ་དོན་སྒྲུབ་པར་ཕེབས་པ་རེད། སྐབས་དེར་རྒྱལ་ཕྱིའི་དགྲར་འཛིན་སྟོབས་ཤུགས་ཀྱིས་བོད་ཞི་བས་བཅིངས་འགྲོལ་གཏོང་བར་འགོག་རྐྱེན་བཟོ་བའི་བྱ་སྤྱོད་སྤེལ་ཤུགས་ཆེ་རུ་བཏང་ནས་བོད་ཁ་ཕྲལ་གཏང་རྒྱུའི་རེ་ངན་བཅངས་ཡོད། དགེ་རྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པ་མཆོག་གི་རེ་འདུན་འོག་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་ཁོང་བོད་དུ་མངགས་ནས་བོད་ཀྱི་སྟོབས་ཤུགས་རྙིང་པའི་དོགས་པ་བསལ་ཏེ་གྲོས་མོལ་སྔ་ཙམ་བྱ་རྒྱུར་སྐུལ་མ་བཏང་སྟེ་བོད་ཞི་བས་བཅིངས་འགྲོལ་གཏོང་བའི་གྲོས་མཐུན་བཞག་པ་རེད། འགྲོ་ཁར་ཁོང་གིས་ང་བོད་ལྗོངས་ལ་བསྐྱོད་པ་དེ་བོད་མི་དམངས་རང་སྲོག་མི་གཏོང་བ་དང་སྔ་ཙམ་བཅིངས་འགྲོལ་ཐོབ་པའི་ཆེད་དུ་ཡིན། ངས་དངོས་སུ་དེ་གའི་མི་དམངས་དང་བླ་མ་རྣམས་ལ་མི་དམངས་སྲིད་གཞུང་དང་བཅིངས་འགྲོལ་དམག་ནི་བོད་མི་དམངས་ཀྱི་མགོན་སྐྱབས་ཡིན་ཞེས་བཤད་རྒྱུ་ཡིན་ཞེས་གསུངས་པ་རེད།

    སྟབས་མ་ལེགས་པར་དགེ་རྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པ་བོད་དུ་སྐྱོད་པའི་ལམ་བར་དུ་ངན་རེངས་སྟོབས་ཤུགས་ཀྱིས་བཀག་ནས་དུག་གིས་དཀྲོངས་པ་དང་། སྐབས་དེར་དགུང་ལོ47ལས་སོན་མེད། དཔའ་བོ་འདས་ཟིན་ཡང་རྒྱལ་གཅེས་སྙིང་སྟོབས་ཇི་སྲིད་བར་དུ་གནས། ཀྲུའུ་ཏེ་དང་དགེ་རྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པ་དབར་གྱི་མཛའ་བཤེས་ལ་དྲན་གསོ་ཞུ་ཆེད། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་གིས་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་དང་དགེ་རྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པའི་དྲན་གསོ་ཁང་བསྐྲུན་པ་རེད། སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་དང་དགེ་རྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པའི་དྲན་གསོ་ཁང་ནི་དཀར་མཛེས་རྫོང་ཕྱུག་རི་གླིང་མི་རིགས་ཡུལ་སྲོལ་གོམས་འདྲིས་གྲོང་སྡེར་བཞེངས་ཡོད། དྲན་གསོ་ཁང་དེ1991ལོར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས་ཆོག་མཆན་ཐོབ་ནས་བསྐྲུན་པ་དང་། 1993ལོར་ལས་མཇུག་འགྲིལ་ཡོད། ས་བཟུང་ཚད་སྨི་ངོས་གྲུ་བཞི་མ14000དང་བཞེངས་ཁྱོན་སྨི་ངོས་གྲུ་བཞི་མ1500ཟིན་ཡོད་པ་དང་། 2013ལོར་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་དང་དགེ་རྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པའི་དྲན་གསོ་ཁང་རྒྱ་བསྐྱེད་བཏང་ཡོད། སྤྱི་ཁོག་གི་བཞེངས་ཁྱོན་སྨི་ངོས་གྲུ་བཞི་མ1200མང་དུ་བཏང་བས་མ་ཚད་རིག་དངོས་སྲུང་སྐྱོབ་སྒྲིག་ཆས་དང་གློག་མིག གསང་སྤྱོད་ཁང་། རྐང་ལམ། འབུར་བརྐོས། དེ་བཞིན་སྐྱེད་ཚལ་སྔོ་འགྱུར་སོགས་དེང་རབས་སྒྲིག་བཀོད་ཁ་སྣོན་བྱས་ཡོད། དྲན་གསོའི་ཁང་ནང་དགེ་རྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པའི་ངོ་སྤྲོད་དང་དམར་དམག་རྒྱང་སྐྱོད། གསར་བརྗེའི་རིག་དངོས་སོགས་བཤམས་ཡོད། དེ་མིན་ཀྲུང་གོའི་བཟོ་ཞིང་དམར་དམག་གི་རྒྱང་སྐྱོད་ལམ་རིས་དང་དཀར་མཛེས་ཁུལ་གྱི་ཐབས་ལམ་ལམ་རིས། དམར་དམག་གི་ངོས་ཕྱོགས་དཔུང་ཚོགས་བཞི་པའི་ལམ་ཐིག་རི་མོ་བཅས་ཚུད་ཡོད་པ་རེད། སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་དང་དགེ་རྟག་སྤྲུལ་སྐུའི་དྲན་གསོ་ཁང་འཛུགས་དོན་ནི་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་དང་སྤྲུལ་སྐུའི་དབར་གྱི་མཛའ་བཤེས་ལ་ཕྱི་མིག་ལྟ་ཆེད་ཡིན་ཞིང་། ཞི་བདེའི་ལོ་རབས་སུ་འཚོ་བ་རོལ་བཞིན་པའི་ང་ཚོར་མཚོན་ན་དོན་སྙིང་ཧ་ཅང་ལྡན། ང་ཚོས་ནམ་ཡང་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་དང་དགེ་རྟག་སྤྲུལ་སྐུ་དབར་གྱི་མཛའ་བརྩེ་བརྗེད་མི་སྲིད་ལ་རྒྱ་བོད་ཁྱིམ་ཚང་གཅིག་དང་དམག་དམངས་ཁྱིམ་ཚང་གཅིག་གི་མི་སེམས་འགུལ་ཐེབས་པའི་གཏམ་རྒྱུད་དེ་བས་ཀྱང་བརྗེད་ག་ལ་སྲིད།།

  • ལེ་ཚན་སྔོན་མ།:སྐྱེ་ཁམས་སྲུང་ཡོལ་བརྟན་པོར་བཟོས་ཏེ་སྔོ་ལྗང་རི་ཀླུང་ཆུ་ཀླུང་ལ་སྲུང་སྐྱོང་ཡག་པོ་བྱ་དགོས
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་ས་ཆ་འདི་སི་ཁྲོན་གྱི་གནའ་གྲོང་ཆེས་ཡག་ཤོས་སུ་བདམས་འདུག
  • དོ་སྣང་ཆེ་བའི་རྩོམ།