བོད་ལྗོངས་ནོར་བུ་གླིང་ཁས་སྤོ་ཁྱེར་རུང་བའི་རིག་དངོས་ཁྲི1.6ཡོངས་བཤེར་བྱས་ཡོད།

ཡེ་ཤེས་ཀྱིས་བསྡུས་བསྒྱུར་བྱས།        2019-09-06

   2014ལོ་ནས་ནོར་བུ་གླིང་ཁས་རྒྱལ་ཡོངས་ཀྱི་སྤོ་ཁྱེར་རུང་བའི་རིག་དངོས་ཡོངས་བཤེར་ལས་ཀ་ཐེངས་དང་པོ་སྤེལ་འགོ་བཙུགས་པ་ནས་བཟུང་། ནོར་བུ་གླིང་ཁས་སྤོ་ཁྱེར་རུང་བའི་རིག་དངོས་ཁྲི1.6ཡོངས་བཤེར་ལེགས་གྲུབ་བྱས་ཡོད།

   ནོར་བུ་གླིང་ཁ་ནི་འཛམ་གླིང་གི་རིག་གནས་ཤུལ་བཞག་གི་གྲས་ཤིག་ཡིན་ལ། དུས་རབས18པའི་དུས་དཀྱིལ་དུ་བཙུགས་པ་དང་སྔོན་མ་ནི་རིམ་བྱུང་ཏྭ་ལའི་བླ་མའི་ཕོ་བྲང་ཡིན།མིག་སྔར། ནོར་བུ་གླིང་ཁས་ཡོངས་བཤེར་ལེགས་གྲུབ་བྱས་པའི་རིག་དངོས་ནང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རིག་དངོས25དང་། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་རིག་དངོས948  དེ་མིན་དགོན་པའི་ནང་འཇོག་ཡོད་པའི་རིག་དངོས་ཡོད་ཚད་ལ་ཡོངས་བཤེར་ལེགས་གྲུབ་བྱས་ཟིན།

   ནོར་བུ་གླིང་ཁ་དོ་དམ་ཁྲུའུ་རིག་དངོས་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་ཚེ་ཅན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ནོར་བུ་གླིང་ཁའི་རིག་དངོས་རིགས་མང་ཞིང་ཕུན་སུམ་ཚོགས་པོ་ཡིན་པ་དང་། གྲངས་འབོར་མང་བ། ལོ་རབས་བརྒལ་ཚད་ལོ1300ལ་ཟིན་ཡོད། ནང་བསྟན་གྱི་སྐུ་བརྙན་དང་གནའ་དཔེ་གསུང་རབ་ཀྱི་གསོག་ཚད་གཙོས་པར་ཕུད། ད་དུང་ཐང་ག་དང་། རྫ་ཆས། ཟངས་ཆས་སོགས་རིག་དངོས་འབོར་ཆེན་ཉར་ཚགས་བྱས་ཡོད།

   ཚེ་ཅན་གྱིས་ནོར་བུ་གླིང་ཁ་ནི་བོད་དུ་རིག་དངོས་ཉར་ཚགས་བྱེད་མང་ཤོས་ཀྱི་ས་ཆ་ཞིག་ཡིན་པ་དང་ཡོངས་བཤེར་གྱི་བརྒྱུད་རིམ་རྙོག་འཛིང་ཆེ་བས་ཆ་འཕྲིན་ཐོ་འགོད་བྱ་རྒྱུ་ཁོ་ནར་ལས་གཞི11ཡོད་པ་དེའི་ནང་རིམ་པ་དང་། རྒྱུ་ཆ། འབྱུང་ཁུངས། བོད་དུ་ཁྱེར་བའི་དུས་ཚོད་སོགས་ཚུད་ཡོད།  དེའི་ནང་རིག་དངོས་གལ་ཆེན་ཁག་གཅིག་ལ་ཟུར་ཚད་མི་འདྲ་བའི་པར་རིས་དཔྱད་ཡིག་པར་ལེན་བྱ་དགོས་ཀྱི་རེད།  གཞན་ཡང་ལས་དོན་མི་སྣས་རིག་དངོས་ཆ་འཕྲིན་ཐམས་ཅད་ཡོངས་ཁྱབ་ཞིབ་བཤེར་ལེགས་གྲུབ་བྱས་རྗེས《རྒྱལ་ཡོངས་ཀྱི་སྤོ་ཁྱེར་རུང་བའི་རིག་དངོས་ཆ་འཕྲིན་གྱི་ཐོ་འགོད་སྟེགས་བུ》ནང་ཕབ་འཇུག་བྱ་དགོས་ཞེས་བཤད་པ་རེད།

   ཚེ་ཅན་གྱིས་ཐེངས་དེའི་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་བྱེད་པའི་དམིགས་ཡུལ་ནི་ནོར་བུ་གླིང་ཁའི་རིག་དངོས་ཀྱི་གནས་ཚུལ་རྒྱུས་ལོན་བྱ་རྒྱུ་དེ་ཡིན་པས་སྤོ་ཁྱེར་རུང་བའི་རིག་དངོས་ཐོ་འགོད་དང་སྙན་སེང་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བར་ཕན་ཐོགས་ཐུབ་ཅིང་རིག་དངོས་ཉེན་མེད་ཡོང་བར་འགན་ལེན་བྱ་ཐུབ་པ་རེད།།    


  • ལེ་ཚན་སྔོན་མ།:《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ》པོད300ཡི་དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་པེ་ཅིན་དུ་འཚོགས།
  • ལེ་ཚན་རྗེས་མ།:ཁྲིམས་སྐྱོང་གི་དར་ཆེན་མཐོན་པོར་བསྒྲེངས་ནས་ཁྲིམས་ལྟར་བཅོས་སྐྱོང་རྒྱུན་ལྡན་བྱས།
  • དོ་སྣང་ཆེ་བའི་རྩོམ།